མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །སྨྱུང་གནས་ལ་ཉེ་བར་མཁོ་བའི་གདམས་པ་གཅེས་བཏུས།

    སྤེལ་དུས།  2017-03-16 23:01:36         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

༈ཐེག་ཆེན་གསོ་སྦྱོང་ཇི་ལྟར་ལེན་པའི་ཆོ་ག་ནི།
qptརྗེ་ཙོང་ཁ་པའི་དྲ་བ།

      ༼    ཐོག་མར་བླ་མའི་དྲུང་དུ་ལན་གཅིག་བླངས་ནས། དེའི་རྗེས་རྟེན་གྱི་དྲུང་དུའང་ལེན་རུང་བར་གསུངས་པས། དེའི་ཚུལ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། ཐོ་རེངས་ཉི་མ་མ་ཤར་ཚུན་ཆད་དུ་ལུས་ཀྱིས་ཁྲུས་བྱས་གོས་གསར་བ་བགོ་བའམ་གཙང་སྦྲ་དང་ལྡན་པས། སེམས་ཀྱིས་ཐེག་ཆེན་གསོ་སྦྱོང་ལེན་པའི་རྟེན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གཡས་གཡོན་ཏུ་རྗེ་བཙུན་འཇམ་པའི་དབྱངས་དང་། དཔལ་ཕྱག་ན་རྡོ་རྗེ་གཉིས་ཏེ་གཙོ་འཁོར་གསུམ་ལ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བར་མོས་ལ་རང་ཉིད་འཁོར་བ་སྤྱི་དང་བྱེ་བྲག་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་མནར་བའི་ཚུལ་ལ་འཇིགས་ཤིང་སྐྲག་ནས། དེ་ལས་སྐྱོབ་པའི་ནུས་པ་མདུན་གྱི་སྐྱབས་ཡུལ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་རྒྱུ་གཉིས་ལྡན་གྱི་སྐྱབས་འགྲོ་རྣམ་པར་དག་པས་རང་གི་སེམས་ལམ་ལོག་པ་ལས་ཁྱད་ཕྱེས་ཤིང་། རང་ཉིད་སྡུག་བསྔལ་གྱིས་མནར་བ་དཔེར་བྱས་ཏེ་རང་གི་གཡས་སུ་ཕ། གཡོན་དུ་མ། མདུན་དུ་གཉེན་ཉེ་དུ། རྒྱབ་ཏུ་འཁོར་གཡོག་ལ་སོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་ནའང་རྒྱུ་འབྲས་གོ་ལོག་ཏུ་སྤྱད་པས་སྡུག་བསྔལ་བར་མེད་དུ་མྱོང་བའི་ཚུལ་བསམ་སྟེ་སྙིང་རྗེ་རྩ་བར་གྱུར་བའི་འདུན་པ་གཉིས་ལྡན་གྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་བཅོས་མ་ཚུན་ཆད་ཀྱིས་ཟིན་པར་བྱས་ཏེ་རང་གི་སེམས་ལམ་དམན་པ་ལས་ཁྱད་ཕྱེས་པའི་སེམས་བསྐྱེད་རྣམ་པར་དག་པ་སྒོམ་པའི་སྒོ་ནས། ངག་ཆོ་ག་ཆད་ལྷག་མེད་ཅིང་མ་ནོར་དང་གོ་རིམ་མ་འཁྲུག་པའི་ཕྱག་བཞེས་བཟང་བོའི་མན་ངག་དང་ལྡན་པས། ༽ ༈ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། ། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ༼ཅེས་ལན་གསུམ་རྗོད་ཅིང་དེ་ནས།༽ ༈ ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ། དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། ། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་བོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། ། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག ། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་འཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་ཤུག་པ་བདུག་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་བོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་རྣམས་གང་ལ་ཡང་། ། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་བསྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། ། བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །༼ ཡང་ན། ༽ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །༼ ཞེས་ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་དང། དེ་ནས་མཎྜལ་རྒྱས་པ་འབུལ་ན། ༽༈ ཞིང་ཁམས་འབུལ་བར་ཞུ། ཨོྃ་བཛྲ་བྷུ་མི་ཨཱཿཧཱུཾ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱ་ཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ༑ ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ༑ དཔག་བསམ་གྱི་ཤིང་། འདོད་འཇོའི་བ།མ་རྨོས་པའི་ལོ་རྟོག། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་བརྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ།།བཞེས་ནས་ཀྱང་བདག་སོགས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ།། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། ། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག ། ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནིརྱཱ་ཏ་ཡ་མི། ༼རྒྱས་བ་མ་ལྕོགས་ན། ༽༈ ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། ། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག ། ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནིརྱཱ་ཏ་ཡ་མི།qptརྗེ་ཙོང་ཁ་པའི་དྲ་བ།

      ༼   གཉིས་པ་དངོས་གཞི་ནི།   ༽qptརྗེ་ཙོང་ཁ་པའི་དྲ་བ།

      ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་བོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ། བདག་མིང་༼སོ་སོའི་མིང་མཚམས་འདིར་བཅུག་ནས༽འདི་ཞེས་བགྱི་བས་ཀྱང། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་གྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ། ། ༼ཞེས་ལན་གསུམ་བརྗོད་ཅིང་དེ་ནས།༽ ༈ དེང་ནས་སྲོག་གཅོད་མི་བྱ་ཞིང་། ། གཞན་གྱི་ནོར་ཡང་བླང་མི་བྱ། ། འཁྲིག་པའི་ཆོས་ཀྱང་མི་སྤྱོད་ཅིང་། ། རྫུན་གྱི་ཚིག་ཀྱང་མི་སྨྲའོ། ། སྐྱོན་ནི་མང་པོ་ཉེར་བརྟེན་པའི། ། ཆང་ནི་ཡོངས་སུ་སྤང་བར་བྱ། ། ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། ། དེ་བཞིན་དུས་མ་ཡིན་པའི་ཟས། ། དྲི་དང་ཕྲེང་བ་རྒྱན་དང་ནི། ། གར་དང་གླུ་སོགས་སྤང་བར་བྱ། ། ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། ། སྲོག་གཅོད་ལ་སོགས་མི་བྱེད་ལྟར། ། དེ་བཞིན་སྲོག་གཅོད་ལ་སོགས་སྤོང་། ། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུགས་འཇི་རྟེན་འདི། ། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག ། ༼ཅེས་ལན་གསུམ་བརྗོད་ཅིང་དེ་ནས་ཚུལ་ཁྲིམས་རྣམ་དག་གི་གཟུངས།༽ ༈ ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བི་བྷུ་ཥཱི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་བ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ༼ཞེས་བདུན་ནམ་ཉེར་གཅིག་བཟླ། ༽ (སྔགས་འདིའི་དོན་ནི། དོན་ཡོད་པ་ཡི་ཚུལ་ཁྲིམས་ཚོགས། ། རྒྱས་རྒྱས་སེམས་དཔའ་དག་པ་ཆེ། ། པདྨས་རྣམ་པར་བརྒྱན་པའི་ཕྱག ། འཛིན་འཛིན་ཀུན་ནས་སྤྱན་རས་གཟིགས། ། ཞེས་པའོ) ༼གསུམ་པ་མཇུག་ནི༽ ༈ ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། ། ཚུལ་ཁྲིམས་རྣམ་པར་དག་དང་ལྡན། ། རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། ། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། ༼ཅེས་སོགས་ཀྱིས་བསྔོ་སྨོན་བྱའོ།།༽qptརྗེ་ཙོང་ཁ་པའི་དྲ་བ།

      ༈ བླ་མའི་རྣལ་འབྱོར་གྲུ་འཛིན་ཞིང་གི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།qptརྗེ་ཙོང་ཁ་པའི་དྲ་བ།

