མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །ཚེ་བསྟོད་འགྲེལ་པ།

    སྤེལ་དུས།  2015-03-02 19:54:33     རྩོམ་པ་པོ།   ཡོན་ཏན་དོན་གྲུབ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 9bzརྗེ་ཙོང་ཁ་པའི་དྲ་བ།

       བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་བསྟོད་པ་འཆི་བ་མེད་པའི་རྒྱལ་པོ་ཞེས་བྱ་བའི་ཚིག་གི་དོན་ཅུང་ཟད་འགྲེལ་བར་བྱེད་པ་རབ་དྭངས་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ། །

 

      ༄༅། །ཨོཾ་སྭསྟི། གང་སྔོན་ཆོས་ཀྱི་འབྱུང་གནས་རྟེན་ལ་གཞན་གྱིས་བརྣག་དཀའ་སྨོན་པའི་ལམ། །མ་ལུས་ཡོངས་རྫོགས་རབ་འབྱམས་དག་ཞིང་གཅིག་ཏུ་ཉེར་བཟུང་ལེགས་པར་སྦྱངས། །མཐའ་དག་འགྲོ་རྣམས་སྤང་གཉེན་སྤྱོད་པའི་རྟེན་དུ་སྨིན་མཛད་གཞན་དོན་ཕྱིར། །བདེ་བའི་ལམ་ནས་འབྲས་བུ་བདེར་གཤེགས་ཚེ་མཐའ་ཡས་ཞེས་བསྔགས་ལ་འདུད། །ཆེ་མཆོག་སྐལ་བཟང་ཁྱུ་མཆོག་སྟོང་དག་དགའ་མགུར་རྩེ་ཞིང་རོལ་པའི་གནས། །བློ་བཟང་འཇལ་དཔལ་སྙིང་པོའི་རིང་ལུགས་ཟླ་བྲལ་དལ་བབ་སྟོང་གི་མཛོད། །འཕྲིན་ལས་ག་བུར་ཟེགས་མའི་ཚོམ་བུས་འཁོར་ཡུག་མཐར་ཡང་རྒྱས་མཛད་པར། །ཁྱབ་བདག་དཔལ་ལྡན་ཡེ་ཤེས་ཞེས་གྲགས་སྣང་མཐའི་སྒྱུ་འཕྲུལ་གཙུག་ཏུ་མཆོད། །གང་གི་ལེགས་བཤད་དབྱངས་ཅན་འབུམ་གྱི་འགྱུར་ཁུག་བརྩེགས་པའི་དཔལ་ལས་རྣམ་འགོང་ཐོས་པ་འཛིན་པའི་བཅུད་ལེན་དམ་པར་མངོན་འཕགས་པ། །དབྱངས་ལྡན་རིག་པའི་དབང་པོ་སྟོང་གི་ཁེངས་པའི་གྱེན་རྒྱུ་གྱ་ཚོམ་རྒྱུ་བའི་བགྲོད་བྱེད་གཅོག་ལ་དབང་པོའི་ལག་ཉལ་ཚུལ་གྱིས་སྙེམས། །ཚིག་སྦྱོར་རིན་ཆེན་ཡོལ་གོའི་གྲྭ་རེར་བསྔགས་འོས་ཉམས་འགྱུར་མ་དྷུ་ར་ཡི་བཅུད་ཀྱིས་ཡོངས་གང་མྱང་པས་སྲིད་ཞིའི་ཚ་གདུང་བཅིལ། །མི་བཤིགས་རྡོ་རྗེའི་ཚིག་གི་མདུད་རྒྱས་ཀུན་ནས་བཅིངས་གང་ཁོ་བོའི་རྣམ་དཔྱོད་སོར་མོའི་བྱེད་པས་དེང་འདིར་ཆ་ཙམ་དགྲོལ་བར་འཚལ། །དེ་ལ་འདིར་བོད་གངས་ཅན་ལྗོངས་ཀྱི་བླ་མ་དང་སྐྱེ་བུ་དམ་པ་ཆེ་བའི་མིང་དུ་གྲགས་པ་ཐམས་ཅད་ཀྱིས་ཐོས་བསམ་དང་ཐུགས་དམ་གྱི་སྙིང་པོར་མཛད་པ། བློ་བཟང་འཇམ་དཔལ་དཔའ་བོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རིང་ལུགས་ཟླ་དང་བྲལ་བ་འདི་ཉིད་ཕྱོགས་ཀྱི་མཐའ་གྲུ་ཡངས་པར་སྤེལ་བ་ལ། འཕྲིན་ལས་ཀྱི་ག་བུར་ཟེགས་མ་ཉིན་མཚན་འཁོར་མོ་ཡུག་ཏུ་སྤྲོ་བར་མཛད་པ་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ལྡན་ཡེ་ཤེས་ཞེས་མཁས་བཙུན་བཟང་པོའི་མཚན་གྱི་སྙན་པ་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་འགོད་པ། བདེ་ལྡན་ཞིང་གི་མགོན་པོ་སངས་རྒྱས་སྣང་བ་མཐའ་ཡས་དང་ཐུགས་རྒྱུད་གཉིས་སུ་མ་མཆིས་པ་དེ་ཉིད་ཀྱིས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་དབྱངས་ལྡན་རིག་པའི་དབང་པོར་གྲགས་པ་རྣམས་ཀྱི་ཁེངས་པ་དང་སྙན་པའི་གྲགས་པ་གཅིག་ཆར་དུ་འཕྲོག་པར་བྱེད་པ། ཚིག་དོན་གང་ནས་ཀྱང་རོ་མངར་བ་བདུད་རྩི་དང་འདྲ་བ། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་བསྟོད་པ་འཆི་བ་མེད་པའི་རྒྱལ་པོ་ཞེས་བྱ་བའི་གཞུང་མཆོག་འདིའི་ཚིག་གི་དོན་ཅུང་ཟད་རང་བློས་དཔོག་ཚོད་ཙམ་ཞིག་འགྲེལ་བར་བྱེད་པ་ལ། གཞུང་དོན་ས་བཅད་ཀྱི་དབང་དུ་བྱས་ན། བསྟོད་པ་ལ་འཇུག་པའི་ཡན་ལག་དང་། བསྟོད་པ་དངོས། མཇུག་གི་དོན་ནོ། །དང་པོ་ལ་གཉིས་མཆོད་པར་བརྗོད་པ་དང་། གང་ལ་བསྟོད་པར་བྱ་བའི་ཡུལ་ངོས་བཟུང་ནས་ཁེངས་བསྐྱུངས་ཤིང་བསྟོད་འོས་པར་སྒྲུབ་པའོ། །དང་པོ་མཆོད་པར་བརྗོད་པ་ལ། ལེགས་སྦྱར་གྱི་སྐད་ཀྱིས་མཆོད་པར་བརྗོད་པ་དང་། བོད་སྐད་ཀྱིས་མཆོད་པར་བརྗོད་པའོ། །དང་པོ་ནི། ན་མོ་གུ་རུ་ཨ་མི་དེ་ཝཱ་ཡ། ། ཞེས་པ་སྟེ། ན་མོ་ཕྱག་འཚལ་བ་དང་། གུ་རུ་བླ་མ། ཨ་མི་ཞེས་པ་ནི། མྲྀ་འཆི་བ་ལ་དགག་པའི་རྐྱེན་ཨ་སྦྱིན་པས་འཆི་བ་མེད་པ་ཞེས་གྲུབ་པ་དང་། དེ་ཝཱ་ལྷ། ཡ་ནི་ལ་དོན་སྟེ་འཆི་བ་མེད་པའི་ལྷ་ལ་ཕྱག་འཚལ་ལོ། །ཞེས་མགོན་པོ་ཚེ་དཔག་མེད་ལ་གུས་པས་འདུད་པའོ། །གཉིས་པ་ནི། དཔལ་ལྡན་མཆོག་ཏུ་དགེ་བའི་ཞིང་གི་ཆར། །བདེ་ཅན་མགོན་ཞེས་རྒྱལ་བ་ཀུན་གྱིས་བསྒྲགས། །ཚེ་དང་ཡེ་ཤེས་འོད་རྣམས་གཞལ་དཀའ་བ། །ལྷ་ཡི་ལྷ་མཆོག་ཚེ་དཔག་མེད་ལ་འདུད། །ཅེས་གསུངས་ཏེ་དེ་ཡང་སངས་རྒྱས་ཐུབ་དབང་གངས་ཅན་མཚོ་རྒྱལ་གྱི་ཕྱག་གི་ལྷུང་གཟེད་ཀྱི་ནང་དུ་འཇིག་རྟེན་ཁམས་ཉེར་ལྔ་ཡོད་པ་ལས་བཅུ་གསུམ་པ་ནི་བཅུད་ཀྱི་སེམས་ཅན་རྣམས་ཉོན་མོངས་པ་དྲག་ལ་རྩུབ་ཅིང་སྡུག་བསྔལ་ལ་བཟོད་ནུས་པས་ན་མི་མཇེད་འཇིག་རྟེན་ཞེས་གྲགས་པ་འདི་ཡིན་ལ། འཇིག་རྟེན་འདི་ནས་ནུབ་ཀྱི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་མང་བརྒལ་བའི་ཕ་རོལ་ན་ཞིང་གི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པ། དག་པའི་ཞིང་གི་དགེ་མཚན་མ་ལུས་པ་འདུས་པ་ལྟར་མཆོག་ཏུ་དགེ་བའི་ཞིང་གི་ཆ་ལ་དབང་བསྒྱུར་བ་པོའི་བདག་པོའི་ཚུལ་དུ། ད་ལྟར་འཚོ་ཞིང་གཞེས་པ་བདེ་ཅན་ཞིང་གི་མགོན་པོ་གང་ལ་བདེ་གཤེགས་སྣང་བ་མཐའ་ཡས་ཞེས་ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་མགོན་པོ་གང་གི་མཚན་ཙམ་གྱི་ཡང་བསྔགས་པ་བསྒྲགས་ཤིང་སྒྲོག་པར་བྱེད་ལ། དེ་བཞིན་བཤེགས་པ་འདི་ནི་སྐུ་ཚེ་དཔག་ཏུ་མེད་པ་དང་། ཡེ་ཤེས་དཔག་ཏུ་མེད་པ་དང། འོད་དཔག་ཏུ་མེད་པས་མགོན་པོ་དེའི་ཚེ་དང་ཡེ་ཤེས་དང་འོད་ཀྱི་ཚད་ནི་འདི་ཙམ་མོ་ཞེས་གང་ཟག་གཞན་སུས་ཀྱང་གཞལ་བར་དཀའ་ཞིང་གཞལ་དུ་མེད་པ། ཚངས་པ་དང་དབང་པོ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་ཀྱང་བཀུར་ཞིང་མཆོད་པས་ལྷ་ཡི་ལྷ་མཆོག་ཏུ་གྱུར་པ་མགོན་པོ་ཚེ་དཔག་མེད་ལ་སྒོ་གསུམ་གུས་པས་འདུད་ཅེས་ལྷག་པའི་ལྷ་མཆོག་རྒྱལ་བ་ཚེ་དཔག་མེད་ལ་མཆོད་པར་བརྗོད་པའོ། །གཉིས་པ་གང་ལ་བསྟོད་པར་བྱ་བའི་ཡུལ་ངོས་བཟུང་ནས་ཁེངས་བསྐྱུངས་ཤིང་བསྟོད་འོས་པར་སྒྲུབ་པ་ལ་གཉིས་ལས། དང་པོ་བསྟོད་ཡུལ་ངོས་བཟུང་བ་ནི། གངྒཱའི་ཀླུང་གི་བྱེ་སྙེད་མཐའ་ཡས་ཞིང༌། །དེ་ཉིད་ཆུ་ཡི་རྡུལ་གྱི་གྲངས་ཀྱི་ཡང༌། །ཚད་དུ་མི་སྤོབས་བསོད་ནམས་ཡེ་ཤེས་ཀྱིས། །ཕུང་པོ་རྫོགས་སྨིན་སྦྱངས་གསུམ་ཡོངས་སུ་དག། དེ་ཕྱིར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །ཚེ་མཐའ་ཡས་ཞེས་བསྔགས་ལ་་་་། །ཞེས་གསུངས་སྟེ་ཆུ་བོ་ཆེན་པོ་གངྒཱའི་ཀླུང་གི་བྱེ་སྙེད་དམ་རྒྱ་མཚོ་ཆེན་པོའི་བྱེ་མ་ཇི་སྙེད་པའི་གྲངས་ནི་མཐའ་ཡས་པ་སྟེ་བགྲང་དུ་མེད་པ་ཡིན་ལ། བྱེ་མ་དེ་ཉིད་ཀྱི་གྲངས་དང་མཉམ་པའི་ཆུ་བོ་གངྒཱ་ཡོད་པའི་དབང་དུ་བྱས་ནས། དེ་ལྟ་བུའི་བགྲང་བར་དཀའ་བའི་ཆུ་བོ་གངྒཱའི་ཆུ་ཡི་རྡུལ་གྱི་གྲངས་ཇི་ཙམ་ཡོད་པ་དེ་ལྟ་བུའི་གྲངས་ཀྱིས་ཀྱང་ཚད་བཟུང་དུ་མི་སྤོབས་པ་སྟེ་ཚད་བཟུང་བར་མི་ནུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་མཐའ་ཡས་པའི་སྒོ་ནས། སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ལ་སོགས་པའི་རྒྱལ་བའི་སྲས་ཀྱི་སྐུའི་སྐྱེ་བ་རིམ་པར་བྱོན་པའི་ཚེ་ན། སྨོན་ལམ་ཕུན་སུམ་ཚོགས་པ་འཇིག་རྟེན་དུ་བྱུང་བར་དཀའ་བ་རྣམས་ཀྱང་ཡོངས་སུ་རྫོགས་ཤིང་འགྲུབ་པར་བྱས་པ་དང་། ཤིང་གི་འབྲས་བུ་སྨིན་པ་ལྟར་གདུལ་བྱ་རྣམས་སྤང་རྟོགས་ཀྱི་ཡོན་ཏན་སྐྱེ་བ་ལ་ཕྱོགས་པའི་རྟེན་དུ་སྨིན་པར་བྱས་པ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་ཡིད་ཡུལ་དུ་བཟུང་ནས་དེ་དག་ལས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ཞིང་ཞིག་མ་གྲུབ་བར་དུ་བདག་འཚང་རྒྱ་བར་མི་འགྱིའོ། །ཞེས་སྨོན་ལམ་མཛད་ནས་སངས་རྒྱས་ཀྱི་ཞིང་སྦྱངས་བ་དང་བཅས་པའི་སྒོ་ནས་རྫོགས་སྨིན་སྦྱངས་གསུམ་ཡོངས་སུ་རྫོགས་པ་རྣམ་པར་དག་པས་ཆོས་ཀྱི་སྐུའི་ཕུང་པོ་ཕུན་སུམ་ཚོགས་པ་སྒྲུབ་པ་དེའི་ཕྱིར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་དབྱངས་གཅིག་གིས་རྒྱལ་བ་ཚེ་མཐའ་ཡས་པ་ཞེས་གང་གི་ཐུན་མིན་ཡོན་ཏན་གྱི་བསྔགས་པ་རྒྱ་ཆེར་བརྗོད་པར་མཛད་པ་གང་དེ་ནི་འདིར་གང་ལ་བསྟོད་པར་བྱ་བའི་ཡུལ་ཡིན་ནོ། །ཞེས་པའོ།།གཉིས་པ་ཁེངས་བསྐྱུངས་ཤིང་བསྟོད་འོས་པར་སྒྲུབ་པ་ནི། བདག་གི་ནི། །བསྟོད་པ་འདི་ཡིས་ཅི་ཞིག་དེ་ལྟ་ཡང༌། །ཅུང་ཟད་བསྟོད་ཕྱིར་བདག་ལ་བསོད་ནམས་སྩོལ། །ཞེས་གསུངས་ཏེ། མགོན་པོ་ཚེ་མཐའ་ཡས་ཞེས་ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་ཡང་ནས་ཡང་དུ་བསྔགས་པ་དེ་ལྟ་བུ་ལ། བདག་གིས་ནི་བསྟོད་པ་འདི་ཡིས་ཅི་ཞིག་བྱ་སྟེ་ཡོན་ཏན་རྒྱ་ཆེན་པོ་བརྗོད་པར་རྔོ་མི་ཐོགས་སོ། །དེ་ལྟ་ན་ཡང་མགོན་པོ་གང་ལ་ཅུང་ཟད་བསྟོད་པར་བྱས་པས། བསྟོད་པ་བྱེད་པ་པོ་༸པཎ་ཆེན་དཔལ་ལྡན་ཡེ་ཤེས་བདག་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་སྩོལ་པའི་རྒྱུར་འགྱུར་རོ་ཞེས་དངོས་སུ་གསུངས་ནས། དོན་ལ་བསྟོད་པ་འདི་གང་གིས་འདོན་པར་བྱེད་པའི་སྐྱེ་བོ་རྣམས་ལ་ཡང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་སྩོལ་པའི་རྒྱུར་འགྱུར་བ་སོགས་གཞན་དོན་གྱི་དགོས་པའི་ཕྱིར་བསྟོད་པར་འོས་སོ་ཞེས་པའོ། །གཉིས་པ་བསྟོད་པ་དངོས་ལ་གཉིས། དག་པའི་ཞིང་འདིའི་སྣོད་ཀྱི་ཕུན་ཚོགས་ལ་བསྟོད་པ་དང་། བཅུད་ཀྱི་ཕུན་ཚོགས་ལ་བསྟོད་པའོ། །དང་པོ་ལ་བསྟོད་པར་དམ་བཅའ་བ་དང་། བསྟོད་པ་དངོས་སོ། །དང་པོ་ནི། ཐ་མལ་རྣམ་རྟོག་ཀུན་དང་རི་བྲག་ཚོགས། །ལྷན་ཅིག་དག་པའི་མེ་ལོང་ཡེ་ཤེས་ཆ། །ཞིང་དུ་ཤར་བ་ཡོན་ཏན་དཔག་མེད་ཀྱི། །དོན་དང་འདི་ཡི་ཡོན་ཏན་འདི་ལྟར་བརྗོད། །ཅེས་གསུངས་ཏེ། སོ་སྐྱེ་ཐ་མལ་པའི་རྣམ་རྟོག་ཉོན་མོངས་པའམ། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་ཐ་མལ་སྣང་ཞེན་ཡང་རུང་སྟེ། ནང་བཅུད་ཀྱི་ཉེས་པ་ཀུན་ཡོངས་སུ་འགག་ནས་དག་པར་གྱུར་པ་དང་ལྷན་ཅིག་ཏུ། རི་བྲག་ནག་པོ་རང་རོང་གི་ཚོགས་དང་བཅས་པའི་ཕྱི་སྣོད་ཀྱི་ཉེས་པ་རྣམས་ཀྱང་དག་པར་གྱུར་པས་སྣོད་བཅུད་གཉིས་ཀ་རྣམ་པར་དག་པའི་ཞིང་འདི་ནི། མགོན་པོ་ཚེ་དཔག་མེད་ཀྱི་མེ་ལོང་ཡེ་ཤེས་ཉིད་རྣམ་པ་བསྒྱུར་བའི་ཆ་ལས་དག་པའི་ཞིང་གི་རྣམ་པར་ཤར་བ་སྟེ། མདོར་ན་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་མཆོག་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཡིན་ནོ། །དེ་བས་ན་ཞིང་འདི་སངས་རྒྱས་ཚེ་དཔག་མེད་ཀྱི་ཡེ་ཤེས་ཞིང་དུ་འཆར་ཚུལ་གྱི་དོན་གང་ཡིན་པ་དང་། འདིའི་ཡོན་ཏན་རྣམས་འོག་ནས་ཇི་ལྟར་འབྱུང་བར་འགྱུར་པ་འདི་ལྟར་བརྗོད་པར་བྱའོ་ཞེས་དམ་བཅས་པ་སྟེ། ཐ་མལ་བའི་རྣམ་རྟོག་དང་རི་བྲག་སྟེ་ཁྱད་གཞི་ཐ་དད་པ་གཉིས་ཀྱི་བྱ་བ་དག་པར་གྱུར་པ་གཅིག་པོ་དེ་ཉིད་ལྷན་ཅིག་ཏུ་ཞིང་འདི་ལ་ལྡན་པར་བརྗོད་པས་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པའི་རྒྱན་གྱིས་བརྗོད་པའོ། །གཉིས་པ་བསྟོད་པ་དངོས་ལ་ཕར་ཕྱིན་བཅུ་དག་པའི་ཆ་ལས་ཞིང་གི་རྣམ་པར་ཤར་བར་བསྔགས་པ་དང་། ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་ལ་བསྔགས་པའོ། །དང་པོ་ཕར་ཕྱིན་བཅུ་དག་པའི་ཆ་ལས་ཞིང་གི་རྣམ་པར་ཤར་བར་བསྔགས་པ་ལ་བཅུ་ལས། དང་པོ་ཡེ་ཤེས་ཀྱི་ཕར་ཕྱིན་ནི། ཀུན་རྟོག་སྣ་ཚོགས་དག་ཕྱིར་རབ་ཏུ་ཟླུམ། །ཞེས་བདེ་གཤེགས་འོད་དཔག་མེད་ཀྱི་ཐུགས་རྒྱུད་ནི་ཀུན་རྟོག་སྟེ་བདེན་འཛིན་བག་ཆགས་དང་བཅས་པ་སོགས་ཕྱིན་ཅི་ལོག་གི་རྟོག་པ་སྣ་ཚོགས་ལས་བྲལ་ཏེ་དག་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ན། དེའི་བདག་འབྲས་སུ་ཞིང་འདིའི་ས་གཞི་དབྱིབས་རབ་ཏུ་ཟླུམ་པ་ཡིན་ནོ། །གཉིས་པ་བཟོད་པའི་ཕར་ཕྱིན་ནི། ཁྲོ་བའི་སྐྱོན་ཀུན་ཟད་ཕྱིར་ས་གཞི་འཇམ། །ཞེས་བདེ་གཤེགས་འོད་དཔག་མེད་ནི་ཁྲོ་བའི་སྐྱོན་སྒོ་ཀུན་ནས་ཟད་དེ་བཟོད་པ་མཆོག་གི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ན། དེའི་བདག་འབྲས་སུ་ཞིང་འདིའི་ས་གཞི་ནི་རྩྭ་དང་། གསེག་མ་དང་། གྱོ་མོ་སོགས་མེད་པས་རེག་བྱ་འཇམ་པ་ཤིན་ཏུ་ཉམས་དགའ་བ་ལག་མཐིལ་ལྟར་མཉམ་པ་ཡིན་ནོ། །གསུམ་པ་བསམ་གཏན་གྱི་ཕར་ཕྱིན་ནི། ཏིང་འཛིན་ཕ་མཐར་ཕྱིན་ཕྱིར་རེག་ན་བདེ། །ཞེས་བདེ་གཤེགས་འོད་དཔག་མེད་ཉིད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ན། དེའི་བདག་འབྲས་སུ་ཞིང་འདིའི་ས་དང་། རླུང་དང་། ལྗོན་ཤིང་སོགས་རེག་ན་བདེ་བ་འབྱུང་བ་འབའ་ཞིག་ཡིན་ནོ། །བཞི་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི། ཚུལ་ཁྲིམས་གཙང་མའི་མེ་ཏོག་ཚོགས་ཀྱིས་ཀླུབས། །ཞེས་བདེ་གཤེགས་འོད་དཔག་མེད་ཉིད་རྣམ་གསུམ་ཚུལ་ཁྲིམས་གཙང་མའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ན། དེའི་བདག་འབྲས་སུ་ཞིང་འདིར་མེ་ཏོག་གི་ཚལ་དཔག་ཏུ་མེད་པས་ཀླུབས་པ་ཡིན་ནོ། །ལྔ་པ་སྦྱིན་པའི་ཕར་ཕྱིན་ནི། སྦྱིན་ལས་བྱུང་བའི་ཆུ་ཀླུང་དལ་གྱི་འབབ། །ཅེས་བདེ་གཤེགས་འོད་དཔག་མེད་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ན། དེའི་བདག་འབྲས་སུ་ཞིང་འདིར་ཆུ་ཀླུང་གཏིང་ཟབ་ཅིང་རྒྱ་ཆེ་བ་དཔག་ཏུ་མེད་པ་དལ་གྱིས་འབབ་པའང་ཡོད་དོ། །དྲུག་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ནི། བརྩོན་འགྲུས་བརྟན་པའི་འདམ་སྐྱེས་དག་གིས་མཛེས། །ཞེས་བདེ་གཤེགས་འོད་དཔག་མེད་ཉིད་བརྩོན་འགྲུས་བརྟན་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ན། དེའི་བདག་འབྲས་ལས་ཞིང་འདིར་འདམ་སྐྱེས་པདྨ་དག་གིས་མཛེས་པར་བརྒྱན་པ་ཡིན་ནོ། །བདུན་པ་ཤེས་རབ་ཀྱི་ཕར་ཕྱིན་ནི། ཤེས་རབ་མཐའ་རུ་སོན་པའི་བྱ་ཡི་ཚོགས། །སྟོང་ཉིད་སྟོན་པའི་མགྲིན་པའི་རྫ་རྔ་སྒྲོག། ཅེས་བདེ་གཤེགས་འོད་དཔག་མེད་ཉིད་ཤེས་རབ་ཀྱི་ཕར་ཕྱིན་གྱི་མཐའ་རུ་སོན་པའི་བདག་འབྲས་ལས་ཞིང་འདིའི་བྱ་ཡི་ཚོགས་རྣམས་