མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །ཐུབ་པའི་དབང་པོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-02-13 14:06:21         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

         མགོན་ཁྱོད་བརྗོད་དུ་མེད་པའི་བསྐལ་པ་ནས། །རྟག་བརྟན་ཞི་བ་ཆོས་ཀྱི་སྐུ་བརྙེས་ཀྱང༌། །སྲིད་མཚོར་ཉེན་པའི་འགྲོ་རྣམས་བསྒྲལ་བའི་སླད། །བྱང་ཆུབ་སྤྱོད་པའི་གར་གྱིས་རོལ་བར་མཛད། །བྱ་བ་ཕྲག་བརྒྱའི་དགའ་ལྡན་གནས་རྣམས་སུ། །དམ་པ་ཏོག་དཀར་སྒྱུ་འཕྲུལ་དྲ་བ་ཡིས། །ཅིག་ཅར་རྣམ་རོལ་སྐལ་བཟང་བཅུད་ལྡན་ཚོགས། །ཐེག་མཆོག་བདུད་རྩིས་ཚིམ་མཛད་ཁྱོད་ཕྱག་འཚལ། །འདུལ་བའི་དུས་དང་རིགས་དང་གླིང་སོགས་ལ། །གཟིགས་ནས་ས་གསུམ་འོད་ཀྱིས་སྣང་མཛད་ཅིང༌། །སྤྲིན་དཀར་གཡོ་འདྲའི་སོ་གཉིས་ལྟར་གཤེགས་ཏེ། །ལྷ་མོ་སྒྱུ་འཕྲུལ་ལྷུམ་ཞུགས་ཁྱོད་ཕྱག་འཚལ། །ཟླ་བའི་གྲངས་རྫོགས་ལུམྦི་ནི་ཡི་ཚལ། །སུམ་རྩེན་སྐྱེད་ཚལ་མཆོག་ལ་འགྲན་པ་དེར། །སྤྲིན་རུམ་ནས་ཐོན་རྒྱུ་སྐར་བདག་པོ་བཞིན། །གནོད་མེད་བདེ་བར་བལྟམས་ལ་ཕྱག་འཚལ་ལོ། །གསེར་གྱི་མངལ་དང་མིག་སྟོང་ལྡན་པ་ཡིས། །ཁྱོད་སྐུ་རབ་བསྟེན་བདུད་རྩིའི་ཆུས་བཀྲུས་ཤིང༌། །ཞབས་ཀྱི་རྡུལ་ཕྲེང་བཀོད་པས་ནོར་ལྡན་མ། །འདབ་བརྒྱའི་ཕྲེང་བས་མཛེས་མཛད་ཁྱོད་ཕྱག་འཚལ། །ཡི་གེ་རྩིས་དང་སྒྱུ་རྩལ་རིག་ཀུན་ལ། །འཇིག་རྟེན་གསུམ་གྱི་དྲེགས་ལྡན་ཐམས་ཅད་ཀྱིས། །ཁྱོད་ཀྱི་རྡུལ་ལའང་འགྲན་པར་མ་བཟོད་ནས། །ཟླ་བྲལ་སྐྱེས་བུར་བསྔགས་ལ་ཕྱག་འཚལ་ལོ། །འདམ་ལས་སྐྱེས་པ་འདམ་གྱིས་མ་གོས་བཞིན། །ཆགས་སོགས་དྲི་མ་མཐའ་དག་རྒྱང་བསྲིངས་ནས། །ལྷ་མོ་ལྟར་མཛེས་བཙུན་མོའི་འཁོར་དང་བཅས། །རྒྱལ་སྲིད་སྐྱོང་བའི་ཚུལ་མཛད་ཁྱོད་ཕྱག་འཚལ། །རིན་ཆེན་བདུན་ལྡན་འཁོར་ལོས་སྒྱུར་བའི་དཔལ། །སྦྲུལ་གདུག་ཆགས་པའི་ཚང་ཆིང་ལྟར་དགོངས་ཏེ། །འཆི་མེད་མཁའ་ལ་གཤེགས་ནས་ངུར་སྨྲིག་གི །རྒྱལ་མཚན་ལྷ་དང་བཅས་པའི་དཔལ་དུ་བཞེས། །ལུས་ཀྱི་གདུང་བའི་དཀའ་ཐུབ་དྲག་པོ་དང༌། །འཇིག་རྟེན་ལམ་གྱིས་གྲོལ་བའི་སྐབས་མེད་པར། །གཟིགས་ནས་རྒྱལ་བ་རྣམས་ཀྱིས་བསྟེན་པའི་གནས། ། བྱང་ཆུབ་སྙིང་པོར་གཤེགས་གྱུར་ཁྱོད་ཕྱག་འཚལ། །དེ་ཚེ་མེ་ཏོག་མདའ་ཅན་དཔུང་གི་སྡེས། །མགོན་པོ་ཁྱོད་ལ་ལན་མང་མཐོ་བ་ཅམས་ཀྱང༌། །ཕམ་པར་མ་ནུས་བདུད་ལས་རྒྱལ་བའི་སྒྲ། །འོག་མིན་གཙང་མའི་གནས་ནའང་ཅ་ཅོར་གྱུར། །འགྲོ་བ་ཀུན་ལ་བུ་གཅིག་ལྟར་བརྩེ་ཡང༌། །བྱང་ཆུབ་གོ་འཕང་ཕྱག་གིས་བསྙོད་མི་ནུས། །དེ་སླད་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒྲ། །སྲིད་པ་གསུམ་དུ་བསྒྲགས་པ་སྐལ་པ་བཟང༌། །སྐྱེ་འཆི་སྤངས་པ་རྡོ་རྗེའི་སྐུ་བརྙེས་ཀྱང༌། །ཐབས་ལ་མཁས་པས་མྱ་ངན་འདའ་བ་དང༌། །སྐུ་གདུང་རིང་བསྲེལ་མང་སྤྲུལ་འགྲོ་འདི་ཡི། །བསོད་ནམས་ཞིང་དུ་མཛད་ལ་ཕྱག་འཚལ་ལོ། །ཞིང་འདིར་ཆོས་ཀྱི་དབྱིངས་སུ་སྙོམས་ཞུགས་ཀྱང༌། །ནམ་མཁའི་མཐའ་ཁྱབ་འཇིག་རྟེན་ཁམས་རྣམས་སུ། །མ་ལུས་ཞིང་གི་རྡུལ་མཉམ་སྤྲུལ་པ་ཡིས། །རྣམ་རོལ་འགྲོ་བའི་བླ་མར་གུས་ཕྱག་འཚལ། །དེ་ལྟར་རྒྱལ་བའི་མཛད་པ་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་སྤོབས་པའི་རྔ་ཡབ་རྩེས། །བླངས་པས་འགྲོ་རྣམས་འཁོར་བའི་སྡུག་བསྔལ་དང༌། །བྲལ་ནས་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ནི་ཆོས་སྨ་བའི་བཙུན་པ་དགེ་འདུན་རྒྱ་མཆོ་དཔལ་བཟང་པོས་པིར་ཐིགས་དབང་པོ་སྤྲུལ་སྐུ་རྣམ་པར་གྲོལ་བའི་སྡེས་བསྐུལ་བའི་ངོར་ཕོ་བྲང་ཆེན་པོ་འཆི་མེད་བཀོད་པར་སྦྱར་བའོ།། །།cvFརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K