      ན་མོ་ཨཱ་རྱ་ལོ་ཀེ་ཤྭ་རཱ་ཡ། བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་མདོར་བསྡུས་ཉམས་སུ་ལེན་པར་འདོད་པས་སྐྱབས་སེམས་སྔོན་དུ་བཏང་སྟེ། ༈ རང་གི་སྤྱི་བོར་པད་ཟླའི་སྟེང། །དྲིན་ཅན་རྩ་བའི་བླ་མ་དང། །དབྱེར་མེད་འཕགས་མཆོག་འཇིག་རྟེན་དབང། །ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། །ཐལ་སྦྱར་འོག་མ་ཤེལ་ཕྲེང་དང་། །རབ་རྒྱས་པད་དཀར་སྡོང་བུ་འཛིན། །ཞབས་ཟུང་མི་ཤིགས་སྐྱིལ་ཀྲུང་ཚུལ། །གསལ་རྫོགས་མཚན་དཔེའི་ཟླ་གཞོན་སྐུ། །དར་དང་རིན་ཆེན་རྒྱན་གྱིས་ཀླུབས། །རྡོ་རྗེ་གསུམ་མཚན་ཧཱུཾ་འོད་ཀྱིས། །མཆོག་གསུམ་མ་ལུས་སྤྱན་དྲངས་བསྟིམས། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །དྲི་བྲལ་ལྷུན་རྫོགས་དངོས་གྲུབ་གཏེར། །བླ་མ་ལྷ་ལ་གུས་ཕྱག་འཚལ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །ནོངས་པ་གང་བགྱིས་བཤགས་ཤིང་སྡོམ། །གསང་གསུམ་མཛད་པར་རྗེས་ཡི་རང། །ཟབ་རྒྱས་ཆོས་ཆར་འབེབས་པར་བསྐུལ། །བསྐལ་བརྒྱར་མི་གཡོ་བརྟན་བཞུགས་གསོལ། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །ཐུགས་སྲོག་ཧྲཱིཿཡིག་སྔགས་ཕྲེང་ལས། །འོད་འཕྲོས་མ་དག་སྣོད་བཅུད་སྦྱངས། །འགྲོ་ཀུན་ཕྱག་ན་པདྨོ་ཡི། །གོ་འཕང་མཆོག་ལ་འགོད་པར་གྱུར། །ཅེས་བཟླས་དམིགས་དང་འབྲེལ་ཡིག་དྲུག ༈ ཨོཾ་མ་ཎི་པདྨེ་ཧཱུཾཿ། ཅི་ནུས་བཟླ། ༈ བླ་མ་རྗེ་བཙུན་སྤྱན་རས་གཟིགས། །ཁྱོད་ལས་རེ་ས་གཞན་མེད་པས། །འདི་ནས་བྱང་ཆུབ་མ་ཐོབ་བར། །བརྩེ་ཆེན་ཐུགས་ཀྱིས་རྗེས་གཟུང་མཛོད། །དེ་ལྟར་སྙིང་ནས་གསོལ་བཏབ་མཐུས། །བླ་མ་འོད་ཞུ་རང་ལ་ཐིམ། །གསང་གསུམ་རྡོ་རྗེའི་བྱིན་བརྒྱ་ཡིས། །སྒོ་གསུམ་བྱིན་གྱིས་བརླབ་པར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང། །གོང་ནས་གོང་དུ་འཕེལ་བར་ཤོག། །། ཅེས་པ་འདི་ཡང་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའོ།།qptརྗེ་ཙོང་ཁ་པའི་དྲ་བ།

      ༈ དགེ་སློང་མ་དཔལ་མོས་མཛད་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ།qptརྗེ་ཙོང་ཁ་པའི་དྲ་བ།

      པོ་བསྟོད་བཞུགས་སོ།།qptརྗེ་ཙོང་ཁ་པའི་དྲ་བ།

      ༀ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ།། ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ།། ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ།། འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ།། བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ།། བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ།། ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ།། ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ།། དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ།། ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ།། སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ།། ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ།། དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ།། མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ།། པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ།། སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ།། རིན་ཆེན་མང་པོས་དཔུང་བ་གཉིས་ནི་བརྒྱན་པ་པོ།། ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ།། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ།། སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ།། དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ།། ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ།། གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ།། སྟ་ཟུར་དཀྲིས་པའི་རས་བཟང་ཤམས་ཐབས་འཛིན་པ་པོ།། ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ།། མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ།། རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ།། གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ།། ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུག་ལས་རྒྱལ་བ་པོ།། གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ།། ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ།། ངང་བའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ།། ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ།། འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ།། གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས།། སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་།། བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན།། འདི་ནི་སྐྱེས་པའམ་བུད་མེད་ཡིན་ཡང་རུང་།། སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ།། འཇིག་རྟེན་འཇིག་རྟེན་ལས་འདས་པའི་དགོས་པ་ཀུན་འགྲུབ་འགྱུར།། ཞེས་པའི་བསྟོད་པ་བྱིན་འདི་འདོན་ཐུབ་ན་བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་འདྲ་བར་གསུངས།qptརྗེ་ཙོང་ཁ་པའི་དྲ་བ།

