མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།གངས་ལྗོངས་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བདུན་པ་མདོ་ཁམས་རྫ་སེར་ཤུལ་དགོན་དུ་འཚོགས་པ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-09-19 12:23:24         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0919_1.jpgvMlརྗེ་ཙོང་ཁ་པའི་དྲ་བ།

དང་པོ། གངས་ལྗོངས་ཟབ་དོན་དབུ་མའི་བགྲོ་གླེང་གི་བརྒྱུད་རིམ།vMlརྗེ་ཙོང་ཁ་པའི་དྲ་བ།
      གངས་ལྗོངས་ཟབ་དོན་དབུ་མའི་བགྲོ་གླེང་ཞེས་ཡོངས་སུ་གྲགས་པའི་ནང་ཆོས་བགྲོ་གླེང་གི་ཚོགས་ཆེན་འདི་ནི། སྤྱི་ལོ་༢༠༡༠ ལོར་སེར་ཤུལ་དགོན་གྱི་བསྟན་བདག་ཁྲི་པ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱིི་རྒྱལ་མཚན་མཆོག་ལ་སེར་ཤུལ་དགོན་གྱི་ཁྲི་ཐོག་༤༤ པ་སེར་བྱེས་དགེ་བཤེས་བསྟན་འཛིན་ཡོན་ཏན་དང་། སེར་ཤུལ་དགེ་བཤེས་བཀྲ་ཤིས་བསོད་ནམས་སོགས་ཀྱིས་འདི་འདྲ་བའི་བགྲོ་གླེང་ཞིག་འཚོགས་ཐུབ་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ལྷག་པར་གནས་ལུགས་དང་རྒྱུ་འབྲས་ཀྱི་བློ་མིག་ལྡོང་ཞིང་རང་ལྟ་མཆོག་ཏུ་འཛིན་པའི་དུས་ངན་འདིར་འཇམ་མགོན་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀུན་གྱི་ཡང་སྙིང་ཟབ་མོ་དབུ་མའི་ཕྱོགས་ལ་དགོས་ཕན་ཆེན་པོ་ཡོད་པ་དང་། ལྷག་པར་སྐབས་བབ་ཀྱི་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་གཞུང་ཆེན་ཁྲིད་སྦྱོང་མཛད་བཞིན་པ་དག་ལ་ཕན་ཚུན་དོགས་སློང་སོགས་ཀྱིས་ཕན་པ་ཆེ་ལུགས་ཞུས་པ་ལས། དེ་བཞིན་དུ་ཐུགས་དགྱེས་པའི་ངང་ནས་ཞལ་བཞེས་དང་རྒྱབ་སྐྱོར་བླ་ན་མེད་པ་གནང་སྟེ་ཐེངས་དང་པོ་མདོ་ཁམས་རྫ་སེར་ཤུལ་དགོན་དུ་འཚོགས། སྐབས་དེར་སེ་འབྲས་དགེ་གསུམ་དང་། སྐུ་འབུམ་དགོན། རྔ་པ་ཀིརྟི་དགོན། རྔ་པ་སྒོ་མང་དགོན། རེབ་གོང་རོང་བོ་དགོན་ཆེན། འགོ་ལོག་རྭ་རྒྱ་དགོན་པ་དང་གཙང་དགོན་པ། ལབ་དགོན་པ། ཟིལ་དཀར་དགོན། དཀར་མཛེས་དགོན། བྲག་འགོ་དགོན། དར་རྒྱས་དགོན། རྫ་ཆུ་ཁའི་དགེ་ལུགས་པའི་དགོན་པ་ཁག་སོགས་ཀྱི་གཞུང་ལུགས་རབ་འབྱམས་རྒྱ་མཚོའི་ཕ་མཐར་སོན་པའི་མཁས་དབང་གདོང་ལྔའི་དབང་པོ་དག་གིས། རྒྱ་བོད་དབུ་མའི་གཞུང་གི་ལྡིང་ཁང་ནས་རིགས་པའི་རོལ་རྩེད་དང་ལུང་གི་རྔ་གསང་ལྡིར་བས་ཕན་ཚུན་བློ་སྐྱེད་ཀྱི་གྲུ་ཆར་བར་མེད་དུ་འཇོ་སྟེ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཟབ་མོ་ལྟ་བའི་ཕྱོགས་དེ་ཉིད་ཆེས་ཆེར་གསལ་བར་མཛད་པ་ནི། དེང་སྐབས་སུ་བགྲོ་གླེང་གི་མིང་བཏགས་ཏེ་གཏམ་འཆལ་དང་ཚིག་ངན་གྱིས་འུར་ཚོགས་དག་དང་གཏན་ནས་མི་མཚུངས་སོ། །vMlརྗེ་ཙོང་ཁ་པའི་དྲ་བ།
