མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་ལ་སྟོང་མཆོད་འབུལ་ཚུལ་བསོད་ནམས་མཐའ་ཡས་ཞེས་བྱ་བ་བཞུགས་སོ།།

    སྤེལ་དུས།  2017-03-16 22:55:41         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        ༄༅། །ཕུལ་བྱུང་མཁྱེན་དང་བརྩེ་བའི་སྤྱན་རས་ཀྱིས། །གཟིགས་པའི་ཆ་ཙམ་གང་ལ་ལྟུང་བས་ཀྱང་། །སྲིད་ཞིའི་རྒུད་པ་ཀུན་སེལ་སྐྱབས་ཀྱི་ཕུད། །འཕགས་མཆོག་ཕྱག་ན་པདྨས་རྟག་སྐྱོངས་ཤིག །སྙིགས་མའི་རྒུད་པ་ལྷག་པར་བདོ་བའི་ཚེ། །མགོན་འདི་ལས་ལྷག་སྐྱབས་གཞན་ཡོད་མིན་པས། །སྐལ་བཟང་བློ་དང་ལྡན་པའི་སྐྱེ་བོ་རྣམས། །འདི་ཉིད་བསྙེན་ཅིང་མཆོད་ལ་འབད་པར་རིགས།། དེ་ཡང་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེ་ཆེན་པོར་སྟོང་མཆོད་འབུལ་ཚུལ་མདོ་ཙམ་བརྗོད་པ་ལ། སྤྱིར་སྟོང་མཆོད་ཀྱི་ཁུངས་ནི་རྣམ་རྒྱལ་མའི་གཟུངས་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཏེ་བསྙེན་གནས་ལ་གནས་ཏེ་ལན་སྟོང་དུ་བཟླས་བརྗོད་བྱས་ན་སེམས་ཅན་ཚེ་ཟད་པའི་ཚེ་ཕྱིར་ནུར་བར་འགྱུར་རོ། །ནད་དང་བྲལ་བར་འགྱུར་རོ། །ཞེས་སོགས་ཀྱང་ཡིན་ལ། ཚིག་རིས་འདི་དང་ཆ་འདྲ་བ་ཞིག་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་མའི་གཟུངས་སུ་འང་འབྱུང་ངོ་། །ཁུངས་ཤིན་ཏུ་གསལ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པ་དང་བཅས་པ་ལས། དེ་ལྟར་བུས་ཆོ་གས་མཆོད་རྟེན་ལ་གཡས་སྐོར་གྱི་སྦྱོར་བས་པདྨའི་འདབ་མ་ལ་བྲི་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བྲིས་ལ། དེའི་རིང་བསྲེལ་གྱི་སྙིང་བོ་ཅན་དུ་བྱས་ལ་དྲི་ཞིམ་པོ་དང་བསྲེས་པའི་ཆུ་གཏོར་ཞིང་དྲི་ཞིམ་པོའི་མེ་ཏོག་གི་མཆོད་ལ་སྟོང་ཕྲག་གཅིག་གིས་མཆོད་པ་ཆེན་པོ་བྱས་ཏེ། དཀར་བོའི་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་སྨྱུང་བར་གནས་ཤིང་སེམས་ཅན་ཐམས་ཅད་ལ་ཕན་པའི་བློས་ཚེ་དང་བློ་སྟེར་བའི་ཡོན་བྱིན་ཏེ་སྟོང་ཕྲག་གཅིག་བཟླ་བར་བྱའོ།། ཟླ་བ་རེ་རེ་ཞིང་བྱས་ན་ཟླ་བ་དྲུག་གིས་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ།། རྟག་ཏུ་ལོ་གཅིག་ཏུ་བྱས་ན་ཚེ་ལོ་འབུམ་ཐུབ་པར་འགྱུར་རོ།། ཞེས་གསུངས་པ་འདི་ཡིན་ནོ།། ཡང་དེ་ཉིད་ལས། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཉི་མ་རེ་རེ་ཞིང་བརྒྱད་བརྒྱའི་བཟླས་པ་བྱའོ།། ཡང་ཟླ་བ་རེ་རེ་ལ་སྟོང་སྟོང་གི་མཆོད་པ་བྱས་ཤིང་སྟོང་སྟོང་གི་བཟླས་པ་བྱས་ན་ཚེ་དཔག་ཏུ་མེད་པ་དང་། ཞེས་སོགས་ཀྱིས་ཀྱང་འབྱོར་བ་རབ་ལ་མེ་ཏོག་སོགས་བཅུ་གཉིས་པོ་རེ་རེ་ནས་སྟོང་སྟོང་ཚང་བའི་སྟོང་མཆོད་དང་། འབྲིང་བརྒྱད་བརྒྱ་བའི་མཆོད་པ། ཐ་མ་ཅི་འབྱོར་གྱི་མཆོད་པ་བྱེད་ཚུལ་གསུམ་བསྟན་པར་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་སོ།། གཞན་ལ་དེ་འདྲའི་སྟོང་མཆོད་འབུལ་ཚུལ་གྱི་ཁུངས་གསལ་བ་མེད། དགོས་དོན་ཁྱད་པར་ཅན་ལ་དཔག་སྟེ་མན་ངག་གི་རྒྱས་བཀབ་ཆོག་པ་རྒྱུད་དང་གྲུབ་ཆེན་རྣམས་ཀྱི་དགོངས་པ་ཡིན་པར་མ་ཟད་རྗེ་བཙུན་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་ཀྱིས་ཀྱང་ཨ་རུ་རའི་སྟོང་མཆོད་ཅེས་སྨན་བླ་དང་སྦྱར་ཏེ་མཆོད་པ་དང་ཕྱག་སྐོར་བ་སོགས་སྟོང་ཚང་བར་བྱེད་ཚུལ་གྱི་ཆོ་ག་མཛད་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་ལག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ་ལས། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་བསླབ་པའི་གཞི་བརྒྱད་བཟུང་སྟེ། གོས་གཙང་མ་བགོས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུའམ། སངས་རྒྱས་ཀྱི་གཟུགས་ཀྱི་སྤྱན་སྔར་ཙནྡན་དཀར་བོའི་དཀྱིལ་འཁོར་བགྱིས་ལ་དེར་མེ་ཏོག་སྣ་ཚོགས་གཏོར་བར་བགྱི། བདུག་པས་ཀྱང་བདུག་པར་བགྱི། མར་མེ་ཡང་དབུལ་བར་བགྱིའོ།། སངས་རྒྱས་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པར་བགྱིའོ།། ཞེས་པའང་རྣམ་རྒྱལ་སྟོང་མཆོད་ཀྱི་ཁུངས་སྔར་དྲངས་པ་རྣམས་དང་འགྲོས་ཤིན་ཏུ་མཐུན་ཞིང་། འདིར་མཆོད་པ་ལས་ཟུར་དུ་གུས་པ་བསྐྱེད་པར་གསུངས་པ་ནི་བསྟོད་པ་དང་ཕྱག་སྐོར་བ་སོགས་ལ་གོ་དགོས་ཏེ། བློ་གྲོས་བསྟན་པའི་རྒྱན་གྱི་འགྲེལ་བཤད་དུ་དེ་དག་མཆོད་པ་དང་བཀུར་སྟི་གཉིས་སུ་བྱས་པའི་ཕྱི་མར་གསུངས་པ་བཞིན་ནོ།། དེས་ན་འདིར་སྟོང་མཆོད་འབུལ་ཚུལ་གྱི་རིམ་པ་ནི། ཐོག་མར་སྟེགས་བུ་གྲུ་བཞི་བའི་སྟེང་ཙནྡན་དཀར་བོའི་ལྡེ་གུས་བྱུགས་པའི་སྟེང་དུ་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བའམ་པདྨ་འདབ་བརྒྱད་བྲིས་པར་ཚོམ་བུ་འགོད་ཚུལ་སོགས་ཕྱག་ལེན་བཞིན་དུ་བྱས་ལ། མཆོད་གཏོར་སོགས་ཀྱང་སྨྱུང་གནས་ཀྱི་ཆོ་གའི་གཞུང་བཞིན་བཤམས། མདུན་བསྐྱེད་ལ་འབུལ་རྒྱུའི་མཆོད་པ་སོ་སོ་ནས་སྟོང་རེ་དངོས་ལམ་རི་མོ་བྲིས་པ་ཚུན་ཆད་ཀྱི་ཚང་བ་དང་། དེ་མ་འབྱོར་ན་ལྷ་བཤོས་མར་མེ་སྤོས་རྣམས་སྟོང་ཚང་བ། དེའང་མ་འབྱོར་ན་ལྷ་བཤོས་དང་མར་མེ་གང་རུང་སྟོང་ཚང་ཞིང་གཞན་རྣམས་ཅི་འབྱོར་བྱེད། རྣམ་རྒྱལ་སྟོང་མཆོད་སྐབས་གདུགས་དང་བ་དན་ལྡ་ལྡི་རྣམས་བསྣན་པ་ནི་གཟུངས་མདོ་ལས་སྔོན་གྱི་བྱུང་བ་གསུངས་ཚུལ་ཞིག་དང་བསྟུན་པར་སྣང་ལ། བྱ་རྒྱུད་སྤྱིའི་ལུགས་སུ་གོས་རྒྱན་གང་བུམ་རྣམས་གཙོ་བོར་གསུངས་པའི་འདིར་ཡང་དེ་བཞིན་བྱེད། ཁྱད་པར་དུ་བུམ་པ་འབུལ་བ་ནི་ཚིགས་བཅད་ཀྱི་ནང་དུའང་།j4xརྗེ་ཙོང་ཁ་པའི་དྲ་བ།

         ལས་དང་ཉོན་མོངས་དྲི་མ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག། ཅེས་འབྱུང་བ་ལྟར་ལས་ཉོན་སྡིག་སྒྲིབ་སྦྱོང་བ་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྟེན་འབྲེལ་གྱི་སྒོ་ཁྱད་པར་དུ་འཕགས་པ་ཡིན་པས་སྐབས་འདིར་ཤིན་ཏུ་འབྲེལ་ཞིང་གཙོ་ཆེའོ།། དེར་མ་ཟད་ལུང་ལས། ཇི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། ། ཞེས་གསུངས་པ་ལྟར་འབྲས་བུ་ཇི་འདྲ་འབྱུང་རིགས་མཐུན་གྱི་རྒྱུ་ལ་ལྟོས་པར་མ་ཟད་ཞིང་ཁྱད་པར་ཅན་ལ་མཆོད་པ་ཕུལ་ན་གང་ཕུལ་བའི་དངོས་པོ་དེ་ཉིད་དང་རིགས་འདྲ་བ་དངོས་གྲུབ་ཀྱི་ཐོག་མར་འབྱུང་བ་རྟེན་འབྲེལ་གྱི་ཆེ་བ་ཡིན་པས། ད་ལྟ་སྙིགས་མའི་སྐྱོན་གྱིས་སྣོད་བཅུད་མཐའ་དག་གི་ནུས་པ་ཉམས་ཏེ་རྩི་བཅུད་ལོ་འབྲས་ཟས་ནོར་ལོངས་སྤྱོད་སོགས་སྒོ་མཐའ་དག་ནས་རྒུད་པ་སླར་གསོ་བའི་ཕྱིར་དུ་སྨན་ལྔ། འབྲུ་ལྔ། རིན་ཆེན་ལྔ། དྲི་ལྔ། སྙིང་བོ་ལྔ་རྣམས་ཕུལ་ན་ལེགས་པས་སྣོད་སོ་སོར་བཤམས་པའམ་གཅིག་ཏུ་སྤུངས་ཏེ་འཇོག གཞན་ཡང་ཅི་འབྱོར་བའི་མཆོད་རྫས་སྣ་ཚོགས་བཀོད་པ་མཛེས་པར་བཤམས་ལ། ནངས་བར་ལག་རིས་མཐོང་ཙམ་གྱི་དུས་སུ་ཐལ་མོ་སྦྱར་བ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་ཏེ་སྙིང་ཀར་བཞག་ནས། ཨོཾ་པདྨ་ཨུཏ་བྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ། པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས། ཁྲུས་བྱས་ཏེ་ཐེག་ཆེན་གསོ་སྦྱོང་ལེན། དེ་ནས། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །མགོན་དེའི་རྗེས་བཟུང་གྲུབ་མཆོག་དཔལ་མོའི་ཞབས། །མཁས་པའི་མཆོག་གྱུར་ཟླ་བ་གཞོན་ནུ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །འཕགས་པའི་ཞལ་གཟིགས་ཡེ་ཤེས་བཟང་བོ་དང་། །གནས་ལྔ་མཐར་སོན་བལ་བོ་བེ་ཉ་བ། །བྱང་སེམས་མངའ་བདག་ཟླ་བ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ༞ ། །གྲུབ་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་ཞབས། །གཞན་ཕན་དབང་ཕྱུག་རྡོ་རྗེ་རྒྱལ་བོ་ད་ང། །འགྲོ་བའི་འདྲེན་མཆོག་ཞང་སྟོན་དགྲ་འཇིགས་ལ། །གསོལ་བ་འདེབས་སོ༞ ། །ཚད་མེད་ཐུགས་རྗེའི་བདག་ཉིད་རྩི་འདུལ་བ། །འཁོར་ལོ་བཞི་ལྡན་བདེ་བ་ཅན་པའི་ཞབས། །ཚུལ་ཁྲིམས་མཐར་ཕྱིན་བྱང་སེམས་ཆུ་བཟང་བར། །གསོལ་བ་འདེབས་སོ༞ ། །ཟབ་མོའི་དོན་གཟིགས་ཤེས་རབ་འབུམ་པའི་ཞབས། །བྱང་ཆུབ་སེམས་ཀྱི་གཏེར་གྱུར་ཐོགས་མེད་པ། །མཁས་ཤིང་གྲུབ་བརྙེས་ཀུན་མཁྱེན་ཤེས་རབ་དཔལ། །གསོལ་བ་འདེབས་སོ༞ ། །ཡོན་ཏན་མཛོད་འཛིན་ཚུལ་ཁྲིམས་མཚན་ཅན་དང་། །རྣལ་འབྱོར་དབང་ཕྱུག་ཡོན་ཏན་རིན་ཆེན་དང་། །སྨྲ་བའི་དབང་ཕྱུག་སངས་རྒྱས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༞ ། །འགྲོ་བའི་དེད་དཔོན་སྐྱབས་མཆོག་དཔལ་བཟང་དང་། །གྲུབ་པའི་དབང་ཕྱུག་རྒྱལ་བ་དབེན་ས་བ། །མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ༞ ། །བསྟན་པའི་མངའ་བདག་བློ་བཟང་ཆོས་རྒྱན་ཞབས། །གྲུབ་པ་མཆོག་བརྙེས་དམ་ཚིག་རྡོ་རྗེ་དང་། །སྣང་བ་མཐའ་ཡས་བློ་བཟང་ཡེ་ཤེས་ལ། །གསོལ་བ་འདེབས་སོ༞ ། །བསྟན་འགྲོའི་དོན་མཛད་བློ་བཟང་བསྟན་འཛིན་ཞབས། །རྡོ་རྗེ་འཆང་དངོས་དགེ་འདུན་རྒྱ་མཚོ་དང་། །བཀའ་དྲིན་མཉམ་མེད་བསྟན་པ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༞ ། །དྲན་པའི་མོད་ལ་སྡུག་བསྔལ་ཀུན་སེལ་ཞིང་། །བདེ་ཆེན་ཐར་བའི་གནས་སུ་འགོད་མཛད་པ། །ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པ། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་སྟེ། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་ཉེར་བརྒལ་ནས། །སྐུ་གསུམ་རིན་ཆེན་གླིང་དུ་མྱུར་སོན་ཤོག ། ཅེས་བརྗོད། དེ་ནས། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་བཞེངས་པར་གྱུར། ཨོཾ་པདྨནྟཀྲིཏ་ཧཱུཾ་ཕཊ། ཅེས་ཅི་མང་བཟླས་ལ་ལས་བུམ་བསྒྲུབ། ལས་བུམ་གྱི་ཆུས་ཚོགས་ཞིང་གི་མཆོད་པ་ལ་འཐོར་ཞིང་། ཨོཾ་པདྨནྟཀྲིཏ་ཧཱུཾ་ཕཊ ཀྱིས་བསངས། དེའི་ཚེ་དམིགས་པ་ནི། རང་གི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་སྤྲོས་ཏེ་མཆོད་རྫས་ལ་གནས་པའི་བགེགས་རྣམས་བསྐྲད་པར་མོས་ཤིང་འོག་མ་རྣམས་ལའང་འདྲ།j4xརྗེ་ཙོང་ཁ་པའི་དྲ་བ།

       ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་རང་བཞིན་སྟོང་བ། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱདྱཾ་ཨཱཿཧཱུཾ། ཨོཾ་བུཥྤེ་ཨཱཿཧཱུཾ། ཨོཾ་དྷུ་པེ་ཨཱཿཧཱུཾ། ཨོཾ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿཧཱུཾ། ཨོཾ་ནེ་ཝིདྱ་ཨཱཿཧཱུཾ། ཨོཾ་ཤབྟ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབས། སྐྱབས་འགྲོ་སེམས་བསྐྱེད་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་བོ་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པའི་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། འཕགས་པ་སྤྱན་རས་གཟིགས་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། མདུན་གྱི་ནམ་མཁར་པདྨའི་སྡོང་བོ་ཡངས་ཤིང་རྒྱ་ཆེ་བ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་བཞུགས་པར་གྱུར། ཅེས་ཚོགས་ཞིང་སྤྱན་དྲངས། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཕྱག་མཆོད་སོགས་བྱེད་པར་མོས་ནས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་བོ་སྟོང་། །སྤྱན་སྟོང་བསྐལ་བ་བཟང་བོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཌཱ་ཀིའི་གཙོ་མོ་ལཀྵིཾ་ཀ་རའི་ཞབས། །ལྔ་རིག་པཎ་ཆེན་ཟླ་བ་གཞོན་ནུ་དང་། །ཡེ་ཤེས་བཟང་བོ་ཟླ་བ་རྒྱལ་མཚན་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པའི་ཞབས། །མཁྱེན་བརྩེའི་བདག་ཉིད་རྒྱལ་བ་ཡབ་སྲས་དང་། །ཀུན་མཁྱེན་ཆེན་པོ་བསྟན་པ་རྒྱ་མཚོའི་སྡེ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་བདག་ལ་རིག་པ་བསླབ་པ་དང་། །མདོ་རྒྱུད་བསྟན་བཅོས་མན་ངག་རྗེས་བསྟན་ཞིང་། །བསླབ་པ་མནོས་དང་དབང་བསྐུར་བྱིན་བརླབས་པའི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །འཕགས་པ་སེང་གེ་སྒྲ་དང་ཡིད་བཞིན་ནོར། །པདྨ་གར་དབང་ཐུགས་རྗེ་མི་བཤོལ་དང་། །དོན་ཡོད་ཞགས་དང་ཧ་ལ་ཧ་ལ་སྟེ། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །པདྨ་རྒྱན་དང་རྡོ་རྗེ་ཆོས་དབང་ཕྱུག །ཧ་རི་ཧ་རི་ལ་ཞོན་མགྲིན་སྔོན་ཏེ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་ཕྱག་བྱ།j4xརྗེ་ཙོང་ཁ་པའི་དྲ་བ།

          ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ་བྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལ། ཨརྒྷཾ་གྱི་གནས་སུ། པཱདྱཾ། བུཥྤེ། དྷུ་པེ། ཨ་ལོ་ཀེ གནྡྷེ། ནེ་ཝིདྱ། ཤབྟ་རྣམས་བཅུག་སྟེ་བྱ་རྒྱུད་ནས་འབྱུང་བའི་རང་རང་གི་ཕྱག་རྒྱ་དང་བཅས་པས་མཆོད། སྦྲོ་ན་ཚིགས་བཅད་ཀྱང་ཆོག ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླའི་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག ། ཅེས་མཎྚལ་ཚོམ་བུ་བདུན་པ་འབུལ། ལོང་ཡོད་ན་མཚམས་འདིར་ལྟུང་བཤགས་དང་སྤྱི་བཤགས་འདོན། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པར་གང་གྱུར་བ། །སྐྲག་པས་རྨི་འདྲར་བཤགས་བགྱི་ཞིང་། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་ཀུན་ལ་རྗེས་ཡི་རང་། །འཁོར་ལོ་བསྐོར་ཞིང་བཞུགས་གསོལ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་འཐོབ་ལམ་ལ་གནས་བགྱིད་ཅིང་། །དམ་པ་གསུམ་ལ་སྐྱབས་སུ་མཆི། ། ཞེས་ཡན་ལག་བདུན་པ་བྱ། དེ་ནས་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་པ་ནས་ གྱུར་ཅིག ཅེས་བརྗོད། ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར་བར་བསམ། གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས་ཐོག་མར་བདག་བསྐྱེད་བསྒོམ་པའི་ཚུལ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅་ཧཾ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཧྨ་ཀོ་྅་ཧཾ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་བོ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པས་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟར་འབར་བའི་ལྟེ་བར་ཧྲཱིཿས་མཚན་པར་གྱུར། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། པདྨ་ཧྲཱིཿདང་བཅས་པ་ལ་ཐིམ་པ་ཡོངས་སུ་གྱུར་བ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་སྐུ་མདོག་དཀར་བོ་ལང་ཚོ་དར་ལ་བབ་ཅིང་འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་གི་རྩ་ཞལ་དཀར་བ། གཡས་ལྗང་། གཡོན་དམར་བ། དེའི་སྟེང་མ་དབུས་ལྗང་། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་། དེ་རྣམས་ཀྱང་སྤྱན་དཀྱུས་རིང་ཞིང་ཕྲ་བ་ཞལ་འཛུམ་པའི་མདངས་ཅན། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ་སྤྱན་གསུམ་པ། རལ་བ་དམར་སེར་གྱེན་དུ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་བོ་གཙུག་ཏོར་དང་བཅས་པ་ཚངས་བར་སྤྱོད་པའི་ཆ་ལུགས་ཅན། རྒྱན་སྤངས་ཤིང་མགུལ་བ་དང་བཅས་པ། ཕྱག་དང་བོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང་། གསུམ་པས་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་བས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པའི་རིལ་བ་སྤྱི་བླུགས། བཞི་བས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་ཀྱིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་མར་བུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་པགས་པའི་ནུ་མ་གཡོན་པ་བཀབ་ཅིང་། རས་བཟང་བོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་བ་དམར་སེར་གྱི་ཕྲེང་བས་མཛེས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་ཅན། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་ཤིང་འོད་ཟེར་དཀར་བོ་འཕྲོ་བ། དེའི་སྤྱི་བོར་ཨོཾ་དཀར་བོ། མགྲིན་པར་ཨཱཿདམར་བོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་བོ་རིང་ཆ་ཚེག་དྲག་དང་བཅས་པ། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འོད་དཔག་མེད་གཙོ་བོ་གྱུར་བའི་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་གོས་དཀར་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་བ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། བདག་བསྐྱེད་ཀྱི་མཆོད་པ་ཚོགས་ཞིང་གི་སྐབས་ལྟར་བྱིན་གྱིས་བརླབས།j4xརྗེ་ཙོང་ཁ་པའི་དྲ་བ།

          ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ ཤབྟའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཟླལ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་དཀར་བོ། དེའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས། ཐུགས་ཀའི་ཧྲཱིཿལ་ཐིམ་པར་གྱུར་བར་བསམས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཛྙཱ་ན་ཞེས་པ་ནས་ ན་ཡ་སྭཱ་ཧཱ། ཞེས་ཚར་གཅིག་དང་། སྙིང་བོ་བརྒྱ་དང་བདུན་ཏེ་བརྒྱ་རྩ་བརྒྱད་བཟླའོ།། སྙིང་བོ་ནི། ཏདྱ་ཐཱ་ཞེས་པ་མན་ཆད་དོ།། གལ་ཏེ་སྙིང་བོ་དང་གཟུངས་རིང་མི་ཤེས་ན། ས་བོན་གྱི་མཐར་ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བར་མོས། མ་ཎི་བགྲང་བས་ཆོག་གོ། དགེ་བ་འདི་ཡིས་མྱུར་ཏུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག ། ཅེས་བརྗོད། དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། ཨོཾ་པདྨནྟ་ཀྲིཏ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ལས་བུམ་གྱི་ཆུས་དཀྱིལ་འཁོར་ལ་གནས་པའི་བགེགས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་རང་གི་ཐུགས་ཀའི་ཧྲཱིཿལས་བྷྲུཾ་དཀར་བོ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་གཅིག་མདུན་དུ་ཆད། དེ་ཡོངས་སུ་གྱུར་བ་ལས་རིན་པོ་ཆེསྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་བཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་། ཕྱོགས་བཞིའི་འདབ་མར་ཨ་ལས་ཟླ་བའི་གདན་རེ་རེ། དབུས་ཀྱི་ཟླ་བའི་གདན་གྱི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་བ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་སྐུ་མདོག་དཀར་བོ་ཞེས་པ་ནས། འོད་ཟེར་དཀར་བོ་འཕྲོ་བ། ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ལྷོར་ཏྲཾ་ལས་རིན་འབྱུང་སེར་བོ་གཡས་མཆོག་སྦྱིན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་བོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱཿལས་དོན་གྲུབ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་བོ་ལས་འོད་ཟེར་འཕྲོས། པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ ལ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་བའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །j4xརྗེ་ཙོང་ཁ་པའི་དྲ་བ།

            ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་བཛྲ་ས་མ་ཛཿཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་བོ། མགྲིན་པར་ཨཱཿདམར་བོ། ཐུགས་ཀར་ཧཱུཾ་སྔོན་བོ། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། འོད་དཔག་མེད་གཙོ་བོར་གྱུར་བའི་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་བ་ལས། གཙོ་བོ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང་། འཁོར་རྣམས་ལ་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། དེ་ནས་སྟོང་མཆོད་ཀྱི་སྤོས་དང་མར་མེ་སོགས་སྦར་ལ། ཨོཾ་པདྨནྟ་ཀྲིཏ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་ཞེས་སོགས་ཀྱིས་མཆོད་པ་རྣམས་བྱིན་གྱིས་བརླབས་ནས་ཚིགས་བཅད་ཅི་རིགས་དང་། བྱ་རྒྱུད་གཞུང་ལྟར་གྱི་ཕྱག་རྒྱ་སྔགས་དང་བཅས་པའི་འབུལ་དགོས་པའི་དེས་ཚུལ་ནི། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། ། ཨོཾ་ཨརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་དང་། མཆོད་ཡོན་གྱི་གནས་སུ་རིམ་པ་བཞིན་ ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་དང་། ཨརྒྷཾ་གྱི་གནས་སུ། པཱདྱཾ། ཤབྟའི་བར་བཅུག་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང་རོལ་མོ། ཡང་མཆོད་ཡོན་གྱི་གནས་སུ། གཟུགས་མཆོག སྒྲ་སྙན། དྲི་མཆོག རོ་མཆོག རེག་མཆོག་རྣམས་དང་། ཨརྒྷཾ་གྱི་གནས་སུ། རཱུབ་ནས་ སྤཪྴ་རྣམས་བཅུག་སྟེ་འདོད་ཡོན་ལྔ་འབུལ། ཞིང་འདི་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོང་བཀང་ལ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ཨོཾ་ཨརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་མ་ཧཱ་སབྟ་ར་རཏྣ་པྲ་ཏཱི་ཙྪ་སྭཱ་ཧཱ། སྣ་ཚོགས་དབང་བོའི་ནས་ བརྒྱན་པར་ཤོག ། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་ན་བཟའ་དང་། རྒྱལ་བ་མཚན་དཔེའི་རང་བཞིན་ནས་ ཐོབ་པར་ཤོག ། ཨོཾ་བཛྲ་ཨ་ལཾ་ཀ་ར་ཝ་ཕུ་ཥ་ཎི་ཨཱཿ་ཧཱུཾ་སྭཱ་ཧཱ། ཅེས་པའི་རྒྱན་དང་། རིན་ཆེན་མཛེས་པའི་བཀྲ་ཤིས་ནས་ བརླན་པར་ཤོག །ཨོཾ་བཛྲ་ཀ་ལ་ཤ་ཨཱཿ་ཧཱུཾ། ཞེས་བུམ་པ་འབུལ། རྒྱལ་བ་མགོན་པོ་དཔལ་གྱིས་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་བོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་བོ་ཐོབ་པར་ཤོག །ཨོཾ་པཉྩ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། ཕྱག་སྟོང་འཁོར་ལོས་ནས་ ཕྱག་འཚལ་བསྟོད། །དམིགས་པ་དང་བཅས་གཟུངས་རིང་དང་སྙིང་བོ་ཡིག་དྲུག་ཅི་ནུས་བཟླ། འདིར་སྐོར་བ་དང་ཕྱག་སོགས་ཀྱང་སྟོང་རེ་འགྲོ་དགོས་པས། སྒྲུབ་པ་བོ་བཅུ་ཙམ་ཡིན་ན་སྐོར་བ་སོགས་བརྒྱ་རེ་དང་། ཉི་ཤུ་ཡོད་ན་ལྔ་བཅུ་རེས་གྲངས་ཚང་བ་འབྱུང་ལ། གོ་ཡུལ་དང་བསྟུན་ནས་རྟེན་དངོས་སམ་ལྷ་ཁང་ལ་སྐོར་བ་བྱེད་ཅིང་། དེ་ཡང་བཟླས་པའི་སྐབས་འདིར་གཟུངས་བཟླ་བཞིན་དུ་བྱེད་པའམ་ཐུན་མཚམས་སུ་བྱས་ཀྱང་ཆོག་ལ། སྒྲུབ་པ་བོ་ཉུང་བས་མི་ལྕོགས་ན་གཞན་ལ་བྱེད་དུ་བཅུག་ཀྱང་རུང་ངོ་།། དེ་ནས་ཕྱག་དང་བཅས།j4xརྗེ་ཙོང་ཁ་པའི་དྲ་བ།

           ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་བོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་བོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་བོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་བོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་བརྒྱན་འཛིན་པ་བོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་བོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་བོ། །དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུག་པ་བོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་བོ། །སྦྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་བོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་བོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་བོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་བོ། །པདྨས་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་བོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་བོ། །རིན་ཆེན་མང་བོས་དཔུང་བ་གཉིས་ནི་བརྒྱན་པ་བོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་བོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་བོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་བོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་བོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་བོ། །གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་བོ། །སྟ་ཟུར་བཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་བོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་བོ། །མཆོག་བརྙེས་བསོད་ནམས་མང་བོ་ཉེ་བར་བསགས་པ་བོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་བོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་བོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུག་ལས་རྒྱལ་བ་བོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་བོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་བོ། །ངང་བའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་བོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་བོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་བོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་བོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །འདི་ནི་སྐྱེས་པའམ་བུད་མེད་ཡིན་ཡང་རུང་། །སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། ། འདིར་མཆོད་པ་འབུལ་ཚུལ་ཡང་། ཨོཾ་ཨརྱ་ལོ་ཀེ་ཤྭ་བ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤབྟ། བཛྲ་ཝས་ཊ། ཨ་ལཾ་ཀ་ར། ཀཱ་ལ་ཤ བཉྩ་བཉྩ་བི་མ་ལ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་སྔགས་ཙམ་གྱིས་འབུལ། དེ་ནས་སྐྱོན་གྱིས་མ་གོས་ཞེས་སོགས་སྤེལ་བའི་ཁ་བསྐང་སྟེ་སྟོང་གི་གྲངས་ཚང་བ་བྱེད་དགོས། དེ་ནས་གཏོར་མ་འབུལ་བ་ནི། དཀར་གཏོར་གསུམ་ལ་ཆབ་བྲན། ཨོཾ་པདྨནྟ་ཀྲིཏ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་བ་ལིཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ལན་གསུམ་གྱིས་འཕགས་པ་འཁོར་བཅས་ལ་ཕུལ། ཨོཾ་ཨརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ་ནས་ ཤབྟ་པྲ་ཏཱི་ཙྪ་སྭཱ་ཧཱ། ཕྱག་སྟོང་འཁོར་ལོས་ནས་ ཕྱག་འཚལ་བསྟོད། ། ཅེས་བསྟོད་ཅིང་།j4xརྗེ་ཙོང་ཁ་པའི་དྲ་བ།

          འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས། །མྱུར་ཏུ་འཁོར་བའི་མཚོ་ལས་བསྒྲལ་ཏུ་གསོལ། །ཟབ་ཅིང་རྒྱ་ཆེ་བླ་མེད་བྱང་ཆུབ་སེམས། །མྱུར་ཏུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཐོག་མེད་ནས་བསགས་ལས་དང་ཉོན་མོངས་རྣམས། །ཐུགས་རྗེའི་ཆབ་ཀྱིས་མྱུར་ཏུ་དག་མཛད་ནས། །ཐུགས་རྗེའི་ཕྱག་བརྐྱངས་བདག་དང་འགྲོ་བ་རྣམས། །བདེ་བ་ཅན་གྱི་ཞིང་དུ་དྲང་དུ་གསོལ། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང་། །མྱུར་ཏུ་སངས་རྒྱས་ས་ལ་བཞག་ཏུ་གསོལ། །གཏོར་མ་གཉིས་པ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཆོས་སྐྱོང་ལ་ཕུལ་ཏེ། དཔའ་བོ་མཁའ་འགྲོ་ཆོས་བསྲུང་རྣམས། །དམ་རྫས་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་བར་ཆད་ཞི་བ་དང་། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་འཕྲིན་ལས་བཅོལ། གཏོར་མ་གསུམ་པ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾབྷ་ར་ཧཱུཾ། ལན་གསུམ་གྱིས་གཞི་བདག་ལ་ཕུལ། ཡུལ་ལྷ་གཞི་བདག་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྐོ་ལོང་ཕྲག་ཏོག་མ་མཛད་པར། །ཆོས་ལྡན་འཕྲིན་ལས་ཚུལ་བཞིན་མཛོད། །ཅེས་བརྗོད། ཐུན་ཐ་མའི་གཏོར་འབུལ་འཕྲོར། སྟོང་གི་གྲངས་གསོག་རྒྱུའི་གཏོར་མ་འཇིག་རྟེན་ལས་འདས་མ་འདས་ཀྱི་མགྲོན་མཐའ་དག་ལ་ཐུན་མོངས་དུ་འབུལ་དགོས་པས། རིལ་བུ་སྟོང་བྱས་ཏེ་ཟངས་ལ་སོགས་པའི་སྣོད་གཙང་མ་ཅིག་ཏུ་གཏོར་སྤུངས་བྱེད་པའམ། སྣོད་བཅུར་རིལ་བུ་བཅུ་བཅུ་བླུགས་པ་ཆུ་དང་སྦྱར་ཏེ། ཨོཾ་པདྨནྟ་ཀྲིཏ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཞེས་སོགས་བསང་སྦྱངས་བྱིན་གྱིས་བརླབས་ཏེ། དུས་གསུམ་ཕྱོགས་བཅུར་བཞུགས་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །མགྲོན་རྣམས་མ་ལུས་མཆོད་སྦྱིན་གནས། །འདིར་གཤེགས་འདོད་པའི་གདན་ལ་བཞུགས། །ཞེས་སྤྱན་དྲངས། ཕྱག་བྱར་འོས་པ་ཞེས་སོགས་ཀྱིས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ ཤབྟའི་བར་གྱིས་མཆོད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་བསྔོ། རིལ་བུ་བརྒྱ་རེ་ལྷན་དུ་བཤམས་ཚེ་མི་བཅུ་ཡོད་ན་སྔགས་ཀྱང་ཚར་བཅུ་རེས་བསྔོ་ཞིང་། དེའི་མཚམས་སུ། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་འདོད་པས་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་ཁྱེར་བ་དང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བརྗོད། སླར་ཡང་རིལ་བུ་བརྒྱ་བཤམས་ཏེ། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཕྱག་བྱར་འོས་པ་མན་ཆད་སྔར་བཞིན་བྱ། དེ་ལྟར་སྟོང་ཚང་བ། མཇུག་འདིར་ཀླུ་ཆེན་རྣམས་ལའང་གཏོང་བར་བཤད་དེ། དེའི་རྒྱུ་མཚན་མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། ཡི་གེ་དྲུག་པའི་རིགས་སྔགས་ཆེན་མོ་འདི་རྟག་ཏུ་འཛིན་ཅིང་ཟློས་པ་ལ་བརྩོན་པའི་སེམས་ཅན་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ།། ཞེས་པ་ནས། ཀླུའི་རྒྱལ་བོ་རྒྱ་མཚོ་མཆིང་རྣམས་དང་། ཀླུའི་རྒྱལ་བོ་མ་དྲོས་པ་དང་། ཀླུའི་རྒྱལ་བོ་འཇོག་པོ་ལ་སོགས་ཏེ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ནི་ཡོངས་སུ་སྲུང་བར་བྱེད་དོ།། ཞེས་འདིའི་བསྙེན་སྒྲུབ་བྱེད་པའི་ཕྱོགས་དེར་ཀླུའི་རྒྱལ་བོ་རྣམས་ཀྱིས་ཀྱང་ཆར་ཆུ་དུས་སུ་འབེབས་ཤིང་སད་སེར་སྲུང་བ་ལ་སོགས་པའི་སྒོ་ནས་སའི་བཅུད་གསོ་བར་གསུངས་ལ། བྱ་རྒྱུད་དོན་གསལ་ལས་ཀྱང་། དགེ་སློང་མ་དཔལ་མོའི་སྤྱན་སྔར་ཀླུ་ཆེན་བརྒྱད་ཀྱིས་འཕགས་པ་ཞལ་བཅུ་གཅིག་པའི་སྒོས་ཀྱི་ཆོས་སྐྱོང་དུ་ཁས་བླངས་ཚུལ་གསུངས་བ་ལྟར་ཡིན་པས་ཡུལ་ཕྱོགས་སུ་ཟས་ནོར་ལོངས་སྤྱོད་འཕེལ་བའི་དོན་ལ་ཆོ་ག་འདི་དང་འབྲེལ་བར་ཀླུ་གཏོར་བསྔོས་ན་ཕན་པ་ཤིན་ཏུ་ཆེའོ།། དེ་དང་གཞན་ནས་འབྱུང་བ་བཞིན་ཀླུ་གཏོར་གྱི་ཆོ་ག་རྒྱས་པའམ། བསྡུ་ན་ཀླུ་སྨན་བཏབ་པའི་དཀར་གསུམ་གྱི་གཏོར་མ་བཤམས་ལ། ཀླུ་ཆེན་འཁོར་བཅས་སྐད་ཅིག་གི་བྱོན་པར་བསམ་ལ།j4xརྗེ་ཙོང་ཁ་པའི་དྲ་བ།

           ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾབྷ་ར་ཧཱུཾ། ཞེས་ལན་གསུམ་གྱིས་བསྔོས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ཅིང་། དཀར་ཕྱོགས་སྐྱོང་བའི་ཀླུ་ཆེན་འཁོར་བཅས་རྣམས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །འབྲུ་བཅུད་ཟས་ནོར་ལོངས་སྤྱོད་འཕེལ་བ་ཡིས། །ཆོས་དང་སྲིད་ཀྱི་དགེ་མཚན་རྒྱས་པར་མཛོད། །ཅེས་འཕྲིན་ལས་བཅོལ། ཐུན་ཕྱི་མ་རྣམས་ལ། ཨོཾ་པདྨནྟ་ཀྲིཏ་ཞེས་སོགས་མདུན་བསྐྱེད་ནས་དབུ་བཙུགས་ཏེ་གཞུང་བཞིན་བྱ། ཐུན་ཐ་མའི་མཇུག་ཏུ། ཨོཾ་ཨརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ་ཞེས་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་དབང་གི །དཀྱིལ་འཁོར་མཆོད་བསྟོད་བསྒོམ་དང་བཟླས་པ་སོགས། །བསྒྲུབ་པའི་དགེ་བས་བདག་དང་འགྲོ་བ་ཀུན། །རྣམ་འདྲེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །མཚན་ཉིད་ཀུན་ལྡན་བཤེས་གཉེན་ཞབས་བསྟེན་ནས། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཐུན་མོང་ལམ་གྱི་དྲི་མ་ཀུན་སྦྱངས་ནས། །ཟབ་ལམ་རྡོ་རྗེ་ཐེག་པའི་སྣོད་གྱུར་ཅིག །འཕགས་མཆོག་སྤྱན་སྟོང་མངའ་བའི་དཀྱིལ་འཁོར་དུ། །ཆུ་དང་ཅོད་པན་བྱིན་རླབས་བདུད་རྩིའི་ཆུས། །ཡིད་ཀྱི་བུམ་བཟང་གང་བ་ཐོབ་པར་ཤོག །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང་བར་ཤོག །ཚོགས་ཀྱི་ཞིང་ལ་སྦྱོར་བ་ཚོགས་གསོག་དང་། །ས་བོན་ཕྱག་མཚན་སྐུ་གཟུགས་རྫོགས་པ་དང་། །བཟླས་བརྗོད་དང་བཅས་སྲོག་རྩོལ་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག །མེ་དང་སྒྲ་ལ་གནས་པའི་བསམ་གཏན་གྱིས། །ལྷ་དང་སྔགས་ཀྱི་གསལ་སྣང་མཐར་ཕྱིན་ཅིང་། །སྒྲ་མཐར་ཐར་བ་སྟེར་བའི་བསམ་གཏན་མཐུས། །སྲིད་པའི་རྩ་བ་དྲུང་ནས་འབྱིན་པར་ཤོག །འཕགས་པའི་འཕྲིན་ལས་གྲུ་གཟིངས་ལ་བརྟེན་ནས། །མི་བཟད་སྡུག་བསྔལ་རྒྱ་མཚོ་ཉེར་བརྒལ་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་ནོར་བུ་ཡིས། །རེ་བའི་ཤིང་རྟ་ཡོངས་སུ་གང་བར་ཤོག །ཚེ་ཡི་འདུ་བྱེད་གཏོང་ཚེ་སྤྱན་རས་གཟིགས། །འཁོར་དང་བཅས་པ་མཐོང་ནས་དེ་མ་ཐག །བུ་བུ་དག་པའི་ཞིང་དུ་ཚུར་ཤོག་ཅེས། །དགྱེས་པའི་གསུང་གིས་དབུགས་འབྱིན་ཐོབ་པར་ཤོག །ནུབ་ཕྱོགས་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཡིད་འཕྲོག་པདྨའི་སྦུབས་སུ་སྐྱེས་ནས་ཀྱང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོ་རྫོགས་བྱས་ཏེ། །སྐུ་གསུམ་གོ་འཕང་བདེ་བླག་ཐོབ་པར་ཤོག། ཅེས་པའི་མཐརཔདྨ་བཞི་སྦྱོར་གྱི་ཡིག་བརྒྱ་བརྗོད། རྟེན་ཡོད་ན་འདི་ནི་གཟུགས་དང་ནས་ བཛྲ་ཡེ་སྭཱ་ཧཱ། རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་སྤྱི་བོར་ཨོཾ་དཀར་བོ། མགྲིན་པར་ཨཱཿདམར་བོ། ཐུགས་ཀར་ཧཱུཾ་སྔོན་པོའི་མཚན་པར་གྱུར། རབ་ཡངས་ལྷ་ཡི་ལམ་ཀུན་སྤྱན་རས་གཟིགས། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་དཀྱིལ་འཁོར་བས། །ཁྱོད་ལ་མཆོག་སྩོལ་རབ་དགའ་སྐྱེད་ཅིག་དང་། །ཤིས་བརྗོད་གདངས་སྙན་བདག་གིས་བསྒྲགས་པར་བྱ། །དགེ་ལེགས་མེ་ཏོག་བྱེ་བའི་ཆར་འབེབས་པ། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་དཔལ་མོའི་ཞབས། །ཡེ་ཤེས་བཟང་བོ་བེ་ཉ་བ་ལ་སོགས། །དངོས་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །པདྨའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་། །རྣམ་པར་སྣང་མཛད་དོན་ཡོད་གྲུབ་པ་སྟེ། །དེ་བཞིན་གཤེགས་པ་ལྔ་ཡི་བཀྲ་ཤིས་ཤོག །རྩ་བའི་རྒྱུད་དང་པདྨ་དྲ་བའི་རྒྱུད། །དོན་ཡོད་ཞགས་སོགས་རྒྱུད་དང་གཟུངས་ཀྱི་སྐོར། །མཚན་བཅས་མཚན་མེད་རྣལ་འབྱོར་ལ་སོགས་པ། །ལུང་རྟོགས་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག །ཕྱོགས་བཅུའི་ཞིང་ན་དད་པས་ཡིད་དྲངས་ཏེ། །རྨད་བྱུང་པདྨའི་རིགས་ཀྱི་ཉམས་ལེན་ལ། །བརྩོན་པ་ལྷུར་ལེན་སྐལ་བཟང་སྒྲུབ་པ་བོ། །ཚོགས་མཆོག་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །འཕགས་པའི་སྤྱན་སྔར་ཐུབ་བསྟན་ཚུལ་བཞིན་དུ། །བསྲུང་བར་ཞལ་མཆེས་མྱུར་མཛད་མགོན་པོ་སོགས། །མཐུ་ལྡན་བསྟན་བསྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །དེང་འདིར་བཀྲ་ཤིས་དགེ་ལེགས་རྩོལ་གྱུར་ཅིག །ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཉི་ཟླའི་འོད་དང་མཉམ་པའི་འོད་འཕྲོ་ཞིང་། །གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཅག་གང་དང་གང་དུ་གནས་པ་དེར་། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང་། །ཞིང་གི་འབྱོར་བ་ཕུལ་དུ་བྱུང་བ་ཡིས། །བདེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད་དང་བསྔོ་བ་སྨོན་ལམ་བྱའོ།། བྱིན་རླབས་གཏེར་ཆེན་འཕགས་མཆོག་སྤྱན་རས་གཟིགས། །མཆོད་ཚོགས་ལག་ལེན་རིམ་པར་བསྒྲིགས་པ་ཡི། །དགེ་བས་མཁའ་མཉམ་མར་གྱུར་འགྲོ་བ་ཀུན། །འཕགས་པས་ཐུགས་རྗེའི་རྟག་ཏུ་སྐྱོངས་གྱུར་ཅིག ། ཅེས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྟོང་མཆོད་ཇི་ལྟར་བྱ་བའི་ཚུལ་བཀོད་པ་འདི་ནི། མཛོད་ཟུར་མཁྱེན་རབ་དོན་འགྲུབ་པ་དེ་ཉིད་སྐུ་ཞིང་གཤེགས་པའི་དགེ་རྩར་དམིགས་ཏེ། སྤྱན་རས་གཟིགས་ལོ་ཀེ་ཤྭ་རའི་སྐུ་བརྙན་གསར་བསྐྲུན་གྱི་སྤྱན་སྔར་སྟོང་མཆོད་འབུལ་སྐབས་ཆོག་བསྒྲིགས་ནག་འགྲོས་སུ་བཀོད་པ་ཞིག་དགོས་ཞེས་སྐུའི་ཉེ་གནས་དགེ་སློང་སངས་རྒྱས་རྒྱ་མཚོས་བསྐུལ་ངོར། སྙོམས་ལས་པ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་༧ རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེས་གསུངས་ཇི་ལྟ་བ་བཞིན་བཀོད་པའོ།། །། སརྦ་མངྒ་ལཾ།།j4xརྗེ་ཙོང་ཁ་པའི་དྲ་བ།

         བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་དང་བོར་འཕྲུལ་པར་དུ་བཏབས་པ་འདིས་ཀྱང་རྒྱལ་བསྟན་ཡུན་རིང་དུ་གནས་པར་གྱུར་ཅིག།། ཅེས་ཡིག་གཏགས་པ་རྒྱལ་ཆེན་རྒྱ་མཚོས།j4xརྗེ་ཙོང་ཁ་པའི་དྲ་བ།

       ༧ མཁས་གྲུབ་བྱེ་བའི་ཐུགས་བཅུད་ལས་འཁྲུངས་གཙུག་ལག་འོ་མའི་ཆུ་གཏེར་ལས། །ཆ་ཙམ་གློག་རྡུལ་དེབ་དུ་ཕབ་པའི་དགེ་ཚོགས་རྩི་བཅུད་ཕོར་གང་འདི། །བླ་མའི་ཞབས་བརྟན་བསྟན་པ་ཡུན་གནས་ཕ་མའི་ཐོག་དྲངས་རིགས་དྲུག་འགྲོའི། །མི་འཇིགས་བཞི་ལྡན་གོ་འཕང་དམ་པ་མི་རིང་འཐོབ་པའི་རྒྱུ་རུ་བསྔོའོ། །བདག་ཀྱང་སྐྱེ་བའི་ཕྲེང་བ་ཀུན་ཏུ་དལ་འབྱོར་ཚང་བའི་རྟེན་ཐོབ་སྟེ། །ངེས་འབྱུང་གཙང་མས་རབ་ཏུ་ལེགས་འབྱུང་མཚན་ལྡན་མགོན་གྱིས་རྗེས་འཛིན་ཞིང་། །སྙིང་རྗེས་རབ་བསྐྱོད་ཡང་དག་ལྟ་བའི་རིགས་ཚུལ་དུས་ཀྱི་མེ་དཔུང་གིས། །ལྟ་ངན་ཚང་ཚིང་མ་ལུས་སྲེག་བྱེད་རྒྱལ་སྲས་དཔའ་བོར་འགྱུར་བར་ཤོག །  j4xརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K