      ༼    ཡང་བསྟོད་པ་རྒྱས་པ་གསུང་འདོད་ན  ༽qptརྗེ་ཙོང་ཁ་པའི་དྲ་བ།

      ༈ འཕགས་བསྟོད་བཞུགས་སོ།qptརྗེ་ཙོང་ཁ་པའི་དྲ་བ།

      ༈ན་མོ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་གི །འགྲོ་ལ་ཆགས་པའི་ཀུན་ཏུ་ཆགས་པའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ། །དེ་ལས་འཁྲུངས་བའི་ཡོན་ཏན་ལྷུན་རྫོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ། །མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་འདྲ་དེ་ལ་འདུད། །དྲི་མེད་ཆུ་སྐྱེས་གསར་པའི་དབུས་སུ་བསིལ་ཟེར་གང་བའི་དཀྱིལ་འཁོར་སྟེང་། །པདྨའི་འདབ་ལྟར་རྣམ་པར་དག་པའི་ཞབས་གཉིས་མཉམ་པའི་ཚུལ་བཞུགས་ཏེ། །འཇིག་རྟེན་དག་ན་ཟླ་བ་ཉ་འདྲ་ཀུན་ཏུ་ལྷམ་མེར་གསལ་བ་ཁྱོད།། མཐོང་བའི་མོད་ལ་སྙིང་གི་གདུང་སེལ་ཀུན་ནས་དགའ་བ་རྒྱས་པར་མཛད། །ཁ་བའི་རེག་པ་ལྟ་བུར་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་བསྲེག །མཐའ་དག་མཚན་མའི་ཆོས་ལས་འདས་ཀྱང་སྤྲོས་པ་དུ་མའི་དཀྱིལ་འཁོར་སྣང་། །སྲིད་ལས་བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བ་རྟག་ཏུ་སྟོན་མཛད་པའི། །སྒྱུ་མ་ཇི་བཞིན་ཁྱོད་ཀྱི་སྤྱོད་ལ་བློ་དང་ལྡན་རྣམས་ངོ་མཚར་འགྱུར། །རྣམ་པ་ཀུན་གྱི་རྗེས་སུ་ཞུགས་པ་སྟོན་མཚན་ནམ་མཁའི་དཀྱིལ་འཁོར་ཏེ། །སྐལ་ལྡན་སྐྱེ་བོས་རྟག་ཏུ་བསྟེན་པས་སྐྱོ་མེད་ས་གཞི་ཉིད་དུ་གྱུར། འཇིག་རྟེན་ཡོངས་ཀྱི་གཏི་མུག་མུན་པར་ཐར་མཛད་ཉི་མ་འབར་བ་དང་། །ཞེ་སྡང་ཡིད་བསྲེག་གདུང་བ་སེལ་བའི་རི་བོང་མཚན་མ་འཛིན་པ་ཅན། །པུཎྚ་རི་ཀ་རབ་ཏུ་བཞད་པའི་ཞལ་གྱི་དཀྱིལ་འཁོར་མཛེས་སྟོན་ཅིང་། །དྲི་མེད་དུང་དང་ཆུ་ཤེལ་ལྟར་དཀར་ལྟ་ན་སྡུག་པའི་ལང་ཚོ་ཅན། །བསམ་ཡས་མཆོད་སྤྲིན་རྒྱས་པའི་དབུས་ན་སྒྲོལ་མཛད་སྒྱུ་མའི་རྩེད་འཇོ་དང་། །བདེ་གཤེགས་རྒྱལ་སྲས་ཁྲོ་བོའི་དཔུང་ཚོགས་གྲངས་མེད་འཁོར་གྱི་དབུས་ན་བརྗིད། །མེ་དང་ཆུ་ཀླུང་སྐལ་བ་ངན་དང་རྒྱལ་པོའི་འཇིགས་པ་ལ་སོགས་པ། །ཤིན་ཏུ་ཉམ་ཐག་གནས་སུ་ལྷུང་བའི་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཀུན། །ཁྱོད་ཀྱི་འོད་ཟེར་ཟླ་བ་བཀྲུས་འདྲའི་ལུ་གུ་རྒྱུད་ཀྱིས་ཉེར་དྲངས་ནས། །ལྷ་ཡི་དཔལ་དང་རབ་ཏུ་ལྡན་པའི་བདེ་བ་མཆོག་ལ་མངོན་པར་སྦྱོར།།དྲི་ཞིམ་ལན་བུ་སྤྱི་བོར་བཅིངས་པ་ནམ་མཁའི་འོད་དང་རབ་འདྲེས་ལ། །རྒྱལ་བའི་དབང་པོ་འོད་དཔག་མེད་སྐུ་རིགས་ཀྱི་ཅོད་པན་དབུ་ལ་མཛེས། །ཕྱག་གཡས་མཆོག་སྦྱིན་རྩེ་མོ་ལས་བབས་བདུད་རྩི་དཀར་བོའི་ཐིགས་པ་ནི། །མུ་ཏིག་འོད་ཆགས་རྟག་ཏུ་ལྷུང་བས་ཡི་དྭགས་ཀུན་གྱི་གདུང་བ་འཇོམས། །ཕྱག་གཡོན་སྟ་ཟུར་ངོས་ལ་བརྟེན་པའི་འགྱིང་བག་ཡིད་འོང་གཙང་མའི་སྐུ། །ཚངས་དབང་ལ་སོགས་དྲེགས་ལྡན་འདུད་པས་ཁྱོད་ནི་འཇིག་རྟེན་ཀུན་དབང་ཕྱུག །འཁོར་ལོ་པདྨ་མདའ་དང་གཞུ་ཡི་ཕྱག་རྒྱ་སོགས་ཀྱིས་རབ་སྤ་བའི། །སྟོང་ཕྲག་ཕྱག་དང་སྤྱན་སྟོང་མངའ་བ་བཅུ་གཅིག་ཞལ་བཟང་ཡང་དག་སྟོན། །ལ་ལར་གདུག་ཅན་ཀླུ་ཡི་དེད་དཔོན་སེང་གེའི་སྒྲ་དང་གཞན་དུ་ནི། །དོན་ཡོད་ཞགས་དང་མགྲིན་སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྱེད། །རེས་འགའ་བགེགས་འཇོམས་ཁྲོ་རྒྱལ་རྟ་མགྲིན་ལེགས་ལྡན་ནག་པོའི་ཚུལ་ལ་སོགས། །དྲག་ཤུལ་ས་གསུམ་འགས་པ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་མངའ། །ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས། །དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱོད་ཀྱི་སྤྲུལ་པ་དེ་སྙེད་ཅིག །རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ཡིན་ཏེ། །ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབད་པའི་རྟོག་པ་མངའ་མ་ལགས། །རྣམ་པ་འགར་ཡང་འགྲོ་བའི་དོན་དུ་མི་འགྱུར་ཚིག་ནི་ཡོངས་སུ་སྤངས། །རང་རང་བློ་དང་རྗེས་སུ་མཐུན་པའི་འགག་མེད་དབྱངས་ཀྱི་ཡན་ལག་ནི། །རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པའི་ཆོས་ལམ་ཉེ་བར་སྟོན་མཛད་པ། །ཁྱོད་གསུང་སུ་ཡི་རྣ་བར་ལྷུང་ཡང་བཀའ་ལ་ཡང་དག་གནས་པར་འགྱུར། །དྲི་ཟའི་རྒྱུད་མང་སྒྲ་དང་འཐབ་པའི་ཡིད་འོང་ན་ཆུང་གླུ་ལྟ་བུ། །ཡིད་དུ་འཐད་ཀྱང་ཆགས་ལྡན་རྣམས་ཀྱི་ཡུལ་གྱི་འདོད་པ་མ་ལུས་འཇོམས། །ནམ་མཁའ་ཁྱབ་པའི་འབྲུག་སྒྲ་ཇི་བཞིན་ཟབ་མོར་འབྱིན་ཡང་དེ་ཡི་མོད། །འཇིགས་པས་སྐྲག་པ་དེ་དག་གི་ཡང་སྡུག་བསྔལ་མིང་གི་ལྷག་མར་མཛད།།འཁོར་བ་པ་རྣམས་རྟག་ཏུ་གཡོ་བའི་སྐྱེ་བ་ཡང་དག་སྒྲོལ་སླད་དུ། །རྣམ་པ་ཀུན་ལྡན་གསང་འཐོར་སྒྲོག་པའི་ཆོས་ཀྱི་འཁོར་ལོ་སྔོན་འགྲོ་བ། །དུས་གསུམ་གཏོགས་པའི་རྒྱལ་བ་ཀུན་གྱི་གསུང་དབྱངས་ངེསཔར་རབ་རྫོགས་པས།།བླ་མེད་འབྱོར་པའི་དབང་ཕྱུག་ཁྱོད་ནི་འཇིག་རྟེན་ཀུན་གྱི་བླ་མར་གྲགས། །སྐྱེ་བོ་གང་དག་རང་སྡུག་ཉིད་ཀྱང་རེས་འགའ་ཁྲོ་བའི་དབང་གྱུར་ཏེ། །གསོད་པར་བརྩམས་མོད་ཁྱོད་ཀྱིས་འགྲོ་རྣམས་བུ་དང་འདྲ་བར་རྟག་དགོངས་ནས། །གནོད་འགྱུར་ཆ་ཙམ་ཐུགས་ཀྱིས་དགོངས་པ་རིང་མོ་ཞིག་ནས་བཏང་བས་