མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ངེད་ཀྱི་སྐོར། > ནང་དོན་དངོས།

༄༅།།རྗེ་ཙོང་ཁ་པའི་ཞིབ་འཇུག་དྲ་ཚིགས་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2014-12-19 20:31:34     རྩོམ་པ་པོ།   མཁའ་འགྲོ་ཚེ་བརྟན།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།
        རྗེ་ཙོང་ཁ་པའི་ཞིབ་འཇུག་དྲ་ཚིགས༼  དྲ་གནས www.jetsongkhapa.org  ༽འདི་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་བསམ་བློའི་སྙིང་བཅུད་རྒྱུན་འཛིན་དང་ཁོང་གི་རིག་གཞུང་ཞིབ་འཇུག་དང་བརྗེ་རེས། སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དར་སྤེལ་བཅས་བྱ་ཆེད༢༠༡༠ལོའི་ཟླ༣པར་མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་ཏེ་བཙུགས་པ་ཞིག་ཡིན། ད་ལོར་དགེ་རྒན་གཅོད་པ་དོན་གྲུབ་དང་དགེ་བཤེས་ཡར་རྒྱས་རྣམ་གཉིས་ཀྱིས་སྔོན་གྱི་དྲ་ཚིགས་རྙིང་བའི་རྨང་གཞི་སྟེང་དུས་རབས་དང་མཐུན་ཞིང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ཟླ༥པ་ནས་འགོ་ཚུགས་ཏེ་སྔ་ཕྱི་ཐེངས་གསུམ་ལ་ཆེད་མཁས་པ་དང་དགེ་བཤེས་མང་པོ་མཉམ་དུ་བསྡུས་ནས་དྲ་ཚིགས་གསར་བསྒྱུར་གྱི་ཐད་ལ་བགྲོ་གླེང་དང་བསམ་འཆར་བསྡུ་ལེན་བྱས་མཐར། དྲ་ཚིགས་སྒྲིག་བཟོ་བ་དང་རྩོམ་སྒྲིག་པས་དྲ་ཚིགས་ཀྱི་མ་ལག་གསར་བསྒྱུར་དང་། དྲ་ངོས་ཇུས་འགོད་དང་སྒྲིག་བཟོ། ནང་དོན་འཚོལ་བསྡུ་དང་རྩོམ་སྒྲིག་བཅས་དཀའ་ཚེགས་ཆེ་བའི་བྱ་བ་རྣམས་རིམ་གྱིས་ཁྱད་བསད་བྱས་ཏེ་དེ་རིང་མཁས་དབང་དང་དགེ་བའི་བཤེས་གཉེན་རྣམ་པའི་སྤྱན་ལམ་དུ་ཁ་དོག་གསེར་སྨྲིག་ཅན་གྱི་དྲ་ཚིགས་འདི་ཕུལ་ཐུབ་པ་བྱུང་བ་ལགས། དྲ་ཚིགས་འདི་ལ་བོད་ཡིག་གཙོ་བྱས་བོད་རྒྱ་ཡིག་རིགས་གཉིས་ལྡན་ཞིང་ལེ་ཚན་སྒྲིག་བཀོད་བྱས་པ་འོས་ཤིང་འཚམ་ལ་དྲ་ངོས་གྲལ་དག་པ། རྩོམ་ཡིག་རྣམས་གསལ་བར་མངོན་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན་པ་ཡིན།