      དེའི་ཕྱི་ལོ་སྟེ་སྤྱི་ལོ་༢༠༡༡ ལོའི་ཟླ་༦ པའི་ནང་དུ་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་གཉིས་པ་མདོ་སྨད་ཨ་མདོ་རྩེ་ཁོག་བུ་རྒུ་དགོན་དུ་འཚོགས་ཤིང་། དབུ་མའི་གཞུང་གི་དཀའ་གནད་ཆེན་པོ་བརྒྱད་སོགས་ཀྱི་སྐོར་ནས་བགྲོ་གླེང་ལྷུག་པོ་གནང་སྟེ་བསྟན་ལ་སྨན་པའི་ལག་ལེན་དངོས་མ་ཞིག་ཏུ་གྱུར། སླར་ཡང་ལོ་དེ་གའི་ཟླ་༡༠ པའི་ནང་དུ་བགྲོ་གླེང་ཐེངས་གསུམ་པ་དེ་མདོ་ཁམས་རྫ་སེར་ཤུལ་དགོན་དུ་འཚོགས། སྐབས་དེར་དགོས་དབང་གིས་ཉིན་དང་པོ་གསུམ་ལ་འདུལ་བ་གཞི་གསུམ་གྱི་ཐད་ནས་དང་། ཉིན་ཐ་མ་གཉིས་ལ་སྔགས་ཀྱི་བསྐྱེད་རྫོགས་ཀྱི་སྐོར་ནས་བགྲོ་གླེང་གནང་སྟེ། དེང་གི་དུས་འདུལ་བསྟན་ཉམས་དམས་ཚབས་ཆེན་བྱུང་བཞིན་པའི་སྐབས་འདིར། གཞི་གསུམ་གྱི་ལག་ལེན་དངོས་ཀྱི་ཐོག་ནས་བགྲོ་གླེང་ལྷུག་པོ་གནང་བ་དེས། དགོན་སྡེ་མང་པོ་ཞིག་ལ་སྔོན་ཆད་དང་མི་འདྲ་བའི་བློ་སྐྱེད་དང་འཁྲུལ་སེལ་རྨད་དུ་བྱུང་བའི་གྲུབ་འབྲས་ཐོབ།vMlརྗེ་ཙོང་ཁ་པའི་དྲ་བ།
སྤྱི་ལོ་༢༠༡༢ ལོར་བགྲོ་གླེང་ཐེངས་བཞི་པ་མདོ་སྨད་ཨ་མདོ་འགོ་ལོག་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་འཚོགས། སྐབས་དེར་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་བཤེས་བླ་སྤྲུལ་མཁས་པ་སློབ་གསོ་བ་སོགས་སྔར་ལས་ཀྱང་མང་བ་ཕེབས་ཤིང་དབུ་མའི་གཞུང་གི་སྤྱི་དོན་གྱི་གནད་ཆེ་བའི་དྲི་བ་ཁག་གཅིག་གི་ཐོག་ལ་བགྲོ་གླེང་ལྷུག་པོར་གནང་ཞིང་འཇམ་མགོན་བླ་མའི་དགོངས་བཞེད་མཐར་ཐུག་པ་གསལ་བར་མཛད་དེ་ལོག་སྨྲ་འབྱུང་པོའི་གཏམ་གྱི་ཚང་ཚིང་དམིགས་མེད་དུ་བཅོམ་པའི་ཚུལ་སོགས་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་གྲུབ་འབྲས་ཐོབ།vMlརྗེ་ཙོང་ཁ་པའི་དྲ་བ།
      ལོ་དེའི་ཕྱི་ཟླ་ ༩ པའི་ནང་དུ་བགྲོ་གླེང་ཐེངས་ལྔ་པ་དེ་མདོ་ཁམས་རྫ་སེར་ཤུལ་དགོན་དུ་འཚོགས། སླར་ཡང་འདུལ་བ་དང་སྔགས་ཕྱོགས་ལ་བགྲོ་གླེང་གཙོ་བོར་བྱས་ཤིང་། མདོ་སྔགས་ཀྱི་གཞུང་དང་ལག་ལེན་མང་པོ་ཞིག་གི་གནད་དོན་གལ་ཆེན་ཁག་ཅིག་ལ་དཔྱད་པ་ན་ཞིབ་འཇུག་གི་གྲུབ་འབྲས་གཡུལ་དུ་ཟ་བ་མང་པོ་ཐོབ།vMlརྗེ་ཙོང་ཁ་པའི་དྲ་བ།