ན། །བདག་འདྲ་རང་ལ་བརྩེ་བ་དེས་ཀྱང་ཁྱོད་ཐུགས་སྙིང་རྗེའི་ཆར་མི་ཕོད། །ག་བུར་ཙན་དན་ཨུ་ཤིར་ལ་སོགས་ཆབ་ཀྱིས་སྦངས་པ་ལྟར་བསིལ་བའི། །ཞི་བའི་གཟིགས་སྟངས་ནམ་ཡང་མི་འཛུམ་རིགས་དྲུག་སྤྱན་རས་བཙའ་མོད་ཀྱི། །མྱོང་སྣང་སྤྲོས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་དགོངས་པ་ནི། །བདེ་བ་མཆོག་གིས་རྟག་ཏུ་འཁྱུད་བཞིན་གཡོ་བ་མེད་ལ་ཕྱག་འཚལ་ལོ། །ཕྱོགས་ཀུན་འབར་བའི་མེ་ལྕེས་བསྲེག་ཅིང་ཁ་གདངས་མིག་རྩ་དམར་ཁྲོས་པའི། །གཤེད་མས་ཁོར་ཡུག་ཀུན་ནས་འཇིགས་བསྐྱེད་ལ་ལ་ཟངས་ཞུན་འབར་བའི་ཁྲོད། །འབྲུ་ལྟར་འཚོད་པའི་ཚ་དམྱལ་གནས་སུ་བདུད་རྩིའི་ཆར་གྱིས་བསིལ་བ་དང་། །ཤ་རུས་འགས་བྱེད་གྲང་བས་ཉེན་རྣམས་དྲོ་བའི་རེག་པས་སྐྱོབ་ཏུ་གསོལ། །ལྟོ་བ་རི་མཚུངས་མགྲིན་པ་འགག་ཅིང་ཡན་ལག་རྩ་ཕྲན་བཞིན་དུ་ཕྲ། །ལུས་བསྐམས་ཐལ་བས་རབ་གཡོགས་ལྷུ་ཚིགས་འཐབ་ལས་མེ་ཡི་ཚ་ཚ་འབབ། །ཆུ་ཀླུང་དག་ཀྱང་བལྟས་པ་ཙམ་གྱིས་སྐེམ་འགྱུར་རྟག་ཏུ་ངལ་བ་དང་། །བཀྲེས་པས་གདུང་བའི་ཡི་དྭགས་རྣམས་ལ་ཟས་གོས་བདུད་རྩིའི་ཆར་བ་སྩོལ། །ཟས་ཁམ་ཙམ་གྱི་འདོད་ལ་སྲེད་པས་ཕྲ་མོའི་བདེ་བ་དེ་ཡི་སླད། །གཅེས་བའི་སྲོག་ཀྱང་ཡལ་བར་འདོར་བགྱིད་བླང་དོར་འགའ་ཡང་སྐབས་མི་ཕྱེད། །དབྱིབས་དང་ཁ་དོག་མི་སྡུག་ལ་བརྟེན་ཤིན་ཏུ་སྐལ་དམན་དུད་འགྲོ་རྣམས། །མྱུར་དུ་དགེ་བའི་དྲན་པ་ཐོབ་ཅིང་བདེ་བས་འཚོ་བ་སྩལ་དུ་གསོལ། །ནོར་བུ་འབར་བའི་གཞལ་མེད་ལ་བརྟེན་ཚངས་པའི་རྒྱལ་པོའི་དཔལ་དེ་ཡང་། །མི་རྟག་ཉམས་ནས་མནར་མེད་མེ་ནང་རུས་པ་རྐང་ཡང་འབར་འགྱུར་ཞིང་། །རེག་ན་བདེ་བའི་མལ་སྟན་འཇམ་དང་ཡིད་འོང་སྐྱེད་ཚལ་ངོགས་རྩེ་བའི། །ལྷ་བུ་ཉིད་ཀྱང་འགྱུར་བྱེད་འཐུང་ཞིང་ལྕགས་ཀྱི་ཚེར་རྣོན་ཐང་ལ་འདྲད། །མཐོ་བ་ཉིད་ཀྱང་མི་རིང་དུས་སུ་རྐང་པས་བསྣུན་འོས་བྲན་དུ་འགྱུར། །ལང་ཚོ་འདི་ཡང་ཡུད་ཀྱིས་ཉམས་འགྱུར་སྟོན་མཐའི་མེ་ཏོག་ཇི་ལྟ་བུ། །འབྱོར་བ་འདི་ཡང་དུས་ཀྱིས་འདོར་ངེས་བརྙན་པོའི་རྒྱན་ལ་དགའ་སྙམ་བཞིན། །བདག་གི་ཚེ་ཡང་གློག་འོད་འགྱུ་བཞིན་སྐད་ཅིག་ཙམ་ཞིག་འདིར་སྣང་སྟེ། །འཇིག་རྟེན་འདི་ཡི་ཕ་རོལ་ཞེས་བྱ་སྔར་འདྲིས་དངོས་པོ་ཐག་བསྲིང་བའི། །མུན་ཁྲོད་སྟུག་པོར་བདག་ཉིད་གཅིག་པུ་རྣམ་པར་འཁྱམས་འགྱུར་དེ་ཡི་སླད། །འཇིགས་རུང་འཁོར་བར་ཉོན་མོངས་སྒྱུ་ཡིས་སྙིང་ལ་མངོན་པར་བསླུས་གྱུར་པ། །བདག་ཅག་སྡུག་བསྔལ་རྒྱ་མཚོ་འདི་ནས་ཐུགས་རྗེའི་ཕྱག་གིས་དྲང་དུ་གསོལ། །གངས་ཅན་རི་ཡིས་བསྐོར་བའི་ཞིང་འདིར་ཐུབ་པའི་བསྟན་སྲོལ་གནས་མོད་ཀྱི། །ཆོས་བྱེད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུར་ངོ་ཚ་སྤངས་ནས་ནི། །ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་བལྟ་དམ་པས་སྨད་པའི་ལས་ལ་འཇུག །ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་བོའི་ཕྲག་ཏུ་ནུབ་ལ་ཉེ། །སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ། །དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ། །མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པས་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་དམ་དེ་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བསྟེན། །ཁྱོད་ཀྱི་མཚན་ཡང་བྱིན་གྱིས་བརླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང་། །སངས་རྒྱས་གྲངས་མེད་བསྙེན་པའི་ལས་དང་ཁྱོད་མཚན་འཛིན་ཙམ་འབྲས་མཚུངས་ཞེས། །དྲང་སྲོང་བདེན་པའི་ཚིག་གིས་བསྟན་བཞིན་བདག་ཅག་རེ་བས་གསོལ་འདེབས་ན། །མགོན་པོ་གཞན་དུ་གཡེལ་བའི་ཐུགས་སྤངས་ཉམ་ཐག་སེམས་ཅན་སྐྱོབ་ཏུ་གསོལ། །སྐྱེ་བོ་ཐམས་ཅད་དཀོན་མཆོག་གསུམ་པོ་གུས་པས་ཉེས་བར་བསྟེན་པ་དང་། །ལས་དང་འབྲས་བུའི་གནས་ལ་དད་པས་རྟག་ཏུ་ཆོས་ཀྱི་ལམ་དུ་འཇུག །སྣ་ཚོགས་ཁམས་དང་སྐལ་བར་འཚམས་པའི་ཞི་ཁྲོའི་ཆོ་འཕྲུལ་དཔག་མེད་ཀྱིས། །སྲིད་པ་ཉམ་ངའི་གནས་འདིར་ལྷུང་བའི་གཉེན་རྣམས་བདེ་ལ་སྦྱོར་དུ་གསོལ། །རབ་གུས་བདག་ཀྱང་དེ་ཉིད་འབྱེད་པའི་བློ་གྲོས་དྲི་མ་མེད་པ་དང་། །སྲིད་ལ་སྐྱོ་དང་སྙིང་རྗེས་གཞན་དོན་སྐྱེ་བ་དུ་མར་སྤྱོད་ལ་བརྩོན། །བདུད་སྡེ་མཐའ་དག་ཕམ་པར་བྱེད་པའི་མཐུ་ཆེན་ཕ་རོལ་ཕྱིན་ཐོབ་སྟེ། །རྣམ་དག་དགའ་ལྡན་ཆོས་ཀྱི་ཚུལ་དང་འགྲོ་བ་དུས་རིང་སྐྱོང་གྱུར་ཅིག །བློ་གྲོས་དམན་ཡང་ཁོ་བོའི་ཡིད་ཀྱི་འོ་མཚོ་གྱེན་དུ་འཕྱུར་བའི་མཐུས། །བསྟོད་ཅིང་སྨྲེ་བའི་འཕྲེང་བ་རབ་མཛེས་དབུ་བ་དཀར་པོ་རྒོད་པ་འདི། །ཀློག་གམ་ཐོས་སམ་དྲན་པ་དེ་ཡང་སྡིག་པའི་དྲི་མ་རྣམ་དག་ཅིང་། །གྲུ་འཛིན་ཞིང་དུ་རྒྱལ་བ་མཆོག་རབ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ཤོག ། (ཅེས་པ་ཚར་གཅིག) དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་བསྟོད་ཅིང་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དང་བཅས་པ་ཕན་བདེའི་ཆར་འབེབས་ཞེས་བྱ་བ་འདི་ནི་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ། ། ། །qptརྗེ་ཙོང་ཁ་པའི་དྲ་བ།

