མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །སྔགས་རིམ་སྨོན་ལམ་བཞུགས་སོ།། ༼ སྒྲ ༽

    སྤེལ་དུས།  2014-10-19 11:21:13         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        གསང་ཆེན་ལམ་གྱི་རིམ་པ་འདིར་འབད་པས། །རླབས་ཆེན་ཚོགས་གཉིས་མང་དུ་བསགས་པ་རྣམས། །མར་གྱུར་འགྲོ་བ་ཀུན་གྱི་རེ་སྐོང་བའི། །ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །དེས་ནི་ཚེ་རབས་ཀུན་ཏུ་དངོས་གྲུབ་གཞི། །ཐེག་མཆོག་བཤེས་གཉེན་འབད་པས་མཉེས་བྱས་ནས། །ཚུལ་བཞིན་བསྐུར་བའི་རྣམ་དག་དབང་བཞི་ཡིས། །ཟབ་མོའི་ལམ་གྱི་སྣོད་དུ་འགྱུར་བར་ཤོག །དེ་ཚེ་བླ་མ་དཔའ་བོ་དཔའ་མོའི་ཚོགས། །དཔང་དུ་བཞག་ནས་ལེགས་པར་ཁས་བླངས་པའི། །བསྲུང་དང་བཟའ་དང་བསྟེན་པའི་དམ་ཚིག་གི །བཅས་པའི་མཚམས་ལས་འདའ་བར་མ་གྱུར་ཅིག །རིམ་གཉིས་སྤྱོད་དང་བཅས་པའི་རྒྱུད་དོན་ལ། །   གཏུགས་པ་མེད་པའི་དྲི་མེད་རིགས་པ་ཡིས། །མ་རྟོགས་ལོག་རྟོག་ཐེ་ཚོམ་ཀུན་བཅད་ནས། ། བརྩོན་པས་སྒྲུབ་པ་སྙིང་བོར་བྱེད་པར་ཤོག །དེ་ལྟར་སློབ་པའི་རླབས་ཆེན་སྤྱོད་པ་ལ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་མཛད་པས། །བར་དུ་གཅོད་པའི་མིང་ཡང་མེད་པ་དང་། །  འདོད་པའི་རྐྱེན་རྣམས་ཡིད་བཞིན་འབྱོར་བར་ཤོག །བསྟན་པ་ཁོ་ན་ལྷར་བཅས་འགྲོ་བ་ཡི། །བདེ་ལེགས་ཀུན་གྱི་རྩ་བར་ཡིད་ཆེས་ནས། །ལུས་སྲོག་ཡལ་བར་གྱུར་ཀྱང་མི་གཏོང་བའི། །སྙིང་སྟོབས་ཆེན་པོས་དམ་ཆོས་འཛིན་གྱུར་ཅིག །གསང་དོན་ལེགས་པར་ཕྱེ་བ་འདི་ཡིས་ཀྱང་། ། ཐེག་པ་མཆོག་གི་བགྲོད་པ་མཐའ་ཡས་ལ། །གཞུང་ལུགས་གདམས་པར་འཆར་བའི་རྐྱེན་བྱས་ནས། །བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག །མཚམས་སྤྲིན་གཞོན་ནུས་འཁྱུད་པའི་གསེར་གྱི་རིས། །ཨིནྡྲ་ནཱི་ལའི་ཐོར་ཅོག་བཅིངས་པ་བཞིན། །དམར་སེར་སྐུ་ཡིས་ཡིད་འཕྲོག་གང་གི་གཙུག །མཐོན་མཐིང་རལ་བའི་ཟུར་ཕུད་ལྔས་མཛེས་པའི། །འཇམ་དབྱངས་དེ་ཡིས་ཚེ་རབས་ཀུན་དུ་བདག །དགྱེས་བཞིན་རྗེས་སུ་བཟུང་བའི་དྲིན་ལས་ནི། །གཏིང་དཔག་དཀའ་བའི་ཆོས་ཚུལ་རྒྱ་མཚོ་ལ། །བློ་གྲོས་ཐོགས་པ་མེད་པར་འཇུག་པར་ཤོག ། རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །བློ་བཟང་བསྟན་པའི་སྒྲོན་མེས་ས་གསུམ་གྱི། །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག ། སྤྱིར་ཐུབ་བསྟན་ཡུན་རིང་གནས་པ་དང་། །སྒོས་ཞྭ་སེར་ཅོད་པན་འཆང་བའི་སྡེ། །དཔལ་མཉམ་མེད་རི་བོ་དགེ་ལྡན་པ། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །འདི་དང་དུས་གསུམ་འབྲེལ་བ་ཡི། །དགེ་རྩ་ཇི་རྙེད་བསགས་པ་ཀུན། །མ་གྱུར་སེམས་ཅན་ཐམས་ཅད་ཀྱི། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །དཔོན་སློབ་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ནད་དང་བགེགས་སོགས་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ཆོས་ཚུལ་རྣམ་པར་འཕེལ་བ་ལ། །    བགེགས་ཀྱི་མཚན་མ་ཞི་བ་དང་། །མཐུན་རྐྱེན་མ་ལུས་ཚང་བར་ཤོག །བདག་དང་གཞན་གྱི་ དུས་གསུམ་དང་། །འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས། །རྒྱལ་བ་བློ་བཟང་གྲགས་པ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་། །བྱང་ ཆུབ་སེམས་པ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །འཇམ་དཔལ་དཔལ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་ གཞན་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཤཱཀྱའི་དབང་བོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེར་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པའི་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག ། རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ། །གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང་། །ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི། །དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི། །པར་དུ་བསྐྲུན་པའི་རྣམ་དཀར་དགེ་བའི་མཐུས། །ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་ བརྒྱ། །གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །ཅེས་པ་འདི་ནི་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ། །77Rརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K