སྤྱི་ལོ་༢༠༡༣ ལོར་བགྲོ་གླེང་ཐེངས་དྲུག་པ་མདོ་སྨད་ཨ་མདོ་གཙང་དགོན་པ་དགའ་ལྡན་བཀྲ་ཤིས་དོན་འགྲུབ་རབ་བརྟན་གླིང་དུ་འཚོགས། སྐབས་དེར་རྗེ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་དབུ་མའི་སྐོར་ནས་བགྲོ་གླེང་མཛད་ཅིང་། རྗེ་བླ་མའི་རང་ལུགས་ཀྱི་ལྟ་བ་སྐྱོང་ལུགས་དང་དབུ་སེམས་ཀྱི་ལྟ་བའི་ཕྲ་རགས་དང་དྲང་ངེས་ཀྱི་ཁྱད་པར་ཞིབ་ཏུ་དཔྱད་དེ་དེར་འདུས་པའི་མདོ་དབུས་ཁམས་གསུམ་གྱི་དགེ་ལྡན་པའི་མཁས་དབང་ཡོངས་རང་ལུགས་གཙང་མ་སྐྱོང་ཚུལ་ལ་གཏིང་ཚུགས་པའི་བློ་སྐྱེད་བྱུུང་ཞེས་ཀུན་གྱིས་མཐུན་པར་གླེང་། དེ་ནས་ལོ་ཤས་རིང་གནད་དོན་འགའ་ཞིག་གིས་རྐྱེན་བྱས་ཏེ། བགྲོ་གླེང་འཇུག་སྐྱོང་མ་ཐུབ་རང་དགར་ལུས།vMlརྗེ་ཙོང་ཁ་པའི་དྲ་བ།

0919_2.jpgvMlརྗེ་ཙོང་ཁ་པའི་དྲ་བ།

གཉིས་པ། ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བདུན་པ་ད་ལོར་འཚོགས་པ།vMlརྗེ་ཙོང་ཁ་པའི་དྲ་བ།
      ཉེ་བའི་ཆར་བོད་རབ་གནས་མེ་སྤྲེལ་ལོའི་ཧོར་ཟླ་ ༦ ཚེས་ ༨ ནས་ ༡༠ བར་དང་། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༨ ཚེས་ ༡༡ ནས་ ༡༣ བར་ཉིན་གསུམ་གྱི་རིང་ལ། གངས་ལྗོངས་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བདུན་པ་དེ་མདོ་ཁམས་རྫ་སེར་ཤུལ་དགོན་དུ་འཚོགས། ད་ལོའི་བགྲོ་གླེང་ཚོགས་འདུ་དེ་དམིགས་བསལ་བ་ཞིག་སྟེ། གདན་ས་སེར་འབྲས་དགེ་གསུམ་ནས་ཕེབས་པའི་དགེ་བཤེས་ལྷ་རམས་པ་རྣམ་པའི་གཙོའི་དགེ་བཤེས་བཅུ་ཕྲག་གཉིས་ལྷག་དང་། སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་ཁྲིད་དགེ་རྒན་རྣམ་པ། པེ་ཅིང་བོད་རིག་པ་དཔེ་སྐྲུན་ཁང་གི་ལོ་རྒྱུས་མཁས་ཅན་རྒྱལ་མོ་འབྲུག་པ། པེ་ཅིང་བོད་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་འཇིགས་མེད་བསམ་འགྲུབ། དཀར་མཛེས་ཡིག་ཚགས་ཁང་གི་ཡིག་སྒྱུར་བ་དང་། རྩོམ་པ་པོ་གྲགས་ཅན་སྡེ་རོང་ཚེ་རིང་དོན་འགྲུབ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་ཐུབ་བསྟན་ཕུན་ཚོགས། དགེ་རྒན་དཀོན་མཆོག་བསྟན་འཛིན། དགེ་རྒན་ཤ་བོ་ཀླུ་རྒྱལ། བོད་རིག་པ་ཞིབ་འཇུག་ཁང་གི་བཀའ་བསྟན་དཔེ་བསྡུར་ཁང་གི་ལྡོང་ཆུ་ཤེལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེན་བྱམས་པ། དགེ་རྒན་དགེ་འདུན། དགེ་རྒན་རྨེ་རུ་ཡུལ་ལྷ་ཐར། དགེ་རྒན་ཀུན་དགའ། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་བསོད་ནམས་རྒྱལ། གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ཀྱི་འགོ་གཙོ་དགེན་དཀོན་མཆོག་རྡོ་རྗེ། བཙན་པོའི་མགར་གྱི་དྲ་བའི་གཙོ་བདག་ཁཱ་ཤེས་རབ་རྒྱ་མཚོ་སོགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་པ། ཆེད་མཁས་པ་སོགས་ཆོས་དང་རིག་གཞུང་ལ་མཁས་པ་བརྒྱ་ཕྲག་ལྷག་ཙམ་གདན་གཅིག་ཏུ་