      ༈ སྨྱུང་གནས་ཀྱི་ཕྱག་བཞེས་ཇི་ལྟར་བྱུང་བ་དང་། དེའི་ཕན་ཡོན། ཇི་ལྟར་སྲུང་ཚུལ། སྒྲ་དོན་དང་ཐེག་ཆེན་གསོ་སྦྱོང་དང་སོ་ཐར་གྱི་བསྙེན་གནས་ཡན་ལག་བརྒྱད་པ་གཉིས་མི་འདྲ་བའི་ཚུལ་བཅས་རིམ་བཞིན་བཞིན་འགོད་པ་ལ།qptརྗེ་ཙོང་ཁ་པའི་དྲ་བ།

      ༼    དང་པོ་ཕྱག་བཞེས་ཇི་ལྟར་བྱུང་བ་ནི༽   qptརྗེ་ཙོང་ཁ་པའི་དྲ་བ།

      དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྨྱུང་གནས་ཀྱི་སྒོ་ནས་སྒྲུབ་པ་བྱེད་ཚུལ་ལས་བྱུང་བ་ཞིག་སྟེ། སྔོན་དུས་དགེ་སློང་མ་དཔལ་མོ་མཛེ་ནད་དྲག་པོས་བསྙུན་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་ཅིང་སྨྱུང་གནས་ཀྱི་དཀའ་ཐུབ་ལ་བརྟེན་ནས་སྒྲུབ་པ་ཡུན་རིང་མཛད་པ་ན་འཕགས་པས་ཞལ་གཟིགས་ཤིང་རྗེས་སུ་བཟུང་བས་མཛེ་ནད་ལས་གྲོལ་ཏེ་མཆོག་གི་དངོས་གྲུབ་བརྙེས་པར་གྲགས་ལ། དེའི་ཕྱིས་ཀྱང་འཕགས་བོད་ཀྱི་མཁས་གྲུབ་གནམ་གྱིས་ས་བཀབ་ལྟ་བུའི་བླ་མ་སྐྱེས་བུ་དམ་པ་མང་བོས་ཀྱང་གདམས་པ་དེ་ཐུགས་ཉམས་སུ་བསྟར་བས་སྒྲུབ་སྦྱོང་ལ་བོགས་ཐོན་ཅིང་ལྷའི་ཞལ་དངོས་སུ་གཟིགས་པ་སོགས་ཀྱི་རྟགས་དང་མཚན་མ་ཇི་སྙེད་ཅིག་བྱུང༌ནི་རྣམ་ཐར་དག་ལས་རྒྱས་པར་འབྱུང་བས་འདིར་མི་སྤྲོ།།qptརྗེ་ཙོང་ཁ་པའི་དྲ་བ།

        ༼   གཉིས་པ་ཕན་ཡོན་ནི།  ༽qptརྗེ་ཙོང་ཁ་པའི་དྲ་བ།

      དེ་ལྟ་བུའི་གདམས་པ་བར་མ་ཆད་པའི་མན་ངག་ལ་བརྟེན་ཅིང་ཟས་བཅད་དེ་སྨྱུང་བར་གནས་པས་ལུས་ཀྱི་སྡིག་སྒྲིབ་དག་ཅིང་། ཐ་མལ་བའི་གཏམ་མི་སྨྲ་བར་ངག་བཅད་བྱས་པས་ངག་གི་སྒྲིབ་འདག་པ་དང་། ཆགས་སྡང་གི་ངན་རྟོག་བཀག་སྟེ་དད་པ་དང་ཡིད་བཟླས་བྱས་པས་ཡིད་ཀྱི་སྡིག་སྒྲིབ་དག་པ་དང་། ཡང་ལུས་ཀྱིས་ཟས་བཅད་དེ་དཀའ་ཐུབ་ལ་གནས་པས་ཕྱི་མ་རྣམས་སུ་ཡི་དྭགས་སུ་སྐྱེ་འགྱུར་གྱི་ལས་ངན་སྡིག་སྒྲུབ་འདག་པ་དང༌། ཐ་མལ་པའི་ངག་བཅད་ཀྱི་དཀའ་ཐུབ་ལ་གནས་པས་ཕྱི་མ་རྣམས་སུ་དུད་འགྲོར་སྐྱེ་འགྱུར་གྱི་ལས་ངན་སྡིག་སྒྲུབ་འདག་པ་དང་། ཡིད་ལ་ཐ་མལ་བའི་ངན་རྟོག་བཀག་སྟེ་ལྷའི་རྣམ་འབྱོར་དང་གཟུངས་སྔགས་ཟབ་མོའི་ཡིད་བཟླས་བྱས་པས་ཕྱི་མ་རྣམས་སུ་དམྱལ་བར་སྐྱེ་འགྱུར་གྱི་ལས་ངན་སྡིག་སྒྲུབ་ཀྱང་སྦྱོང་བར་གསུངས།qptརྗེ་ཙོང་ཁ་པའི་དྲ་བ།