ཀྱིས་ཀྱང་སྟོང་པ་ཉིད་ཀྱི་དོན་སྟོན་པའི་མགྲིན་པའི་རྫ་རྔ་སྒྲོག་པར་བྱེད་པ་ཡིན་ནོ། །ཞེས་མགྲིན་པ་རྫ་རྔའི་གཟུགས་སུ་བཀོད་ནས་བརྗོད་པའོ། །བརྒྱད་པ་སྨོན་ལམ་གྱི་ཕར་ཕྱིན་ནི། སྨོན་ལམ་ལས་བྱུང་དཔག་བསམ་ལྗོན་པའི་ཤིང༌། །ཞེས་བདེ་གཤེགས་འོད་དཔག་མེད་ཉིད་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བདག་འབྲས་སུ་ཞིང་འདིར་དཔག་བསམ་གྱི་ལྗོན་པའི་ཤིང་གིས་གང་བ་ཡིན་ནོ། །དགུ་པ་སྟོབས་ཀྱི་ཕར་ཕྱིན་ནི། བསྡུ་བཞི་ལས་བྱུང་དགོས་འདོད་ཅིར་ཡང་སྟེར། །ཞེས་བདེ་གཤེགས་འོད་དཔག་མེད་ཉིད་མཁོ་བ་སྦྱིན་པ་དང་། གཏམ་སྙན་པར་སྨྲ་བ་དང་། འཇིག་རྟེན་གྱི་འདོད་དོན་དང་མཐུན་པ་དང་། གདུལ་བྱའི་དོན་ལ་སྤྱོད་པ་སྟེ་བསྡུ་བའི་དངོས་པོ་དང་། ཆོས་སོ་སོ་ཡང་དག་པར་རིག་པ། དོན་སོ་སོ་ཡང་དག་པར་རིག་པ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། སྤོབ་པ་སོ་སོ་ཡང་དག་པར་རིག་པ་སྟེ་སོ་རིག་བཞིའི་སྒོ་ནས་གདུལ་བྱའི་དོན་མ་ཚང་བ་མེད་པར་སྒྲུབ་ནུས་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བདག་འབྲས་སུ་ཞིང་འདིར་དགོས་འདོད་ཐམས་ཅད་ཡིད་ལ་བསམ་པ་ཙམ་གྱིས་ཅི་ཡང་སྟེར་བར་བྱེད་དོ། །བཅུ་པ་ཐབས་ཀྱི་ཕར་ཕྱིན་ནི། ཐབས་ཀྱི་ཕ་རོལ་སོན་པའི་ཐི་གུ་ཡིས། །འབྲེལ་ལ་ཆོས་ཕུང་དྲིལ་བུ་གཡེར་ཁ་འཁྲོལ། །ཞེས་བདེ་གཤེགས་འོད་དཔག་མེད་ཉིད་ཐབས་ཀྱི་ཕ་རོལ་ཏུ་སོན་པའི་ཕྱིར་ན། ཞིང་འདིར་ཐི་གུས་འབྲེལ་བའི་དྲིལ་བུ་དང་གཡེར་ཁ་འཁྲོལ་བ་ལས་ཆོས་ཀྱི་ཕུང་པོའི་སྒྲ་འབྱུང་བར་བྱེད་དོ། །ཞེས་ཕར་ཕྱིན་བཅུའི་བདག་འབྲས་ལས་ཞིང་གི་དཔལ་ཕུན་སུམ་ཚོགས་པ་བྱུང་བའི་ཚུལ་ལས་བསྟོད་པའོ། འདི་ནི་ཞིང་བཀོད་གྲུབ་ཚུལ་གྱི་རྣམ་པའི་དབང་དུ་བྱས་པ་ཡིན་པས་ཕར་ཕྱིན་གྱི་གོ་རིམ་འཁྲུག་ཀྱང་སྐྱོན་དུ་མི་འགྱུར་རོ། །གཉིས་པ་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་ལ་བསྟོད་པ་ལ། ས་གཞིའི་དཔལ་ཕུན་སུམ་ཚོགས་པ་ལ་བསྟོད་པ་དང་། ནམ་མཁའི་དཔལ་ཕུན་སུམ་ཚོགས་པ་ལ་བསྟོད་པ་གཉིས། དང་པོ་ལ་ཡང་ས་གཞི་ཉིད་ལ་བསྟོད་པ་དང་། ས་གཞིའི་རྒྱན་གྱི་ཡོན་ཏན་གཞན་ལ་བསྟོད་པ་གཉིས། དང་པོ་ནི། གནམ་སྔོན་ཞུ་བར་དོགས་པའི་ནོར་འཛིན་ཁྱོན། །ས་ཡི་ཟླ་བ་མིག་མང་རིས་བྲིས་པ། །ཀུན་གསལ་དབྱིངས་ནས་བལྟ་བའི་ལྷ་ཡི་བུའི། །གཟུགས་བརྙན་རིན་ཆེན་ཐིག་ལེའི་ཚོམ་བུ་བཞིན། །ཞེས་རིན་ཆེན་བེེཌཱུརྱའི་རང་བཞིན་ལས་གྲུབ་པའི་ས་གཞི་སྔོ་ཐིང་ངེར་གནས་པ་ནི་གནམ་སྔོན་པོ་ཞུ་བའི་ཁུ་བར་དོགས་པ་སྟེ་ཐེ་ཚོམ་ཟ་བར་བྱེད་ལ། དེ་འདྲའི་ནོར་འཛིན་ནམ་ས་གཞིའི་ཁྱོན་ལ་ས་ཡི་ཟླ་བ་སྟེ་གསེར་གྱི་མིག་མང་གི་རིས་བྲིས་པ་ལ་རིན་ཆེན་སྣ་བདུན་གྱི་ཕྲས་བཏབ་པ་ནི། དཔེར་ན། ཀུན་གསལ་ལམ་ནམ་མཁའི་དབྱིངས་ནས་ལྟ་བའི་ལྷ་ཡི་བུ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱི་ཐེག་ལེའི་ཚོམ་བུ་དང་ལང་ཚོས་མཛེས་པ་དེ་བཞིན་ནོ། །ཞེས་རབ་རྟོག་དང་འདྲེས་པའི་དངོས་དཔེའོ། །གཉིས་པ་ས་གཞིའི་རྒྱན་གྱི་ཡོན་ཏན་གཞན་ལ་བསྟོད་པ་ལ་གསུམ། འབབ་ཆུ་ལ་བསྟོད་པ། རྫིང་ལ་བསྟོད་པ། མེ་ཏོག་པདྨ་ལ་བསྟོད་པའོ། །དང་པོ་འབབ་ཆུ་ལ་བསྟོད་པ་ནི། གཉིས་ཀྱིས་ལྷག་པའི་བཅུ་ཕྲག་དཔག་ཚད་འཕང༌། །ཀུན་ཏུ་མཚུངས་ཤིང་གཡས་དང་གཡོན་གྱི་ཆར། །རྒྱང་ཕྲག་བརྒྱད་དུ་བསགས་པ་གཅིག་ནས་ནི། །འབུམ་གྱི་བདག་ཉིད་ཉལ་འགྲོ་དལ་གྱིས་རྒོད། །ཅེས་སྤྱིར་ཞིང་འདིའི་འབབ་ཆུ་རྣམས་ནི་འཕང་ངམ་གཏིང་ཟབ་ཚད་ལ་གཉིས་ཀྱིས་ལྷག་པའི་བཅུ་ཕྲག་དཔག་ཚད་སྟེ་དཔག་ཚད་བཅུ་གཉིས་རེ་ཡོད་པ་ཀུན་ཏུ་མཚུངས་པ་སྟེ་ཐམས་ཅད་འདྲ་ཞིང་། ཆུའི་རོལ་རྩེད་བྱེད་པ་སོགས་ལ་རང་རང་གི་འདོད་པ་ཇི་ལྟ་བར་གྲུབ་པ་ཡང་ཡོད་པར་ཞིང་བཀོད་ཀྱི་མདོ་ལས་གསུངས། འབབ་ཆུའི་གཡས་དང་གཡོན་གྱི་ཆ་སྟེ་ཁ་ཞེང་ལ་ནི་རྒྱང་ཕྲག་བརྒྱད་དུ་བསགས་པ་སྟེ་དཔག་ཚད་གཅིག་པ་ནས་འབུམ་གྱི་བདག་ཉིད་ཅན་གྱི་ཁ་ཞེང་གི་ཚད་མི་འདྲ་བ་སྣ་ཚོགས་པའི་ཉལ་འགྲོ་སྟེ་ཆུ་བོ་དལ་གྱིས་རྒོད་པའམ་འབབ་པར་བྱེད་པ་ཡིན་ནོ། །ཞེས་སེམས་ལྡན་གྱི་བྱ་བའི་ཁྱད་པར་རྒོད་པ་དེ་ཆོས་གཞན་ཆུ་བོ་ལ་སྦྱར་བ་འདི་འདྲ་ལ་སྙན་ངག་གི་ཏིང་ངེ་འཛིན་གྱི་ཡོན་ཏན་དུ་བཤད་པ་ལྟར་རོ། །གཉིས་པ་རྫིང་ལ་བསྟོད་པ་ལ་བཞི་ལས། ༡ རྫིང་གི་ཡོན་ཏན་འཇུག་ངོགས་ལ་བསྟོད་པ་ནི། ཀེ་ཀེ་བཻཌཱུར་གསེར་དང་ཨིནྡ་སྙིལ། །སྤུག་དང་རྡོ་ཡི་སྙིང་པོ་ལས་བྱས་པའི། །འཇུག་ངོགས་ཐེམ་སྐས་བཀྲ་བའི་ལྟད་མོ་འདི། །མཐོང་ཕྱིར་དབང་པོ་མིག་སྟོང་བགྲད་དམ་སྙམ། །ཞེས་སྨན་དུ་འགྲོ་བའིི་ནོར་བུ་ཁ་དོག་ལྗང་སེར་ཅན་གྱི་ཀེ་ཀེ་རུར་གྲགས་པ་དང་། རིན་པོ་ཆེ་བཻཌཱུརྱ་འམ་མིང་གཞན་སྤྲིན་ཆེན་དང་། རིན་ཆེན་གྱི་རབ་བམ་དང་པོ་གསེར། ཨིནྡ་སྙིལ་ལེགས་སྦྱར་ཟུར་ཆག་པ་སྟེ་ཨིནྡྲ་ནཱི་ལའམ་དབང་སྔོན། སྤུག་ཞེས་པ་རིན་པོ་ཆེའི་རིགས་དྭངས་ཞིང་གསལ་བ། དེ་ལ་ཁ་དོག་ལྗང་ཁུ་དང་སེར་པོའང་ཡོད། རྡོའི་སྙིང་པོ་ནི་མརྒད་སྟེ་དེ་སོགས་རིན་ཆེན་སྣ་བདུན་ལས་བྱས་པའི་རྫིང་བུའི་འཇུག་ངོགས་གསེར་གྱི་བྱེ་མ་བརྡལ་བ། ཕྱོགས་བཞིར་རིན་པོ་ཆེའི་ཐེམ་སྐས་བཀྲ་བ་སོགས་དཔག་པར་དཀའ་བའི་ཡོན་ཏན་གྱི་ལྟད་མོ་སྣ་ཚོགས་པ་འདི་མཐོང་བར་བྱ་བའི་ཕྱིར་རམ་ལྟ་བར་འདོད་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མིག་སྟོང་བགྲད་དམ་སྙམ་མོ། །ཞེས་བརྒྱ་བྱིན་གྱི་ལུས་ལ་མིག་སྟོང་ཡོད་པ་དེ་ས་བོན་དུ་བྱས་ནས། དེ་ནི་ཞིང་འདིའི་འཇུག་ངོགས་ཀྱི་ལྟད་མོ་ལྟ་ཕྱིར་བགྲད་པ་མིན་ཀྱང་ཡིན་པར་སྙམ་མོ་ཞེས་སྒྲོ་བཏགས་ནས་བརྗོད་པས་སེམས་ལྡན་རབ་རྟོག་གིས་བརྗོད་པའོ། །༢ རྫིང་གི་ཡོན་ཏན་བྱ་ཚོགས་ལ་བསྟོད་པ་ནི། བདེ་ཕྱིར་འཁྱིལ་བའི་ཀློང་ལ་རབ་རྩེ་བའི། །ངང་པ་ཀ་རན་ཙ་དང་ངུར་པ་སོགས། །དུད་འགྲོའི་སྐད་ལྟར་བཅོས་པས་ཏིང་འཛིན་གྱི། །སྒོ་བརྒྱ་འབྱེད་འདིའི་དཔེ་རུ་སུ་ཞིག་འོས། །ཞེས་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ་བྱ་རོག་གི་བཏུང་བར་རུང་བའི་བཟང་བ་ལེགས་པར་གང་ཞིང་འཁྱིལ་བའི་ཀློང་ལ་བདེ་བའི་གར་ལ་རྩེ་བའི་ཕྱིར་རབ་ཏུ་རྩེན་པའི་འདབ་ཆགས་ངང་པ་དང་། བྱ་ཀ་རན་ཙ་དང་། འདི་ནི་སྐབས་འགའ་ཞིག་ཏུ་ཀ་རན་ཌ་ཞེས་བྱུང་ཞིང་བྱིའུ་ཅོ་གའི་རིག་ཡིན་པར་འདབ་ཆག་རིགས་པ་བས་བཤད་ལ། བྱིའུ་དེ་ནི་སོག་ཡུལ་སོགས་བྱང་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ་མང་ཞིང་། སྐད་གསང་ཞིང་སྙན་པ་སྣ་ཚོགས་སྒྲོགས་པར་བྱེད་པས་མི་རྣམས་ཀྱིས་གཟེབས་ནང་འཇུག་པར་བྱེད་པ་ཞིག་ཡིན། ངུར་པའམ་ངང་སེར་དང་། དེ་བཞིན་སོགས་པས་ཁྲུང་ཁྲུང་དང༌། རྨ་བྱ་སོགས་མཛེས་ཤིང་ཡིད་དུ་འོང་བའི་བྱ་སྣ་ཚོགས་ཡོད་ལ་དེ་དག་ཀྱང་ཉིན་རེ་བཞིན་དུ་ཕྱོགས་ཕྱོགས་སུ་འདུས་ནས་སྙན་པའི་སྒྲ་འབྱིན་ཅིང་། དུད་འགྲོ་རང་རང་གི་སྐད་ལྟར་བཅོས་ནས་ཆོས་ཀྱི་དོན་ལ་བགྲོ་བར་བྱེད། དེ་དག་སྨྲ་བ་ན་དབང་པོ་དང་སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་དག་བྱུང་བ་ལ། སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་གིས་སྒྲ་དེ་ཐོས་པ་ལ་བརྟེན་ནས་ཏིང་འཛིན་གྱི་སྒོ་མོ་བརྒྱ་ཕྲག་འབྱེད་པར་བྱེད་པ་སྟེ། ཏིང་ངེ་འཛིན་མང་པོ་གསར་དུ་བསྐྱེད་པར་བྱེད་པ་འདིའི་དཔེ་རུ་སུ་ཞིག་འོས་ཏེ་མི་འོས་སོ། །ཞེས་འདི་འདྲའི་བྱ་ཚོགས་ཀྱི་དཔེར་འོས་པ་སུ་ཡང་མེད་པར་བརྗོད་པས་རྗེས་འགྲོ་མེད་པའི་དཔེའི་རྒྱན་དུ་གཏོགས་པའོ། ། ༣ རྫིང་གི་ཡོན་ཏན་ལྗོན་ཤིང་ལ་བསྟོད་པ། དཔག་ཚད་དུ་མའི་ཁྱོན་ལས་བརྒལ་བ་ཡི། །ལྗོན་ཤིང་གསེར་གྱི་སིལ་སྙན་དཔྱངས་པ་ལ། །དྲི་བཞོན་རེག་བྱས་བསམ་གཏན་བཞི་པ་ཡི། །དགའ་བ་སྐྱེང་བྱེད་དག་གིས་དཀྲོལ་བར་བྱེད། །ཅེས་རྫིང་འདི་རྣམས་ཀྱི་མཐའ་འཁོར་གྱི་ཤིང་ལྗོན་པ་རྣམས་ནི་རེ་རེ་ནས་རྩ་བ་དང་། སྡོང་པོ། ཡལ་ག ལོ་མ། མེ་ཏོག འབྲས་བུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་སོགས་ཕན་ཚུན་དུ་རིན་ཆེན་སྣ་བདུན་ལས་གྲུབ་པ། ཡལ་འདབ་རྣམས་དཔག་ཚད་བརྒྱ་སྟོང་དུ་མའི་ཁྱོན་ལས་བརྒལ་བར་གྱེས་པ་ལ། གསེར་གྱི་སིལ་སྙན་སོགས་རོལ་མོའི་རིགས་དང་། མུ་ཏིག་གི་དྲ་བ་དྲ་ཕྱེད་སོགས་རྒྱན་གྱི་རིགས་བགྲང་གིས་མི་ལང་བ་དཔྱངས་པ་དག་ཡིན་ལ། དེ་ལ་དྲི་བཞོན་གྱི་རླུང་འཇམ་པོ་རེག་བྱའི་ཡོན་ཏན་གྱིས་བསམ་གཏན་བཞི་པའི་སྙོམས་འཇུག་གསར་ཐོབ་ཀྱི་དགའ་བ་ཡང་སྐྱེང་པར་བྱེད་ནུས་པ་དག་གིས་བསྐྱོད་ཅིང་དཀྲོལ་བར་བྱེད་དོ་ཞེས་པ་འདི་དཔེ་རྒྱན་ནོ། །༤ རྫིང་གི་ཁྱད་པར་གཞན་ལ་བསྟོད་པ། རྫིང་ལས་རྫིང་གི་ཡོན་ཏན་མང་འབྱུང་དང༌། །དེ་ལས་དེ་ཉིད་སྟོན་པའི་ཐབས་མཁས་དང༌། །རོལ་ལས་རོལ་པ་ཀུན་གྱི་རྩེར་སོན་པ། །འདི་ལ་འདི་ཡིས་བསྒྲུན་ཞེས་སུ་ཞིག་འཆད། །ཅེས་ཞིང་དེའི་རྫིང་རྣམས་ལས་ནི་རྫིང་གི་ཡོན་ཏན་རིན་པོ་ཆེ་སྣ་བདུན་གྱི་འཇུག་ངོགས་དང་། སྤྲུལ་པའི་ཆུ་བྱ་སྣ་ཚོགས་པ། ལྗོན་ཤིང་གི་ཕྲེང་བས་སྐོར་བ་སོགས་ཡོན་ཏན་མང་དུ་འབྱུང་བ་དང་། དེ་དག་ལས་ཆོས་ཀྱི་སྒྲ་འབྱུང་སྟེ་དེ་ཁོ་ན་ཉིད་སྟོན་པའི་ཐབས་མཁས་དང་ལྡན་པ། ཆུའི་རོལ་རྩེད་ལ་རོལ་པའི་རྩེར་སོན་པ་སོགས་ཡོན་ཏན་དཔག་ཏུ་མེད་པ་འདི་ལ་སྒྲུན་པའམ་འགྲན་པར་ནུས་པའི་དཔེ་ནི་འདིའོ་ཞེས་སུ་ཞིག་འཆད་དེ་འཆད་པར་མི་ནུས་སོ། །ཞེས་ཐུན་མོང་མ་ཡིན་པའི་དཔེའི་རྒྱན་དང་། རྐང་པ་བཞི་ཀའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་གྱི་རྒྱན་གྱིས་བརྗོད་པའོ། །གསུམ་པ་མེ་ཏོག་པདྨ་ལ་བསྟོད་པ་ལ་གཉིས། ས་གཞི་ལ་བཀྲམས་པའི་པདྨ་ལ་བསྟོད་པ་དང་། ཞིང་འདིའི་གདུལ་བྱ་རྫུས་ཏེ་བསྐྱེད་པའི་པདྨ་ལ་བསྟོད་པའོ། དང་པོ་ནི། འདབ་བརྒྱད་འདབ་མ་ལྔ་དང་འདབ་བརྒྱའི་བར། །ཉིན་བྱེད་གང་ལས་འོངས་པའི་ཕྱོགས་དེ་ལས། །དུས་བཞིར་བཀྲམ་པས་ས་ཀུན་ཁྱབ་བྱེད་པ། །ཀུན་ཏུ་བཟང་པོའི་རྫུ་འཕྲུལ་དག་ལ་འགྲན། །ཞེས་བདེ་བ་ཅན་གྱི་ཞིང་འདིར་འདབ་བརྒྱད་དམ་འདམ་སྐྱེས་སྟེ། མེ་ཏོག་པདྨ་འདབ་མ་ལྔ་པ་ནས་འདབ་མ་བརྒྱ་པའི་བར་ཞེས་བར་ཁོངས་ནས་བསྟན་པའི་འདབ་མ་བརྒྱད་པ་དང་། འདབ་མ་ཉི་ཤུ་པ་དང་སུམ་ཅུ་པ་སོགས་འདབ་མ་མང་དུ་ཡོད་པ་ལྟ་ན་སྡུག་པ། ཁ་དོག་སྣ་ཚོགས་པ། དྲི་བསུང་དང་ལྡན་པ་དཔག་ཏུ་མེད་པ་ཉིན་མོར་བྱེད་པ་གང་ལས་འོངས་པའི་ཕྱོགས་ནམ་མཁའི་དབྱིངས་ནས་ཉི་མ་རེ་ལ་དུས་བཞི་རེ་གསར་དུ་འགྲེམས་པར་བྱེད་པས་སའི་ངོས་ཀུན་ཁྱབ་པ་ནི། ཞིང་འདིའི་མིའི་བོངས་ཚོད་བདུན་ཙམ་མེ་ཏོག་འབའ་ཞིག་གིས་གང་བ་ཡང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་རྫུ་འཕྲུལ་གྱི་སྒོ་ནས་སངས་རྒྱས་ལ་མཆོད་པའི་ཕྱིར་དུ་སྤྲུལ་བའི་མེ་ཏོག་དག་ལ་འགྲན་པར་བྱེད་དོ། །ཞེས་པའང་དཔེ་རྒྱན་ནོ། །ཞིང་བཀོད་ཀྱི་མདོ་སོགས་ལས་ནི་ཉིན་མཚན་དུས་དྲུག་ཏུ་ཕྱོགས་བཞི་ནས་པདྨ་འགྲེམས་པར་གསུངས་པའང་ཡོད་དོ། ། འདིར་ཉིན་བྱེད་གང་ལས་འོང་པའི་ཕྱོགས་ནི་ནམ་མཁའི་མིང་དུ་བཏགས་པ་ཡིན་གྱིས་བདེ་བ་ཅན་དུ་ཉི་མ་ཡོད་པའི་དོན་དུ་མི་གཟུང་ངོ།།གཉིས་པ་ཞིང་འདིའི་སེམས་ཅན་རྫུས་ཏེ་བསྐྱེད་པའི་པདྨ་ལ་བསྟོད་པ་ནི། བར་བར་ཆུ་སྐྱེས་འདབ་མ་མང་གྲོལ་བ། །ཁོང་ནས་འཛུམ་པའི་གེ་སར་རྒོད་པ་ནི། །རྒྱལ་སྲས་སར་གནས་དཔའ་བོ་བསྐྱེད་པ་ལ། །ཤེས་རབ་ཕ་རོལ་ཕྱིན་མའི་ངང་ཚུལ་འཛིན། །ཞེས་གཞན་ཡང་རྫིང་བུ་དང་། འབབ་ཆུའི་བར་དང་བར་དུ་རིན་ཆེན་སྣ་བདུན་གྱི་ཆུ་སྐྱེས་འདབ་མ་མང་དུ་གྲོལ་བ། དཔག་ཚད་དུ་མའི་རྒྱ་ཁྱོན་ཅན། འདབ་མའི་ཁོང་ནས་འོད་ཟེར་བྱེ་བ་མང་པོ་འཕྲོ་བའི་གེ་སར་རྒོད་པའམ་བཞད་པ། འོད་ཟེར་དེ་དག་གི་རྩེ་མོར་སངས་རྒྱས་ཀྱི་སྐུ་དཔག་ཏུ་མེད་པ་འཁྲུངས་ཏེ་ཕྱོགས་བཅུའི་སེམས་ཅན་གྱི་དོན་མཛད་པ་ཡིན་ལ། དེ་ལྟ་བུའི་པདྨ་རྣམས་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སར་གནས་ཀྱི་དཔའ་བོ་སོགས་ཞིང་དེའི་སེམས་ཅན་རྣམས་རྫུས་ཏེ་བསྐྱེད་པའི་གནས་ཡིན་པའི་ཕྱིར་ན། དཔེ་ཅན་པདྨ་དེ་དག་ནི་དཔེ་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངང་ཚུལ་ལམ་རང་བཞིན་འཛིན་པ་སྟེ་བྱང་སེམས་རྣམས་ཀྱི་ཡུམ་དུ་འགྱུར་བར་མཚུངས་སོ་ཞེས་པའི་ངག་དོན་ཡིན་ནོ། །ཞེས་ཡུམ་ཤེར་ཕྱིན་གྱིས་སྲས་འཕགས་བཞི་བསྐྱེད་པ་དང་ཚུལ་མཚུངས་པར་བརྗོད་པས་དཔེ་རྒྱན་ནོ། །གཉིས་པ་ནམ་མཁའི་དཔལ་ཕུན་སུམ་ཚོགས་པ་ལ་བསྔགས་པ་ལ། ཆར་གྱི་ཕུན་ཚོགས་བསྟོད་པ་དང་། རླུང་གི་ཕུན་ཚོགས་ལ་བསྟོད་པའོ། །དང་པོ་ནི། ཀུན་གསལ་ངོགས་ལ་རིན་ཆེན་ཆུ་འཛིན་ཚོགས། །བཀྲ་ལས་བདུད་རྩིའི་ཆུ་རྒྱུན་འབབ་པ་དང༌། །ཆོས་ཀྱི་འབྲུག་སྒྲ་ཟབ་མོ་རྒོད་པ་ཡང༌། །དེར་གནས་བྱང་སེམས་རྣམས་ཀྱི་དགེ་བའི་བཤེས། །ཞེས་པ་སྟེ་ཀུན་གསལ་ནམ་མཁའི་ངོགས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཆུ་འཛིན་ནམ་སྤྲིན་གྱི་ཚོགས་འཁྲིགས་ཤིང་བཀྲ་བར་གནས་པ་ལས། སྤོས་ཀྱི་དྲི་ཞིམ་པའི་ངད་ལྡང་བར་བྱེད་པ་ལྷའི་བདུད་རྩི་ལྟ་བུའི་ཆུ་རྒྱུན་བཟང་པོ་རབ་ཏུ་འབབ་བོ། །ཞེས་དཔེའི་རྒྱན་དང་། དེ་དང་ལྷན་ཅིག་དམ་པའི་ཆོས་ཀྱི་དོན་སྟོན་པར་བྱེད་པའི་འབྲུག་སྒྲ་ཟབ་མོ་དག་ཀྱང་དལ་གྱིས་རྒོད་ཅིང་སྒྲོག་པར་བྱེད་པ་ཡང་ཞིང་དེར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་སུ་གྱུར་ཏོ། །ཞེས་ཡུལ་ཅན་ཞིང་དེའི་བྱང་སེམས་རྣམས་ལ་ལྟོས་ནས་ཡུལ་འབྲུག་གི་སྒྲ་དེ་ཉིད་ལ་སྙོན་དོར་ནས་དགེ་བའི་བཤེས་གཉེན་དུ་བརྗོད་པས་ན་ཡུལ་ལ་སྙོན་དོར་བའི་རྒྱན་ནོ། །གཉིས་པ་རླུང་གི་ཕུན་ཚོགས་ལ་བསྟོད་པ་ནི། ཞིང་འདིའི་རླུང་གིས་རེག་པ་ཙམ་གྱིས་ཀྱང༌། །མི་བདེའི་གོ་སྐབས་རིང་དུ་བསྐྲད་གྱུར་ན། །འདི་ཡི་ཡོན་ཏན་ཀུན་ལ་སྤྱོད་པ་ལ། །ཟག་མེད་བདེ་ཀུན་གཅིག་ཏུ་བསྡུས་པ་འདྲ། །ཞེས་པ་སྟེ་ཞིང་འདིར་སྤོས་ཀྱི་དྲི་བཟང་སྣ་ཚོགས་ཀྱིས་བསྒོས་པའི་རླུང་འཇམ་པོ་དག་ཀྱང་ཕྱོགས་བཞི་ནས་ལྡང་བར་བྱེད་