འཛོམས་ཏེ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ལྟ་བའི་སྐོར་དབུ་མ་ཐལ་འགྱུར་བའི་དཀའ་གནད་བརྒྱད་ཅེས་པ་དག་གི་དོན་ལ་ལུང་རིགས་ཀྱི་སྒྲུབ་བྱེད་རྒྱ་ཆེན་པོ་སྤྲོས་ཏེ་བརྒལ་བརྟགས་རིགས་ལམ་གྱིས་དཔྱད་པ་ཞིབ་མོ་མཛད་ཅིང་། ཆེད་མཁས་པ་སོ་སོའི་ཆེད་ལས་རང་བཞིན་ཅན་གྱི་ལོ་རྒྱུས་དང་རིག་གནས་སྣ་མང་ལ་བགྲོ་གླེང་ལྷུག་པོར་གནང་། དེ་ཡང་ཉིན་དང་པོར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གཙོ་སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་སྐུ་མགྲོན་གཙོ་བོ་ཁག་ཅིག་ངོ་སྤྲོད་དང་འབྲེལ་དབུ་འཛུགས་མདོར་འཛིན་མཛད། དེ་ནས་མདོ་ཁམས་རྫ་སེར་ཤུལ་དགོན་གྱི་བསྟན་བདག་༸ཁྲི་པ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་གྱིས། སྐུ་མགྲོན་རྣམ་པར་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲི་དང་འབྲེལ་དབུ་མའི་བགྲོ་གླེང་འདི་ཚོགས་དགོས་པའི་དམིགས་ཡུལ་དང་། སྤྱིར་ན་ཆོས་ལུགས་སོ་སོའི་ངོས་ཐད་ཀྱི་ཆོས་གཞུང་སློབ་གཉེར་གལ་ཆེ་ཚུལ་དང་། དེ་དང་ཆབས་གཅིག་ཏུ་ཆོས་ལུགས་མཐུན་སྒྲིལ་དམ་ཟབ་དགོས་ལུགས་སོགས་ནས་གསུང་བཤད་གལ་ཆེན་གནང་། དེ་ནས་དབུ་མའི་བགྲོ་གླེང་དངོས་གཞི་དབུ་འཛུགས་སྐབས་སུ། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་དབུ་མའི་བགྲོ་གླེང་གི་བརྒྱུད་རིམ་ངོ་སྤྲོད་དང་དམིགས་ཡུལ་སོགས་ནས་གསལ་བཤད་གནང་། དེ་ནས་མཁས་དབང་སོ་སོས་དཀའ་གནད་བརྒྱད་ཀྱི་སྐོར་དང་། བོད་ཀྱི་ལོ་རྒྱུས་སོགས་ཀྱི་སྐོར་ནས་གསུང་བཤད་རིམ་པ་བཞིན་དུ་གནང་ཞིང་། དེ་དག་ལ་དྲི་བ་དྲིས་ལན་སོགས་ཀྱི་སྒོ་ནས་དཔྱད་ཞིབ་ཡིད་ཚིམས་པ་མཛད། ཉིན་གཉིས་པར་སེར་ཤུལ་དགེ་བཤེས་བཀྲ་ཤིས་བསོད་ནམས་མཆོག་གིས་མདོར་འཛིན་མཛད་དེ། དགེ་བཤེས་ལྷ་རམས་པ་ཁག་ཅིག་དང་། སློབ་ཆེན་དགེ་རྒན་རྣམ་པ་རེས་མོས་ཀྱིས་གཞུང་དང་རིག་གནས་སྣ་ཚོགས་ལ་སྔར་ལྟར་བགྲོ་གླེང་དཔྱད་ཞིབ་གནད་ལ་ཁེལ་བ་མཛད། དགོང་མོར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གཉེར་བ་ཡོངས་མཉམ་འཛོམས་ཀྱིས་དམ་བཅའ་ཆེན་མོ་འཚོགས་ཏེ། སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཚུལ་ཁྲིམས་ལགས་ཀྱིས་ལྷ་རམས་པའི་དམ་བཅའ་བཞག་པ་ལ། དང་པོར་ཟུར་རྙིང་འཛིན་གྲྭས་ཚད་མ། ཕར་ཕྱིན་འཛིན་གྲྭས་ཕར་ཕྱིན། དབུ་མ་དང་འདུལ་བ་དང་མཛོད་གསུམ་ཡང་རང་རང་གི་ཐད་ཀའི་འཛིན་གྲྭ་སོ་སོས་ཁ་གསལ་ལ་བྱང་ཆ་ལྡན་པའི་རྟགས་གསལ་ཆུ་ཚོད་ཕྱེད་རེ་གཏོང་ཞིང་། ཆུ་ཚོད་གཉིས་དང་ཕྱེད་ཀྱི་རིང་བཀའ་པོད་ཆེན་པོ་ལྔའི་དམ་བཅའ་ཆེན་མོ་འཚོགས་ཏེ་སྐུ་མགྲོན་རྣམ་པར་གཟིགས་འབུལ་ཞུས།vMlརྗེ་ཙོང་ཁ་པའི་དྲ་བ།