        གཅིག ནང་དོན་གྱི་ཆ་ནས་བོད་ཡིག་གི་དྲ་ཚིགས་ལ་གསར་འགྱུར་དང་ལོ་རྒྱུས། ཆོས་འབྱུང་། རྗེ་ཙོང་ཁ་བའི་ཞབས་རྗེས། དགེ་ལུགས་པའི་གནས་ཆེན། གསུང་རབ། ལམ་རིམ་བློ་སྦྱོང་། དཔེ་ཁྲིད། ཆོ་ག་ཆོས་སྤྱོད། སྒྱུ་རྩལ། དུས་ཆེན། སྐད་ཡིག་ལ་འཇུག་པའི་སྒོ། ཁོར་ཡུག་དང་འཕྲོད་བསྟེན་བཅས་ལེ་ཚན་གཙོ་བོ༡༣ཡོད་ལ། ལེ་ཚན་གཙོ་བོ་རེ་རེའི་འོག་ཏུ་ཡན་ལག་གི་ལེ་ཚན་འགའ་རེ་ཡོད་པས་སྤྱིའི་བསྡོམས་པས་ཡན་ལག་གི་ལེ་ཚན༦༣ལྷག་ཡོད། དེ་དག་གི་ཁྲོད་ཅུང་ཐུན་མོང་མ་ཡིན་པའི་ལེ་ཚན་གཉིས་ཡོད་པ་ནི།གཅིག་དཔེ་ཁྲིད་ལེ་ཚན་དང་གཞན་གཅིག་ནི་གསུང་འབུམ་ལེ་ཚན་ཡིན། དཔེ་ཁྲིད་ལེན་ཚན་ལ་མདོ་དང་སྔགས། ལམ་རིམ་བློ་སྦྱོང་། ཐུན་མོང་རིག་གནས་བཅས་བཞི་ཡོད་ལ་མདོ་དང་སྔགས་ཀྱི་ནང་གསེས་སུའང་གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི་སོ་སོ་བཀར་ཡོད། ལེ་ཚན་འདིའི་ནང་དུ་གཙོ་བོ་མཁས་དབང་རྣམས་ཀྱི་འཆད་ཁྲིད་རྣམས་སྒྲ་དང་གཟུགས་གཉིས་ཀྱི་རྣམ་པའི་ཐོག་ནས་སྤེལ་བ་ཡིན། གསུང་རྩོམ་གྱི་ལེ་ཚན་ལ་བཀའ་འགྱུར་དང་བསྟན་འགྱུར། གསུང་འབུམ། མདོ། གསང་སྔགས། དགེ་ལུགས་པའི་སློབ་གཉེར། བཅའ་ཡིག་བཅས་བདུན་དང་ཡང་ལག་གི་ལེ་ཚན་དགུ་ཡོད་པ་ཡིན། ལེ་ཚན་འདིའི་ནང་གཙོ་བོ་མཁས་དབང་སོ་སོའི་གསུང་འབུམ་དང་མདོ་སྔགས་སྐོར་གྱི་གསུང་རྩོམ་རྣམསPDFཡིག་ཆའི་རྣམ་པ་སྤྱད་ནས་བལྟ་ཀློག་བྱེད་བདེ་བར་བྱས་ཡོད། དེ་མིན་གྱི་ལེ་ཚན་གཞན་དག་ལའང་ཡན་ལག་གི་ལེ་ཚན་འགའ་རེ་ཡོད་པས་ཡིག་ཆའི་རྣམ་པའི་སྟེང་ནས་བཤད་ན་ཡིག་རིགས་རྐྱང་མ་གཙོ་བྱསPDFདང་སྒྲ། གཟུགས་བཅས་གང་རུང་སྤེལ་ཆོག་པ་ཡིན། དེ་རིང་བར་བོད་ཡིག་གི་དྲ་ཚིགས་ནང་རྩོམ་ཡིག༨༠༠ལྷག་དང་གསུང་རྩོམ་པོད༦༠༠ལྷག སྒྲའི་ཡིག་ཆ༡༡༠༠ལྷག༼དུས་ཚོད་ལྟར་རྩིས་ན་ཕལ་ཆེར་དུས་ཚོད༧༠༠ལྷག༽བླུགས་ཟིན་ལ། དུས་ཚོད་ཀྱི་དབང་གིས་ད་དུང་གསུང་འབུམ་པོད༢༠༠ལྷག་དང་སྒྲའི་ཡིག་ཆ་ཕལ་ཆེར་དུས་ཚོད༢༠༠ལྷག་དྲ་ཚིགས་ནང་ལྡུག་མ་ཐུབ་པ་རྣམས་རྗེས་ནས་རིམ་བཞིན་དྲ་སྟེང་དུ་འགོད་རྒྱུ་ཡིན་པ་མ་ཟད། རྩོམ་ཡིག་གསར་བ་དང་གསུང་འབུམ་གསར་བ། སྒྲ་དང་གཟུགས་གང་རུང་གི་ནང་དོན་གསར་བ་རྣམས་དུས་ཐོག་ཏུ་གསར་དུ་བསྒྱུར་ངེས་ལགས།