      ༼    གསུམ་པ་ཇི་ལྟར་སྲུང་ཚུལ་ནི  ༽qptརྗེ་ཙོང་ཁ་པའི་དྲ་བ།

      བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་དུས་ཆེན་དང་། ས་ག་ཟླ་བའམ་བོད་ཟླ་བཞི་བའི་ཚེས་བདུན་ཉིན་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པའི་དུས་ཆེན་དང༌། ཚེས་བཅོ་ལྔའི་ཉིན་ནི་ཁོང་ལྷུམས་སུ་ཞུགས་པ་དང་སངས་རྒྱས་པ། ཡུལ་རྩ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདའ་ཚུལ་བསྟན་པའི་དུས་ཆེན་སུམ་འཛོམས་ཀྱི་ཉིན་མོ་དང། བོད་ཟླ་དྲུག་པའི་ཚེས་བཞིའི་ཉིན་ཆོས་འཁོར་བསྐོར་བའི་དུས་ཆེན་དང་། བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་སྟོན་པ་མཆོག་ལྷ་ལས་བབས་པའི་དུས་ཆེན་ཡིན་པས། གཅིག་ནས་ང་ཚོ་ནང་བ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་རྣམས་ཀྱིས་སྟོན་པ་ཤཱཀྱ་ཐུབ་པར་གུས་བཀུར་དང་ཁོང་གི་བླ་ན་འཕགས་པའི་མཛད་རྗེས་ལ་རྗེས་དྲན་ཞུ་བ་དང༌། གཉིས་ནས་རང་གིས་ཀྱང་དུས་ཆེན་ཁྱད་པར་བ་འདི་ལ་བརྟེན་ནས་ཁོང་གིས་ལམ་སྟོན་གནང་བའི་གདམས་པ་ཟབ་མོ་ཉམས་སུ་བླངས་ཏེ་ཚོགས་གསོག་སྒྲིབ་སྦྱོང་བཟང་བོ་ཞིག་བྱེད་འདོད་ཀྱི་བློ་ཤིན་ཏུ་བརྟན་པས་ཉམས་ལེན་བྱེད་པ་དང་། ཉིན་འདི་དག་ཏུ་རབ་བྱུང་བ་དང་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཐེག་ཆེན་གསོ་སྦྱོང་བླངས་ཏེ་སྨྱུང་བར་གནས་པའང་ཡོད། སྤྱིར་སྨྱུང་གནས་ནི་སྨྱུང་པར་གནས་པ་སྟེ་ཟས་སྐོམ་མི་སྤྱོད་པར་བསམ་པ་ཁྱད་པར་བས་ལྟོགས་སྐོམ་གྱི་དཀའ་ཐུབ་ལ་གནས་པའི་དོན་ཡིན། དེ་སྲུང་པ་པོ་ལ་མི་རྣམས་ཀྱིས་སྨྱུང་གནས་པ་ཞིང་། དུས་ནི་སྔར་གྱི་དུས་ཆེན་ཁྱད་པར་དེ་དག་གིས་མཚོན་སྐྱེས་ཆེན་དམཔ་དག་གི་འཁྲུངས་འདས་དང་། རླབས་ཆེན་མཛད་པ་མཛད་པའི་ཚེས་སྤྱི་དང་། ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་བརྒྱད་གསུམ་སོགས་བཟང་བར་བཤད། སྨྱུང་བར་གནས་ཡུན་གཅིག་ལ། ཉིན་གསུམ་དུ་གནས་དགོས་པ་ཡིན། དེ་ཡང་ཉིན་དང་བོའི་གུང་ཚུགས་ཀྱི་ཟས་གྲུབ་ནས་ཉིན་དེའི་མཚན་ཐུན་དང་པོའི་མཐའ་ཚུན་ཆད་དུ་རུང་ཇ་ཞེས་པ་རྒྱུ་དུས་རུང་གི་འོ་མ་ཆུའམ་ཇ་ཁུ་དང་མཉམ་བསྲེས་བྱས་པ་དང་། ཤིང་ཏོག་གི་ཁུ་བ་ཡིན་ཡང་རུང་འདམ་བུ་ཉག་མའི་མདོག་ལྟ་བུ་ཅུང་ཟད་སླ་བ། ཚགས་ལ་བཙག་པ་རུང་ཆུ་བཏབ་ཏེ་འཐུང་རུང་ཡང་། ཉིན་གཉིས་པ་དང་གསུམ་པའི་ཡང་ཐོ་རེངས་པར་ཆུ་ཕར་ཟད་ཐ་ན་རང་གི་མཆུ་མའང་མིད་མི་ཆོག་པར་གསུངས། ཉིན་གཉིས་པ་དང་གསུམ་པའི་ཐོ་རེངས་པར་ངག་བསྡམ་དགོས་ཀྱང་མ་ཎི་སོགས་བཏོན་ན་དགེ་བ་ཡིན་གྱི་སྐྱོན་མིན། ས་ཆ་ལ་ལར་ཐུན་གྱི་དུས་སུ་དོན་དག་གལ་ཆེན་ལ་ཐུག་དུས་ཁ་ཕྱེས་མ་བཙུམ་གྱིས་ལྡབ་ལྡིབ་ཀྱིས་སྨྲ་བའང་ཡོད་མོད་དེ་ནི་སྲུང་ཚུལ་མ་ཤེས་པའི་སྐྱོན་ཡིན། སྨྱུང་གནས་ལ་མི་རང་ངོས་དང་གཞན་སྐུལ་གྱིས་ཞུགས་པའང་ཡོད་ལ། ད་དུང་ཚོགས་པ་འདུས་ནས་ཉམས་སུ་ལེན་པའང་ཡོད་དེ། དཔེར་ན། ཨ་མདོའི་ཀན་ལྷོའི་ས་ཆ་ལ་ལ་དང་མཚོ་ལྷོ། རྨ་ལྷོའི་ས་ཆ་ལ་ལར་ལོ་རེའི་ཟླ་བཞི་བའི་ཚེས་བཅོ་ལྔ་དང་དགུ་བའི་ཉེར་གཉིས་ལ་ཁྱིམ་རེ་ནས་ཁྱིམ་སྲུང་ངམ་ནོར་ལུག་འཚོ་བའི་མི་གཅིག་གཉིས་མ་གཏོགས་ཚང་མ་ཁོ་རང་ཚོའི་དགོན་པའི་འདབས་སུ་སྒར་བཏབ་ནས་སྐྱ་སེར་དུས་གཅིག་ཏུ་སྨྱུང་བར་གནས་པ་དང་། ཡང་ཡུལ་ཁག་ཕྱོགས་འདུས་ཀྱི་སྔགས་ཁང་ངམ་མ་ཎི་ཁང་སོགས་སུ་དགེ་འདུན་པ་བཞི་སོགས་སྤྱན་དྲངས་ནས་ཐེག་ཆེན་གསོ་སྦྱོང་ལེན་པ་སྔོན་དུ་སོང་ནས་འཕགས་པ་ཐུགས་རྗེ་ཆེན་པོའི་ཆོ་ག་དང་འབྲེལ་བའི་སྒོས་མ་ཎི་དུང་སྒྲུབ་དང་སྨྱུང་གནས་སྲུང་བ་སོགས་སྔོན་གྱི་ཕྱག་སྲོལ་བཟང་པོ་མ་ཉམས་པར་རྒྱུན་གནས་ཐུབ་པའང་ཕྱོགས་གང་སར་མཐོང་རྒྱུ་ཡོད་པ་དེ་དག་ནི་བསྔགས་པའི་འོས་སུ་སྣང་ངོ།། སྨྱུང་གནས་ཀྱི་གུང་ཚུགས་ཀྱི་ཟས་ལ་ཞོ་དང་འོ་མ། གྲོ་མ་དང་། འབྲས་སིལ། རྒུན་འབྲུམ། ཀ་ར་སོགས་ཞིམ་མངར་འཛོམས་པའི་དཀར་ཟས་སོགས་འཛོམས་ན་རབ་དང་། དེ་མིན་ཡང་དམར་ཟས་དང་། སྒོག་ཙོང་སོགས་གཏན་ནས་མི་རུང་བ་ཡིན། སྨྱུང་གནས་ཀྱི་ཉིན་གསུམ་པའི་ཐོ་རེངས་ཀྱི་དུས་སུ་ཐོག་མར་འཕགས་པ་ཐུགས་རྗེ་ཆེན་པོའི་ཆོ་གའི་སྒོ་ནས་སྒྲུབ་པའི་བུམ་ཆུ་ཀ་ར་དང་མཉམ་བསྲེས་ཀྱི་ཆབ་ཉུང་ཙམ་འཐུང་རྗེས་ཐོར་ཐུག་འཐུང་བའི་ཕྱག་སྲོལ་འང་འདུག།qptརྗེ་ཙོང་ཁ་པའི་དྲ་བ།

      ༼    སྨྱུང་གནས་ཞེས་པའི་སྒྲ་དོན་དང་། ཐེག་ཆེན་གསོ་སྦྱོང་དང་། སོ་ཐར་བསྙེན་གནས་ཡན་ལག་བརྒྱད་པ་གཉིས་མི་འདྲ་བའི་ཚུལ་ནི།༽   qptརྗེ་ཙོང་ཁ་པའི་དྲ་བ།

      སྨྱུང་གནས་ནི་ཡན་ལག་བརྒྱད་པའི་ཐེག་ཆེན་གསོ་སྦྱོང་དང་འབྲེལ་ནས་སྲུང་བ་ཆེས་མང་བས་དེ་ལ་བསྙེན་གནས་ཀྱི་ཐ་སྙད་འདོགས་པའང་ཡོད་ཀྱང་དེ་ནི་མ་གོ་བའི་བརྡ་ཞིག་སྟེ། སྤྱིར་སྨྱུང་བར་གནས་པའི་དོན་ནི་ཟས་སྐོམ་བཀག་སྟེ་ལྟོགས་པར་གནས་པའི་དོན་ཡིན་ལ། ཐེག་ཆེན་གསོ་སྦྱོང་དང་། སོ་ཐར་གྱི་བསྙེན་གནས་ཡན་ལག་བརྒྱད་པ་གཉིས་སྲུང་བྱ་ཡན་ལག་ལྔ་སྲུང་དགོས་པ་ཙམ་དུ་འདྲ་ཡང་དོན་མི་འདྲ་སྟེ། ཐེག་ཆེན་གསོ་སྦྱོང་ནི་ཀུན་སློང་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་དང་། དངོས་གཞི་གཞན་དོན་དུ་སྦྱིན་སོགས་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་བརྩོན་པ་དང་། མཇུག་ཏུའང་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་རང་དོན་ཡིད་བྱེད་ཀྱི་སེམས་པ་ཅུང་ཟད་ཙམ་དང་ཡང་མ་འདྲེས་བར་དགེ་བ་གང་བྱས་བྱང་ཆུབ་མཆོག་ཏུ་བསྔོ་བའི་ཐེག་ཆེན་གྱི་ཡན་ལག་ལྔའི་སྡོམ་པ་སྲུང་བ་ཞིག་ངེས་པར་དགོས་ལ། སོ་ཐར་གྱི་བསྙེན་གནས་ཡན་ལག་བརྒྱད་པ་ནི་བསམ་པ་རང་དོན་ཡིད་བྱེད་དང་། དངོས་གཞིའང་གཙོ་བོར་རང་རྒྱུད་ཀྱི་ཉོན་མོངས་འདུལ་ཐབས་ལ་འབད་ཅིང་། མཇུག་ཏུ་འང་མཐར་ཐུག་རང་ཉིད་ཁམས་གསུམ་འཁོར་བ་ལས་གྲོལ་བའི་དགྲ་བཅོམ་ཐོབ་པའི་ཕྱིར་ཐེག་དམན་གྱི་ཡན་ལག་ལྔའི་སྡོམ་པ་སྲུང་བ་ཙམ་གྱིས་ཆོག་པས་ན་བསྲུང་བྱའི་གྲངས་ཙམ་འདྲ་ཡང་། དགེ་བའི་འགྱུར་ཁྱད་དང་ས་ཆོད་ཆེ་ཆུང་ཡང་མི་འདྲ་བས་དོན་གཏན་ནས་མི་འདྲ། འོན་ཀྱང་དེ་གཉིས་ཉིན་ཞག་གཅིག་ཙམ་དུ་ཁས་ལེན་པ་དང༌། སྤང་བྱ་བརྒྱད་སྤོང་བར་ཁས་ལེན་པ་ཙམ་ལ་ནི་འདྲའོ།། ཇི་སྐད་དུ། རི་ལུང་བ་གསེར་གྱིས་བཀང་ན་ཡང༌། །རང་འཆི་དུས་རྡུལ་ཙམ་འཁྱེར་དབང་མེད།། གཟུངས་ཡིག་དྲུག་ཚར་གཅིག་བཏོན་ན་ཡང༌། །དེ་འཇིག་རྟེན་ཕྱི་མའི་ལམ་རྒྱགས་ཡིན། ། ཆོས་གཅིག་ལ་བྱིན་རླབས་ཆེ་བ་དེ། །སྔགས་གཟུངས་མཆོག་ཡི་གེ་དྲུག་མ་ཡིན། ། ཁོང་བྱིས་བ་ཚུན་ཆད་ཤེས་བ་དེ། །ངེད་བོད་གྱི་ཆོས་སྐལ་ཡིན་པའི་རྟགས། ། མི་སྡིག་ཅན་བཙན་ཐབས་འཚང་རྒྱའི་ཆོས། །དཀོར་བག་ཆགས་ངན་པ་སྦྱོང་བ་ལ། ། ཆེས་ཟབ་པའི་མཐར་ཐུག་སྨྱུང་གནས་ཡིན། །འདིའི་ཕན་ཡོན་ནམ་མཁའི་མཐའ་དང་མཉམ།། དུས་དེང་སང་ངན་པ་མགོ་མཐོ་ཡང༌། །ལམ་བར་དོའི་འཕྲང་རིང་བརྒལ་བའི་ཉིན། ། དགྲ་གཤིན་རྗེའི་དམག་གིས་བསྐོར་བའི་ཚེ། །ཆོས་ཚུལ་བཞིན་བྱས་བའི་མི་དེ་སྐྱིད། །ཞེས་གསུང་བ་ཡིན་ནོ།།qptརྗེ་ཙོང་ཁ་པའི་དྲ་བ།