      ཉིན་གསུམ་པར་སེར་བྱེས་དགེ་བཤེས་བློ་བཟང་ཡར་རྒྱས་མཆོག་གིས་མདོར་འཛིན་མཛད་དེ། གཙོ་བོ་སྤྱི་ཚོགས་སྟེང་གི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁག་གིས་རང་རང་ཆེད་མཁས་ཞིབ་འཇུག་མཛད་པའི་རིག་གནས་དང་ལོ་རྒྱུས། ཚན་རིག་དང་སྒྱུ་རྩལ་སྣ་ཚོགས་ཀྱི་སྐོར་ནས་གསུང་བཤད་དང་དྲི་བ་དྲིས་ལན་གྱི་སྒོ་ནས་སྔོན་ཆད་བྱུང་མ་མྱོང་བ་ལྟ་བུའི་བགྲོ་གླེང་ལྷུག་པོ་མཛད་དེ་བསམ་བློ་བརྗེ་རེས་ཀྱི་གླེང་སྟེགས་གལ་ཆེན་ཞིག་བསྐྲུན་པས། ཆོས་ལུགས་སྣ་ཚོགས་དང་སེར་སྐྱ་མཉམ་འདུས་ཀྱིས་གདན་ཐོག་གཅིག་ཏུ། བོད་ཀྱི་དགོན་སྡེའི་དགེ་བཤེས་དང་དགེ་རྒན་རྣམ་པ་དང་། སྤྱི་ཚོགས་སྟེང་གི་སློབ་ཆེན་དགེ་རྒན་ཁག་མཉམ་འདུས་ཀྱིས་ལྟ་གྲུབ་སྣ་མང་། ཆོས་ལུགས་སྣ་མང་། རིག་གནས་སྣ་མང་བཅས་ལ་བསམ་བློ་བརྗེ་རེས་ཀྱི་བགྲོ་གླེང་ལྷུག་པོ་གནང་བའི་ཚོགས་འདུ་འདི་ལྟ་བུ་སྔོན་ཆད་མཐོང་ཐོས་མ་མྱོང་ཞེས་དེ་འདུས་ཀུན་གྱིས་མཐུན་པར་གླེང་།vMlརྗེ་ཙོང་ཁ་པའི་དྲ་བ།
ཉིན་བཞི་པར་གདན་ཞུ་སྐུ་མགྲོན་རྣམ་པའི་གཙོའི་ཚོགས་འདུ་བ་ཡོངས་མདོ་ཁམས་རྫ་ཆུ་ཁའི་ས་གནས་སུ་ཆེས་གྲགས་ཆེ་ཞིང་། ལོ་རྒྱུས་རང་བཞིན་ལྡན་པའི་རྫ་དཔལ་དགེའི་མ་ཎི་རྡོ་འབུར་ལ་གནས་གཟིགས་དང་། དེ་ནས་བོད་ཀྱི་གནས་རི་གྲགས་ཅན་རྫ་ཡི་རྫ་རྒྱལ་འཕེན་ཕྱུག་ལ་རླུང་རྟ་བསང་གསོལ་དང་འབྲེལ་ཆེས་མཐོ་སྒང་གི་སྤང་ལྗང་ལ་སྤྲོ་གསེང་མཛད། ཕྱི་དྲོར་མདོ་ཁམས་རྫ་སེར་ཤུལ་དགོན་གྱི་རྟེན་གཙོ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཚེམས་དང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་ཕྲེང་། དཔལ་ནལེནྜའི་གཎ་ཌཱི། མཁས་གྲུབ་ཆོས་རྗེས་ཕྱག་བཟོའི་དམ་ཅན་ཆོས་རྒྱལ་སོགས་ཀྱི་གཙོའི་རྟེན་གཙོ་ཁག་ལ་གནས་མཇལ་མཛད།vMlརྗེ་ཙོང་ཁ་པའི་དྲ་བ།

0919_3.jpgvMlརྗེ་ཙོང་ཁ་པའི་དྲ་བ།

གསུམ་པ། གཞུང་ཆེན་བཀའ་པོད་ལྔ་མཐར་ཕྱིན་པའི་སྐབས་དང་པོའི་མཐོ་རིམ་རབ་འབྱམས་པའི་མཛད་སྒོ།vMlརྗེ་ཙོང་ཁ་པའི་དྲ་བ།
      བོད་རབ་གནས་མེ་སྤྲེལ་ལོའི་ཧོར་ཟླ་ ༦ ཚེས་ ༡༢ དང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༥ ཉིན། དབུ་མའི་བགྲོ་གླེང་ལ་ཕེབས་པའི་སྐུ་མགྲོན་རྣམ་པ་ཡོངས་དང་། སེར་ཤུལ་དགོན་པ་རང་གི་ཁྲི་ལས་ཟུར་རྣམ་པའི་གཙོའི་གྲྭ་ཚང་ཁག་བཞིའི་ལས་སྣེ་རྣམ་པ། དགེ་འདུན་སྟོང་གསུམ་ལ་ཉེ་བ་ཚོགས་ཆེན་གཙུག་ལག་ཁང་དུ་འཚོགས་ཏེ། གཞུང་ཆེན་བཀའ་པོད་ལྔ་མཐར་ཕྱིན་པའི་སྐབས་དང་པོའི་མཐོ་རིམ་རབ་འབྱམས་པའི་མཛད་སྒོ་དབུ་འཛུགས་གནང་། དེ་ལ་ཐོག་མར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གཙོ་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གིས། སྐུ་མགྲོན་གཙོ་བོ་ཁག་ཅིག་ངོ་སྤྲོད་དང་འབྲེལ་མཛད་སྒོའི་དམིགས་ཡུལ་དང་བརྒྱུད་རིམ་སོགས་གསལ་བཤད་གནང་། དེ་ནས་སེར་ཤུལ་དགོན་གྱི་བསྟན་བདག་༸ཁྲི་པ་རིན་པོ་ཆེ་ ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གིས། སྤྱིར་སེར་ཤུལ་དགོན་དང་ལྷག་པར་མཐོ་རིམ་ནང་བསྟན་སློབ་གླིང་གི་བརྒྱུད་རིམ་ངོ་སྤྲོད། ཕྱི་ནང་གི་དཀའ་ཁག་མང་པོ་ཞིག་ལ་གདོང་ལེན་བྱས་ཏེ་རྒྱུན་རིང་འབད་བརྩོན་ལྷོད་མེད་དང་ཕྱ་བ་གྲུ་འདེགས་བྱས་པའི་ཚུལ་སོགས་དང་། སློབ་མ་སྐྱོང་ལུགས་ཀྱི་ཆ་ནས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་སློབ་གཉེར་བ་མང་པོ་ཡོད་པ་རྣམས་ལ་ལྟ་སྟངས་དང་སྐྱོང་ལུགས་གཅིག་གྱུར་ཡིན་ལུགས་དང་། བསླབ་བྱའི་གཞུང་ཡང་ཕལ་ཆེ་བ་ཞིག་རྒྱ་གཞུང་དང་སྤྱི་གཞུང་ཡིན་ལུགས་དང་། མ་འོངས་པར་སློབ་གླིང་འདིའི་ནང་གི་སློབ་མ་ཆོས་བརྒྱུད་གང་ཞིག་ཡིན་ཡང་སློབ་སྦྱོང་གྲུབ་ནས་ཆོས་བརྒྱུད་དེའི་བསྟན་པ་ལ་ཕན་ཐོགས་པ་ཞིག་དང་། སློབ་གླིང་འདི་ནས་དགོན་པ་དང་ཆོས་བརྒྱུད་གཞན་གང་དུ་སོང་ཡང་། ཡུལ་དགོན་སོ་སོའི་ཆོས་བརྒྱུད་ཕན་ཚུན་དུ་བསྒྱུར་བ་སོགས་གཏན་ནས་མི་རུང་བའི་ཚུལ་སོགས་ལས་གསུང་བཤད་གནད་ཆེ་ལ་དོན་ཟབ་པ་མང་པོ་གནང་། དེ་ནས་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཤིས་གཞོན་པ་ནོར་བུ་རྒྱལ་མཚན་དང་། གདན་ཞུའི་ཁོངས་སུ་ཡོད་པའི་དབུས་ཀྱི་གདན་ས་གསུམ་དང་གཙང་བཀྲིས་ལྷུན་པོ་ནས་དངོས་སུ་ཕེབས་མ་ཐུབ་པ་རྣམས་ཀྱི་ཤིས་ཚིག་གནང་བ་རྣམས་སྒྲོགས་སྦྱང་གནང་། དེ་ནས་སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་གིས་རྒྱལ་ཁབ་ཀྱི་ཁྲིམས་སྲུང་དང་། དགོན་པའི་སྒྲིག་སྲུང་དགོས་པའི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གྱི་ནང་ནས་དགེ་འདུན་པའི་འཐུས་ཚབ་གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་གི་སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ་དང་། སྐྱ་བོའི་འཐུས་ཚབ་སྡེ་རོང་ཚེ་རིང་དོན་འགྲུབ་ལགས་གཉིས་ཀྱིས་མཛད་སྒོའི་མྱོང་ཚོར་དང་འབྲེལ་བའི་གསུང་བཤད་དགོན་པ་དང་སློབ་གླིང་ཚང་མས་སེམས་སུ་བཅངས་དགོས་པ་དང་། ལག་ལེན་ལ་ཁེལ་དགོས་པ་དག་གནང་།vMlརྗེ་ཙོང་ཁ་པའི་དྲ་བ།