        གཉིས། དྲ་ཚིགས་ཇུས་འགོད་ཀྱི་ཆ་ནས་བཤད་ན། རྗེ་ཙོང་ཁ་པའི་ཞིབ་འཇུག་དྲ་བའི་དོ་དམ་མ་ལག་ནི་རྒྱལ་ནང་དུ་སྐད་གྲགས་ཆེ་ཞིང་། རྩོམ་སྒྲིག་གི་ནུས་པ་བཟང་བ་དང་རྩོམ་སྒྲིག་བྱེད་བདེ་པོ་ཡིན་པའི་ECMSཞེས་པ་དེ་རྨང་གཞི་བྱས་ཐོག་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་ཨང་རྟགསUnicodeབཀོལ་ཆོག་པ་ལས་གཞན་དྲ་ཚིགས་རང་སྟེང་གི་དགོས་མཁོ་དང་བསྟུན་ཅི་ཐུབ་བྱས་ནས་གང་ལ་གང་འཚམ་གྱི་བྱེད་ནུས་གསར་བ་ཁག་གཅིག་ཁ་སྣོན་དང་དགོས་ངེས་ཀྱི་སྒྲིག་བཟོ་མང་པོ་བྱས་ནས་ཅུང་བརྟན་འཇགས་ཅན་གྱི་མ་ལག་ཞིག་ཏུ་བསྒྱུར་ཡོད། དྲ་ཚིགས་ཀྱི་འཆར་ངོས་ཡིན་ན་དེང་སྐབས་འཛམ་གླིང་སྟེང་རྒྱུགས་ཆེ་ཞིང་བྱེད་ནུས་ཕུན་སུམ་ཚོགས་པོ་ལྡན་པའིHTML5+CSS3གྱི་ཚད་གཞི་གཞིར་བཟུང་ནས་ཇུས་འགོད་བྱས་པ་མ་ཟད་སྒྲ་དང་གཟུགས་བརྙན་གཏོང་ཆས་དེ་མིག་སྔར་འཛམ་གླིང་སྟེང་བྱེད་ནུས་འཐུས་ཚང་དང་བཀོལ་མཁན་ཆེས་མང་བའིJplayerཞེས་པའི་གཏོང་ཆས་དེ་བཀོལ་ཡོད་སྟབས། རྩོམ་སྒྲིག་པས་ནང་དོན་རྩོམ་སྒྲིག་བྱེད་བདེ་བ་དང་། ཀློག་མཁན་གྱིས་ལག་ཁྱེར་ཁ་པར་དང་རྩིས་འཁོར། ལག་ཐོག་རྩིས་འཁོར་གང་རུང་ནས་དྲ་ཚིགས་ནང་གི་རྩོམ་ཡིག་དང་PDFཅན་གྱི་ཡིག་ཆ། སྒྲ་དང་གཟུགས་སོགས་ཚེགས་མེད་ངང་བལྟ་ཀློག་བྱེད་ཐུབ་པ་ཡིན། གཞན་བོད་ཡིག་མེད་པའི་ལག་འཁྱེར་ཁ་པར་དང་མ་ལགAndroidཅན་གྱི་ཁ་པར། ལག་ཐོག་རྩིས་འཁོར། དེ་མིན་རྩིས་འཁོར་གྱི་མ་ལགWindows7སྔོན་གྱི་རྩིས་འཁོར་སྟེང་བོད་ཡིག་གི་ཡིག་མཛོད་མེད་ནའང་བོད་ཡིག་ལེགས་པར་འཆར་ཐུབ་ཆེདWebfontཡི་ལག་རྩལ་གསར་བ་དེ་བཀོལ་ཡོད། དེ་མིན་དྲ་ཚིགས་ནང་གི་ནང་དོན་རྣམས་འཚོལ་བདེ་པའི་ཆེད་དུ་རྩོམ་ཡིག་འཚོལ་བཤེར་མ་ལག་ཞིག་ཀྱང་བཟོས་ཡོད་པས་ཀློག་པ་པོ་རང་ཉིད་ལ་མཁོ་བའི་རྩོམ་ཡིག་རྣམས་རྩོམ་ཡིག་གི་ཁ་བྱང་དང་རྩོམ་པ་པོ་གཉིས་ལས་གང་རུང་ལྟར་བཙལ་ན་ལེགས་པར་རྙེད་ཐུབ་བོ༎
 
རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K