      ༈ ཡིག་གེ་དྲུག་མའི་དོན་དང་ཕན་ཡོན་བཞུགས་སོ།།qptརྗེ་ཙོང་ཁ་པའི་དྲ་བ།

      ༼    ཡི་གེ་དྲུག་མའི་དོན།༽  qptརྗེ་ཙོང་ཁ་པའི་དྲ་བ།

      ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་དྲུག་མ་འདི་ནི། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཡིན། ཆོས་ཀྱི་སྙིང་བོ་མ་ཎི་ཡི་གེ་དྲུག་པ་འདི་ཉིད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་གཅིག་ཏུ་བསྡུས་པ། བདེ་བར་གཤེགས་པ་རིགས་ལྔ་དང་། གསང་སྔགས་རྒྱུད་སྡེ་ཀུན་གྱི་ཡང་སྙིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དང་དངོས་གྲུབ་ཀྱི་རྩ་བ་ཡིན་ཞིང་། དེ་ཡང་། ཨོཾ་ནི་སྔགས་ཀྱི་མགོ་འདྲེན། མ་ཎི་ནི་ནོར་བུ། པདྨེ་ནི་མེ་ཏོག་པདྨ། ཧཱུྃ་ནི་ཐུགས་རྡོ་རྗེའི་ས་བོན་ཏེ། བདག་རྗེས་སུ་ཟུངས་ཤིག་ཅེས་སྐུལ་བར་བྱེད་པའི་ཚིག་ཡིན། དོན་དུ་ནོར་བུ་པདྨའམ་པདྨ་ནོར་བུ་འཛིན་པས་བདག་ལ་སྐྱོབས་ཞེས་ཟེར་བ་ཡིན། དེ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་གཡས་པ་ལ་ནོར་བུ་དང་། གཡོན་པ་ལ་པདྨ་བསྣམས་ཡོད་པས་ནོར་བུ་པདྨ་འཛིན་པ་ཞེས་ཞུ་བ་ཡིན། གང་ལྟར། ཀྱཻ་ནོར་བུ་པདྨ་བསྣམས་པའི་སྤྱན་རས་གཟིགས།བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་བྱིན་གྱིས་བརླབ་ཏུ་qptརྗེ་ཙོང་ཁ་པའི་དྲ་བ།

      གསོལ་ཞེས་བསྐུལ་བ་ཡིན། ཡི་གེ་དྲུག་མའི་ཕན་ཡོན། གཟུངས་སྔགས་ཡི་གེ་དྲུག་མ་ཚུལ་བཞིན་དུ་བཏོན་ན་ཕན་ཡོན་ཚད་མེད་པ་ཡོད་པ་མ་ཎི་བཀའ་འབུམ་སོགས་སུ་གསུངས་ལ། མདོར་བསྡུས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོསགསུངས་པ་ནི་གཤམ་གསལ་ལྟར་ཡིན། དེ་ཡང་ཆོས་སྐྱོང་བའི་སྲོང་བཙན་སྒམ་པོས་ཡི་གེ་དྲུག་མའི་རིག་སྔགས་འདི་བཟླས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་རྣམས་རྫོགས་པར་འགྱུར་ཏེ། ༡ ཨོཾ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། ། ༢ མས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། ། ༣ ཎིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། ། ༤ པད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། ། ༥ མེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། ། ༦ ཧཱུྃ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར། ཡི་གེ་དྲུག་པའི་རིག་སྔགས་འདི་བཟླས་པས་དངོས་གྲུབ་དྲུག་འཐོབ་པར་འགྱུར་རོ། ། ༡ ཨོཾ་གྱིས་མཆོག་གི་དངོས་གྲུབ། ༢ མས་ཐུན་མོང་གི་དངོས་གྲུབ། ༣ ཎིས་ནད་གདོན་ཞི་བའི་དངོས་གྲུབ། ༤ པད་ཀྱིས་ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ། ༥ མེས་མི་ནོར་ཟས་གསུམ་དབང་དུ་འདུ་བའི་དངོས་གྲུབ། ༦ ཧཱུྃ་གྱིས་དགྲ་བགེགས་གནོད་བྱེད་ཚར་གཅོད་པའི་དངོས་གྲུབ་འཐོབ་ པར་འགྱུར་རོ། ། ཡི་གེ་དྲུག་པ་འདི་བཟླས་པས་རྩ་བའི་ཉོན་མོངས་པ་དྲུག་དག་པར་འགྱུར་རོ། ། ༡ ཨོཾ་གྱིས་ཉོན་མོངས་པ་གཏི་མུག ༢ མས་ཞེ་སྡང་། ༣ ཎིས་སེར་སྣ། ༤ པད་ཀྱིས་འདོད་ཆགས། ༥ མེས་ཕྲག་དོག ༦ ཧཱུྃ་གྱིས་ང་རྒྱལ་གྱི་སྒྲིབ་པ་དག་པར་འགྱུར་རོ། ། ཡོན་ཏན་དྲུག་འཐོབ་པ་ནི། ༡ ཨོཾ་གྱིས་སྤྱན་རས་གཟིགས་ཀྱི་སྐུ། ༢ མས་སྤྱན་རས་གཟིགས་ཀྱི་གསུང་།qptརྗེ་ཙོང་ཁ་པའི་དྲ་བ།

      ༣ ཎིས་སྤྱན་རས་གཟིགས་ཀྱི་ཐུགས། ༤ པད་ཀྱིས་སྤྱན་རས་གཟིགས་ཀྱི་ཡོན་ཏན། ༥ མེས་སྤྱན་རས་གཟིགས་ཀྱི་འཕྲིན་ལས། ༦ ཧཱུྃ་གྱིས་སྤྱན་རས་གཟིགས་ཀྱི་མཛད་པ་འཐོབ་པར་འགྱུར་རོ། ། དེ་བཞིན་དུ། ༡ ཨོཾ་གྱིས་ཚོགས་ལམ་གྱི་ཡོན་ཏན།qptརྗེ་ཙོང་ཁ་པའི་དྲ་བ།