      དེ་ནས་མཛད་སྒོའི་ལས་རིམ་གཙོ་བོ་ཞིག་ལ། ཕྱི་ལོ་ ༢༠༠༠ ལོར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གསར་དུ་བཙུགས་ནས་ད་ལོའི་བར་ལོ་བཅུ་དྲུག་རིང་ལ་བསྟན་བདག་ཁྲི་པ་རིན་པོ་ཆེས་དབུ་ཁྲིད་དེ། དགོན་པ་གྲྭ་ཚང་ཁག་གིས་རྒྱབ་སྐྱོར་བྱས། དགེ་རྒན་རྣམ་པས་རྒྱུན་རིང་འབད་འབུངས་ཀྱིས་སློབ་ཁྲིད་དང་སྒྲིག་ལམ་སོགས་ལ་ལྟ་སྐྱོང་བྱས། སློབ་གཉེར་བ་ཡོངས་ཀྱིས་བརྩོན་པ་ཆུ་བོའི་རྒྱུན་ལྟར་བྱས་པའི་འབྲས་བུར་ཐུན་མོང་རིག་གནས་དང་བསྡུས་གྲྭ་ཁག་གསུམ་གཞུང་ཆེན་གྱི་ཕྱོགས་ལ་གཞུང་གསར་སོགས་ཕར་ཕྱིན་གྱི་འཛིན་གྲྭ་ལྔ་དང་། དབུ་མ་གསར་རྙིང་། འདུལ་བ་གསར་རྙིང་། མཛོད་གསར་རྙིང་། སྔགས་ཀྱི་འཛིན་གྲྭ་བཅས་མདོ་སྔགས་རིག་གནས་དང་བཅས་པའི་འཛིན་གྲྭ་ཡོངས་སུ་ཚང་ཞིང་། དེ་དག་ལས་གཞུང་ཆེན་བཀའ་པོད་ལྔ་བསླབ་པ་མཐར་སོན་པའི་སྐབས་དང་པོའི་མཐོ་རིམ་རབ་འབྱམས་པ་ཉི་ཤུ་རྩ་གསུམ་བྱུང་བ་རྣམས་སློབ་གླིང་འདིའི་ཆེས་ཐོག་མའི་གྲུབ་འབྲས་དང་པོ་ཡིན་པས་མཐོ་རིམ་རབ་འབྱམས་པའི་ལག་ཁྱེར་དང་དཔང་ཡིག ལེགས་འབུལ་གྱ་ནོམ་པ་གནང་ཞིང་། དེ་དང་ཆབས་གཅིག་ཏུ་སྐབས་གཉིས་པའི་དབུ་མ་རབ་འབྱམས་པ་དགེ་འདུན་གྲངས་ཉི་ཤུ་རྩ་ལྔ་དང་། སྐབས་གཉིས་པའི་ཕར་ཕྱིན་འབྱམས་པ་བཞི་བཅུ་ཞེ་གཅིག་དང་། སྐབས་དང་པོའི་ཚད་མ་རབ་འབྱམས་པ་སུམ་ཅུ་སོ་བརྒྱད་བཅས་ལ་ཡང་རབ་འབྱམས་པའི་ཕྱག་ཁྱེར་དང་དཔང་ཡིག་ལེགས་འབུལ་བཅས་གནང་། དེ་ནས་མཐོ་རིམ་ནང་བསྟན་སློབ་གླིང་གི་རྐང་འཛིན་དགེ་རྒན་ཐུབ་དགའ། དགེ་རྒན་དོན་དགའ། དགེ་རྒན་བསྟན་པ་འཕྲིན་ལས་གསུམ་ལ་སེར་ཤུལ་དགོན་པའི་དགེ་བཤེས་ལྷ་རམས་པར་བསྐོ་བཞག་གིས་གྲོ་སོ་ཕྱེ་མ་སོགས་གཏེགས་ཏེ་རྟེན་འབྲེལ་ཞུས། དེ་ནས་སེར་ཤུལ་དགོན་གྱི་ཁྲི་ལས་ཐོག་པས། སེར་ཤུལ་དགོན་གྱི་བསྟན་བདག་བླ་མ་དང་དགོན་པའི་གཞུང་ཁག་བཞིའི་སྐུ་ཚབ་གནང་སྟེ། མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་རྣམ་པར་ལོ་བཅུ་དྲུག་གི་རིང་སློབ་ཁྲིད་དང་སྒྲིག་འཛུགས་སོགས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ལ་སྐུ་ངལ་ཚད་མེད་སྐྱོན་པར་བཀའ་དྲིན་ངོ་ཤེས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་མཐར། དགེ་བཤེས་དཀོན་མཆོག་ཐོས་བསམ་ནས་མཚན་ཐོ་སྒྲོགས་སྦྱང་གིས། དགེ་བཤེས་དང་དགེ་རྒན་ཉི་ཤུ་རྩ་བཞི་ལ་ཐུགས་རྗེ་ལེགས་འབུལ་དང་ཕྱག་རྟགས་གྱ་ནོམ་པ་གནང་།vMlརྗེ་ཙོང་ཁ་པའི་དྲ་བ།

0919_4.jpgvMlརྗེ་ཙོང་ཁ་པའི་དྲ་བ།

     དེ་ནས་མཇུག་མཐར་སློབ་གླིང་གི་སློབ་དཔོན་ཆེན་མོ་སེར་ཤུལ་དགེ་བཤེས་བཀྲ་ཤིས་བསོད་ནམས་ཀྱིས། ཕྱོགས་མཐའ་ཁག་གི་སྐུ་མགྲོན་རྣམ་པ་དང་། བསྟན་བདག་བླ་མའི་གཙོའི་དགོན་པའི་ལས་བྱེད་རྣམ་པ། ལེགས་སྐྱེས་འབུལ་སའི་སློབ་གཉེར་བ་རྣམ་པ། དགེ་འདུན་འདུས་དམངས་བཅས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་ལེགས་པར་གྲུབ་པར་མཛད། དེའི་ཕྱི་དྲོར་ཆུ་ཚོད་གསུམ་པའི་ཐོག་ལ། སྐུ་མགྲོན་གལ་ཆེན་ཁག་གཅིག་མཉམ་ཞུགས་གནང་སྟེ། དགེ་བཤེས་དཀོན་མཆོག་ཐོས་བསམ་གྱིས་གཙོ་སྒྲུབ་གནང་བའི་སེར་ཤུལ་དགོན་བྱང་ཆུབ་འོད་གཞུང་སྒྲུབ་ཁང་དང་། བྱང་ཆུབ་འོད་དྲ་ཚིགས་ཤར་གཏོང་གི་མཛད་སྒོ་ལེགས་པར་བསྡུས། དེ་ནས་ཉིན་ལྔའི་རིང་གི་བགྲོ་གླེང་དང་མཛད་སྒོ་སོགས་ཀྱི་དགེ་བསྔོ་ལྟ་བུར་དགེ་བཤེས་རྣམ་པའི་གཙོའི་སྐུ་མགྲོན་རྣམ་པ་དང་། མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་འདུན་པ་ཡོངས་མཉམ་འཚོགས་ཀྱིས་བླ་མ་མཆོད་པའི་ཚོགས་མཆོད་རྒྱ་ཆེན་ཞིག་དང་། མཇུག་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བསྔོ་བས་རྒྱས་བཏབ་སྟེ་ཐེངས་འདིའི་བགྲོ་གླེང་དང་མཛད་སྒོ་ཐམས་ཅད་སྤྱིར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་རྒྱུར་འགྱུར་བ་དང་། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་རྒྱུར་འགྱུར་བའི་བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུས། དེའི་དགོང་མོར་སྐུ་མགྲོན་རྣམ་པ་སེར་ཤུལ་རྫོང་ཐོག་ཏུ་གདན་ཞུས་ཀྱིས་བྱང་སྡེ་ཉི་མ་གསོལ་མགྲོན་ཁང་ཆེན་མོར་གསོལ་ཚིགས་རྒྱས་པ་གནང་། དེ་དང་སྟབས་གཅིག་ཏུ་མདོ་དབུས་ཁམས་གསུམ་དུ་སྙན་གྲགས་ཆེ་བའི་གླུ་བ་གླུ་མ་ཁག་གཅིག་གིས་བྲོ་གར་དང་གླུ་དབྱངས་སྣ་ཚོགས་ཕུལ་ཞིང་། བགྲོ་གླེང་དང་མཛད་སྒོ་ལེགས་གྲུབ་ཀྱི་དགའ་སྟོན་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱས་ཏེ་བཀྲ་ཤིས་ལུགས་ལེགས་ཀྱི་ངང་ནས་མཇུག་གྲོལ་བ་བྱས་སོ། །vMlརྗེ་ཙོང་ཁ་པའི་དྲ་བ།

0919_5.jpgvMlརྗེ་ཙོང་ཁ་པའི་དྲ་བ།

      ཞེས་གངས་ལྗོངས་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བདུན་པ་དང་། བཀའ་པོད་ལྔ་མཐར་ཕྱིན་པའི་སྐབས་དང་པོའི་མཐོ་རིམ་རབ་འབྱམས་པའི་མཛད་སྒོ་གཉིས་མདོ་ཁམས་རྫ་སེར་ཤུལ་དགོན་དུ་འཚོགས་སྐབས་ཀྱི་གནས་ཚུལ་མདོར་བསྡུས་སུ། རྗེ་ཙོང་ཁ་པའི་དྲ་ཚིགས་ཀྱི་རྩོམ་སྒྲིག་པས། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ཉིན།vMlརྗེ་ཙོང་ཁ་པའི་དྲ་བ།

0919_6.jpgvMlརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K