      ༢ མས་སྦྱོར་ལམ་གྱི་ཡོན་ཏན། ༣ ཎིས་མཐོང་ལམ་གྱི་ཡོན་ཏན། ༤ པད་ཀྱིས་སྒོམ་ལམ་གྱི་ཡོན་ཏན། ༥ མེས་མི་སློབ་ལམ་གྱི་ཡོན་ཏན། ༦ ཧཱུྃ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་འཐོབ་པར་འགྱུར་ རོ། །qptརྗེ་ཙོང་ཁ་པའི་དྲ་བ།

      ༼   མ་ཎི་ཡིག་དྲུག་གི་འགྲེལ་བཤད།༽  qptརྗེ་ཙོང་ཁ་པའི་དྲ་བ།

      ༧ སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུང་།qptརྗེ་ཙོང་ཁ་པའི་དྲ་བ།

      ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་གཟུངས་སྔགས་འདི་བགྲང་ན་ཡག་པོ་ཡོད་ཅིང༌། དེ་བགྲང་སྐབས་དེའི་དོན་ལ་བསམ་བློ་ངེས་པར་དུ་གཏོང་དགོས། གང་ཡིན་ཟེར་ན། ཡིག་འབྲུ་དྲུག་པོའི་དོན་དེ་ཟབ་པོ་དང་རྒྱ་ཆེན་པོ་ཡོད། དང་པོ་ཨོཾ་ཞེས་པར་ཡི་གེ་ཨ་དང༌། ཨུ། མ་བཅས་གསུམ་བསྡུས་ཡོད། འདི་རྣམས་ཀྱིས་ཉམས་ལེན་པའི་མ་དག་པའི་ལུས་ངག་ཡིད་གསུམ་དང༌། དེ་བཞིན་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་མཚོན་གྱི་ཡོད། མ་དག་པའི་ལུས་ངག་ཡིད་གསུམ་དག་པའི་ལུས་ངག་ཡིད་གསུམ་གྱི་ངོ་བོར་བསྒྱུར་ཐུབ་བམ། ཡང་ན་འདི་གཉིས་རྩ་བ་ནས་ཐ་དད་པ་ཡིན་ནམ་ཞེ་ན། སངས་རྒྱས་ཐམས་ཅད་སྔོན་སྐབས་ཤིག་ན་ང་ཚོ་ལྟ་བུ་ཡིན་པ་དང༌། དེ་ནས་ལམ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ཞིག་ཡིན་པ་ལས། ནང་པའི་ཆོས་ནང་ཐོག་མ་ཉིད་ནས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་བཞེད་ཀྱི་མེད། དག་པའི་ལུས་ངག་ཡིད་གསུམ་ནི། མ་དག་པའི་ངོ་བོ་རྣམས་རིམ་པས་དོར་ནས་དག་པའི་ངོ་བོར་གྱུར་བ་ལས་འབྱུང་བ་ཡིན། འདི་ཇི་ལྟར་བསྒྲུབ་དགོས་ཤེ་ན། དེ་ཉིད་སྒྲུབ་པར་བྱེད་པའི་ལམ་ནི་ཡིག་འབྲུ་ཕྱི་མ་བཞིས་མཚོན་གྱི་ཡོད། མ་ནི་ཞེས་པ་ནོར་བུའི་དོན་ཡིན་ལ། འདིས་ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་དང༌། བྱམས་པ་བཅས་མཚོན་གྱི་ཡོད། ནོར་བུར་དབུལ་ཕོངས་སེལ་བའི་ནུས་པ་ཡོད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ལའང་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ནུས་པ་ཡོད། དེ་བཞིན་ནོར་བུས་སེམས་ཅན་གྱི་རེ་བ་སྐོང་བ་བཞིན་དུ། བྱང་ཆུབ་སེམས་ཀྱིས་ཀྱང་སེམས་ཅན་གྱི་རེ་བ་སྐོང་གི་ཡོད། པདྨ་ཞེས་པའི་ཡིག་འབྲུ་གཉིས་པོ་མེ་ཏོག་པདྨའི་དོན་ཡིན་ལ། དེས་ཤེས་རབ་མཚོན་གྱི་ཡོད། པདྨ་དེ་འདམ་ལས་སྐྱེས་ན་ཡང་འདམ་གྱི་སྐྱོན་གྱིས་མ་གོས་པ་བཞིན་དུ། ཤེས་རབ་ལའང་རང་ཉིད་འགལ་འདུ་མི་ཡོང་བའི་སར་འཇོག་པའི་ནུས་པ་ཡོད་ལ། གལ་ཏེ་ཤེས་རབ་མེད་ན་འགལ་འདུ་ཡོང་གི་ཡོད། ཤེས་རབ་ལ་མི་རྟག་པ་རྟོགས་པའི་ཤེས་རབ་དང༌། གང་ཟག་རང་རྐྱ་བའམ་རྫས་ཡོད་ཀྱིས་སྟོང་པ་རྟོགས་པའི་ཤེས་རབ། ཡུལ་ཡུལ་ཅན་ངོ་བོ་ཐ་དད་པས་སྟོང་པ་གཉིས་རྟོགས་པའི་ཤེས་རབ། རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྟོགས་པའི་ཤེས་རབ་བཅས་ཤེས་རབ་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་རུང༌། གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན། ཡིག་འབྲུ་ཐ་མ་ཧཱུྃ་གིས་ངོ་བོ་དབྱེར་མེད་བསྟན་པ་དང༌། དེས་རང་རྒྱུད་ཀྱི་སྐྱོན་དག་པ་དེ་ངེས་པར་དུ་ཐབས་ཤེས་དབྱེར་མེད་ལ་བརྟེན་ནས་ཐོབ་དགོས་པ་མཚོན་གྱི་ཡོད། མདོ་ཕྱོགས་ལྟར་ན། འདི་ལྟ་བུའི་ཐབས་ཤེས་དབྱེར་མེད་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་དང༌། ཤེས་རབ་ཀྱིས་ཟིན་པའི་ཐབས་ལ་གོ་བ་དང༌། སྔགས་སམ་རྒྱུད་ཀྱི་ཐེག་པ་ལྟར་ན། དེ་ཉིད་ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་ཆ་ཡོངས་སུ་རྫོགས་པའི་རྣམ་པ་ཤེས་པ་གཅིག་ལ་གོ །རྒྱལ་བ་རིགས་ལྔའི་ས་བོན་གྱི་ཡིག་འབྲུ་ལྟར་ན། ཧཱུྃ་ཞེས་པ་ནི་གང་གིས་ཀྱང་རྒྱུད་དཀྲུགས་མི་ནུས་ཤིང༌། མི་གཡོ་བའི་རྒྱལ་བ་མི་བསྐྱོད་པའི་ས་བོན་གྱི་ཡིག་འབྲུ་ཡིན། དེས་ན་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་ཡིག་འབྲུ་དྲུག་པོས་ཐབས་ཤེས་དབྱེར་མེད་ཀྱི་ཟུང་འབྲེལ་གྱི་ལམ་གྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྱུར་ཐུབ་པ་བསྟན་གྱི་ཡོད། སངས་རྒྱས་ཀྱི་གོ་འཕང་དེ་རང་གིས་ཕྱི་ནས་བཙལ་མི་དགོས་པར། དེ་ཐོབ་པའི་རྒྱུའམ། ནུས་པ་ནི་རང་གི་རྒྱུད་ལ་ཡོད་པར་གསུངས། རྗེ་བཙུན་བྱམས་མགོན་གྱིས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་ནང་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་སངས་རྒྱས་ཀྱི་རིགས་ཡོད་པར་གསུངས་ཡོད་པས་སངས་རྒྱས་ཀྱི་ངོ་བོ་ཡོངས་སུ་རྫོགས་པ་འགྲུབ་རྒྱུའི་དག་པའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ང་རང་ཚོ་སོ་སོའི་རྒྱུད་ལ་ཡོད།། །། ནེའུ་ཇར་སི་ནང་དུ་ཡོད་པའི་ཁལ་མུག་གི་སོག་པོའི་ནང་པའི་ཆོས་ཚོགས་ལ་སྩལ་བའི་བཀའ་སློབ་ནས་བཏུས།qptརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K