ཅིང་། དེས་ལུས་ལ་རེག་པར་བྱས་པ་དེ་ཙམ་གྱིས་འགྲོ་བ་དེ་དག་གི་ཡིད་མི་བདེ་བའི་གོ་སྐབས་རྒྱང་རིང་པོར་བསྐྲད་ནས་དེ་དག་ཡིད་བདེ་བས་ཡོངས་སུ་མྱོས་པར་འགྱུར་ན། ཞིང་འདིའི་ཡོན་ཏན་གྱི་དཔལ་ཡོངས་སུ་རྫོགས་པ་ཀུན་ལ་ལོངས་སྤྱོད་པའི་འགྲོ་བ་རྣམས་ལ་ནི་ཟག་མེད་ཀྱི་བདེ་བ་ཀུན་གཞི་གཅིག་ཏུ་བསྡུས་པ་དང་འདྲ་བའི་བདེ་དགའ་དང་ལྡན་པར་གྱུར་པ་ནི་ལྟ་སྨོས་ཀྱང་ཅི་དགོས། ཞེས་ཟག་མེད་ཀྱི་བདེ་བ་ཀུན་གཅིག་ཏུ་བསྡུས་པ་ཞིག་སྔར་འཇིག་རྟེན་ན་མ་བྱུང་བ་དེ་དཔེར་བཀོད་པས་བྱུང་མིན་གྱི་དཔེའི་སྒོ་ནས་བརྗོད་པའོ། །གཉིས་པ་བཅུད་ཀྱི་ཕུན་ཚོགས་ལ་བསྟོད་པ་ལ། ཞིང་གི་གཙོ་བོ་མགོན་པོ་ཚེ་དཔག་མེད་ལ་བསྟོད་པ་དང་། འཁོར་བྱང་སེམས་ཉན་རང་རྣམས་ལ་བསྟོད་པ་གཉིས། དང་པོ་ལ་སྔ་ཕྱི་མཚམས་སྦྱར་ནས་བསྟོད་པར་དམ་བཅའ་བ་དང་། བསྟོད་པ་དངོས་སོ། །དང་པོ་ནི། དེ་ལྟར་དག་པའི་ཞིང་གི་སྣོད་བཅུད་ཀུན། །གཅིག་ཏུ་འཁྱིལ་བའི་ཡོན་ཏན་ཕུང་པོ་ཅན། །ཞིང་དེའི་མགོན་པོ་འོད་དང་ཚེ་མཐའ་ཡས། །རབ་ཏུ་འབད་པས་བདག་གིས་བསྟོད་པར་བྱ། །ཞེས་པ་སྟེ་གོང་དུ་ཞིང་འདིའི་ཡོན་ཏན་ཕྱོགས་ཙམ་བརྗོད་པ་དེ་ལྟར། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱ་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་དག་ཀུན་གཅིག་ཏུ་འཁྱིལ་བའི་ཡོན་ཏན་གྱི་ཕུང་པོ་ཅན། མགོན་པོ་འོད་དཔག་མེད་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་དགེ་སློང་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་ན་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་གྲུབ་པའི་ཞིང་མཆོག་བདེ་བ་ཅན་དེའི་བདག་པོ་ནི་མགོན་པོ་བདེ་གཤེགས་འོད་དང་ཚེ་མཐའ་ཡས་པ་ཡིན་པས་དེ་ལ་རབ་ཏུ་འབད་པ་ཆེན་པོས་བདག་གིས་བསྟོད་པར་བྱའོ། །ཞེས་པའོ། །གཉིས་པ་བསྟོད་པ་དངོས་ལ་གཉིས། མགོན་པོ་ཚེ་དཔག་མེད་ཀྱི་བྱང་ཆུབ་བརྙེས་པའི་གནས་ལ་བསྟོད་པ་དང་། མགོན་པོ་ཚེ་དཔག་མེད་ལ་བསྟོད་པའོ། །དང་པོ་ལ་གསུམ། བྱང་ཆུབ་ཀྱི་ཤིང་རིན་པོ་ཆེའི་པདྨོ་རྣམ་པར་སྣང་བ་ལ་བསྟོད་པ་དང་། རྨ་བྱའི་ཁྲི་དག་ཅིང་བཟང་ལ་བཀྲ་བའི་འོད་ཟེར་ཅན་ལ་བསྟོད་པ། པདྨའི་གདན་ལ་བསྟོད་པའོ། །དང་པོ་ནི། རིན་ཆེན་རིན་ཐང་བྲལ་བའི་དཔག་བསམ་ཤིང༌། །རིན་ཆེན་ཁ་དོག་མི་འདྲ་སྣ་ཚོགས་ཅན། །རིན་ཆེན་ལོ་འདབ་དག་གིས་སྤུད་པ་ལ། །རིན་ཆེན་འབྲས་བུ་བཟང་པོས་ཡོངས་སུ་མཛེས། །ཞེས་པ་སྟེ་རྒྱུ་རིན་ཆེན་རིན་ཐང་བྲལ་བ་ལས་གྲུབ་པའི་ལྷའི་དཔག་བསམ་ཤིང་། སངས་རྒྱས་འོད་དཔག་མེད་ཀྱི་ཁྲིའི་བརྒྱབ་ན་གདུགས་ཕུབ་པ་ལྟ་བུའི་ཚུལ་དུ་ཡོད་པ། འོད་དཔག་མེད་ཀྱི་བྱང་ཆུབ་ཤིང་ཞེས་བྱ་བ་ནི། དཔངས་ཤིན་ཏུ་མཐོ་ཞིང་འཁོར་ཡུག་རྒྱ་ཆེ་བ། སྡོང་པོ་དང་ཡལ་ག་རིན་པོ་ཆེ་ཁ་དོག་མི་འདྲ་བ་སྣ་ཚོགས་བརྒྱ་སྟོང་ལས་གྲུབ་པ། རིན་པོ་ཆེའི་ལོ་འདབ་དག་གིས་དུས་བཞི་རྟག་ཏུ་སྤུད་པའམ་བརྒྱན་པ་ལ། རིན་པོ་ཆེའི་འབྲས་བུ་བཟང་པོ་ཐ་དད་པ་མང་པོ་དང་། གཞན་ཡང་། ལྷའི་ཡིད་བཞིན་གྱི་ནོར་བུ་དང་། གསེར་གྱི་སྐུད་པའི་དྲ་བ་དྲ་ཕྱེད་དང་། ནོར་བུའི་ཆུན་པོ་དང་། མེ་ཏོག་གི་དོ་ཤལ་ལ་སོགས་པའི་རྒྱན་གྱི་ཚོགས་མང་པོས་ཡོངས་སུ་མཛེས་པར་བྱས་པའོ། །ཞེས་པ་འདི་རྐང་པ་བཞི་ཀའི་ཐོག་མ་ལ་ཡོད་པའི་བར་ཆོད་པའི་ཟུང་ལྡན་ཡིན་ནོ། །གཉིས་པ་རྨ་བྱའི་ཁྲི་དག་ཅིང་བཟང་ལ་བཀྲ་བའི་འོད་ཟེར་ཅན་ལ་བསྟོད་པ་ནི། དེ་ཡི་མདུན་ན་རབ་བཀྲའི་འདབ་མ་ཅན། །གཙུག་ཕུད་འཛིན་པ་བརྒྱད་ཀྱིས་ཉེར་བཏེག་པའི། །ནོར་བུའི་ཁྲི་མཆོག་འོད་ཟེར་འབར་བ་ནི། །པདྨོའི་གཉེན་གྱི་གཟི་བརྗིད་བྱེ་བ་འཕྲོག ། ཅེས་དེ་ལྟ་བུའི་འོད་དཔག་མེད་ཀྱི་བྱང་ཆུབ་ཤིང་དེ་ཡི་མདུན་ན་ཞིང་འདིའི་གདུལ་བྱ་རྣམས་ཉོན་མོངས་པའི་དུག་གིས་མི་ཚུགས་པ་མཚོན་པའི་ཕྱིར་མདངས་རབ་ཏུ་བཀྲ་བའི་མཇུག་སྒྲོའི་འདབ་མ་ཅན་གྱི་རྨ་བྱ། གཙུག་ཕུད་འཛིན་པ་བརྒྱད་ཀྱིས་ཉེར་བར་བཏེག་པའི་བདེ་གཤེགས་འོད་དཔག་མེད་ཀྱི་ནོར་བུའི་ཁྲི་མཆོག་འོད་ཟེར་འབར་བ་ཡོད་ལ། དེས་ནི་པདྨོའི་གཉེན་གྱི་གཟི་བརྗིད་བྱེ་བ་འཕྲོག་པར་བྱེད་དོ། །ཞེས་པདྨོའི་གཉེན་གྱི་གཟི་བརྗིད་ལ་བསྔགས་ནས་དེ་དང་མཚུངས་པར་བསྟན་པས་བསྔགས་པའི་དཔེས་བརྗོད་པ་ཡིན་ནོ། །འདིའི་འཕྲོག་པ་ནི་མཚུངས་གསལ་གྱི་སྒྲ་ཡིན་ནོ། །གསུམ་པ་པདྨའི་གདན་ལ་བསྟོད་པ་ནི། ཐུན་མཚམས་མདངས་ལ་མཚལ་གྱིས་བྱུགས་པ་ཡི། །ཆུ་སྐྱེས་བརྒྱ་ཕྲག་འདབ་མའི་གྲངས་ལྡན་པ། །ཚ་ཟེར་ཅན་དང་བསིལ་ཟེར་བྱེད་པ་ཡི། །ལྕི་ཡང་རྙིད་པ་མེད་པའི་བཀའ་དྲིན་སྩལ། །ཞེས་ཐུན་མཚམས་མདངས་ལ་མཚལ་གྱིས་བྱུགས་པ་ཡི་ཆུ་སྐྱེས་ཞེས་འབྲུ་མང་པོའི་ཚིག་བསྡུད་བྱས་པ་ཡིན་ལ། དོན་ལ་ཉིན་དང་མཚན་གྱི་ཐུན་མཚམས་སུ་བྱུང་བའི་ནམ་མཁའི་མདངས་ལ་སླར་ཡང་མཚལ་དམར་གྱིས་བྱུགས་པ་བཞིན་དུ་མཛེས་པའི་ཆུ་སྐྱེས་པདྨ་དམར་སེར་འདབ་མ་བརྒྱ་ཕྲག་གི་གྲངས་དང་ལྡན་པ་ཞེས་པ་ཡིན་ལ། དེ་འདྲའི་པད་མའི་གདན་གྱི་སྟེང་དུ་བརྩེགས་པའི་ཉི་ཟླའི་གདན་ལ་དགོངས་ནས། པད་མ་དེ་ནི་ཚ་ཟེར་རབ་ཏུ་རྒྱས་པའི་ཉིན་བྱེད་དང་། བསིལ་བའི་འོད་ཟེར་འགྱེད་པར་བྱེད་པའི་ཟླ་བ་གཉིས་ཀྱིས་སྟེང་ནས་སྟེང་དུ་བརྩེགས་ཏེ་གནན་ནས་ལྕི་བར་གྱུར་པ་ནི་མེ་ཏོག་རྙིད་པར་བྱེད་པའི་རྒྱུ་ཡིན་ཀྱང་། རྒྱུ་དེས་ནི་པདྨ་དེ་ཉིད་ཅུང་ཟད་ཀྱང་རྙིད་པ་དང་སྐམ་པར་གྱུར་པ་མེད་པའི་བཀའ་དྲིན་སྩལ་བ་སྟེ། དེ་བས་རབ་ཏུ་རྒྱས་པར་བྱས་སོ། །ཞེས་ཕྱེད་སྔ་མ་དཔེ་རྒྱན་དང་། ཕྱི་མས་མཐུན་པའི་རྒྱུ་ལས་འབྲས་བུ་རིགས་མིན་ཕྱིན་ཅི་ལོག་སྐྱེད་པར་སྟོན་པའི་རིགས་མིན་གྱི་རྒྱུའི་རྒྱན་གྱིས་བསྔགས་པའོ། །གཉིས་པ་མགོན་པོ་ཚེ་དཔག་མེད་ལ་བསྟོད་པ་ལ་གཉིས། མགོན་པོ་གང་གི་སྐུ་གསུམ་སོ་སོར་ངོས་བཟུང་བ། མགོན་པོ་ཚེ་དཔག་མེད་ལ་བསྟོད་རིག་པར་བསྒྲུབ་པ་དང་། བསྟོད་པ་དངོས་སོ། །དང་པོ་ལ་ཤོ་ལོ་ཀ་གཉིས་བྱུང་བ་ནི། དེ་ན་བཞུགས་པའི་སྟོན་པ་མཚུངས་མེད་དེ། །ཆོས་ཀྱི་སྐུ་ལ་སྣང་བ་མཐའ་ཡས་ཤིང༌། །ལོངས་སྤྱོད་རྫོགས་སྐུ་ཚེ་མཐའ་ཡས་པར་བསྒྲགས། །སྤྲུལ་པའི་སྐུ་ནི་འོད་དཔག་མེད་དུ་ངེས། །ཞེས་གོང་དུ་བཤད་མ་ཐག་པའི་བྱང་ཆུབ་སྙིང་པོའི་གནས་དེ་ན་ཞིང་གི་བདག་པོའི་ཚུལ་དུ་བཞུགས་པའི་སྟོན་པ་མཚུངས་ཟླ་མེད་པ་དེ་ནི་གང་ཟག་རྒྱུད་གཅིག་ལ་རྣམ་པ་མི་འདྲ་བ་གསུམ་བྱུང་སྟེ། མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་རྒྱུད་ཀྱི་ཆོས་ཀྱི་སྐུ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆ་ལས་བཏགས་པ་ནི་ཆོས་སྐུ་སྣང་བ་མཐའ་ཡས་དང་། ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཐོག་མར་སངས་རྒྱས་པའི་སྐུའི་རྣམ་པ་ལས་མགོན་པོ་ཚེ་དཔག་མེད་ཞེས་གསོལ་བ་དང་། དེ་འདྲའི་ལོངས་སྐུ་དེས་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ་ནི་འོད་དཔག་མེད་དུ་ངེས་ཞེས་པའོ། །དེ་ཀུན་ངོ་བོའི་སྒོ་ནས་རོ་གཅིག་པར། །མཉམ་མེད་ཤཱཀྱའི་རྒྱལ་པོས་ཚེ་ཡི་མདོར། །ཇི་ལྟར་གསུངས་པ་དེ་བཞིན་ཚེ་དཔག་མེད། །བསྟོད་པར་གྱུར་ན་མཆོག་ཏུ་བསྔགས་པ་ལགས། །ཞེས་དེ་ལྟ་བུའི་མཚན་གྱི་འདོགས་ཚུལ་ལས་རྒྱལ་བ་ཚེ་དང་ཡེ་ཤེས་དང་འོད་སྣང་མཐའ་ཡས་ཞེས་རྣམ་པ་ཐ་དད་དུ་སྣང་བ་ཙམ་མ་གཏོགས། དེ་ཀུན་ངོ་བོའི་སྒོ་ནས་རོ་གཅིག་པའི་ཐ་མི་དད་ཡིན་པ་ལྟར། མགོན་པོ་ཚེ་དཔག་མེད་བསྟོད་པར་གྱུར་ན་ཕན་ཡོན་མཆོག་ཏུ་གྱུར་པ་ཐོབ་པ་ཡིན་སྟེ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཚེ་ཡི་མདོར་ཡང་། འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་ལ་སོགས་པ་ལ་རིན་པོ་ཆེ་སྣ་བདུན་གྱི་མཆོད་པ་རྣམས་ཀྱིས་མཆོད་པ་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དཔག་ཏུ་མེད་པའི་མདོ་སྡེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཞེས་གསུངས་པས་མགོན་པོ་ཚེ་དཔག་མེད་ལ་བསྟོད་པར་རིགས་སོ། ། ཞེས་པའོ། །གཉིས་པ་བསྟོད་པ་དངོས་ལ། མགོན་པོ་ཚེ་དཔག་མེད་ཀྱི་སྐུའི་འོད་ཟེར་ལ་བསྟོད་པ་དང་། ཟུར་ཕུད་ཀྱི་རྒྱན་ལ་བསྟོད་པ། ཤེར་ཕྱིན་ཡུམ་བར་མའི་མདོ་སོགས་ལས་བྱུང་བ་ལྟར་གྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་བསྟོད་པ། ཚེའི་དངོས་གྲུབ་སྩོལ་བའི་ཚུལ་ལ་བསྟོད་པ་དང་བཞི་ལས། དང་པོ་སྐུའི་འོད་ཟེར་ལ་བསྟོད་པ་ནི། ཁྱོད་སྐུ་འོད་ཟེར་བྱེ་བ་བརྒྱ་ཕྲག་གིས། །གྲངས་མེད་ཞིང་མཆོག་མ་ལུས་འགེངས་མཛད་པ། །འོད་ཟེར་རེ་རེར་ཁྱོད་ཀྱི་སྤྲུལ་པ་རེས། །ཞིང་ཁམས་མ་ལུས་བདག་ཏུ་བཟུང་བ་ལགས། །ཞེས་མགོན་པོ་ཚེ་དཔག་མེད་ཁྱོད་ཀྱི་སྐུ་ལས་འཕྲོས་པའི་འོད་ཟེར་བྱེ་བ་བརྒྱ་ཕྲག་གིས་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་མཆོག་མ་ལུས་པ་འགེངས་པར་མཛད་དོ། །འོད་ཟེར་དེ་དག་ཀྱང་དྲི་མས་དག་ཅིང་མདངས་གསལ་བ། གང་གི་ལུས་ལ་ཕོག་པའིའགྲོ་བ་རྣམས་མཆོག་ཏུ་བདེ་ཞིང་དགའ་བས་ཡིད་བརྟས་པར་བྱེད་པ། མཛེས་པས་འོད་གཞན་ཐམས་ཅད་ཟིལ་གྱིས་གནན་ནས་མོག་མོག་པོར་བྱེད་པ་ཡིན་ལ། དེ་འདྲའི་འོད་ཟེར་རེ་རེའི་སྣེ་མོར་ཡང་མགོན་པོ་ཁྱེད་ཀྱི་སྤྲུལ་པའི་སྐུ་གསལ་རྫོགས་མཚན་དཔེའི་རྒྱན་གྱིས་སྤྲས་པ་རེ་རེ་བཞུགས་པ། སྤྲུལ་པ་དག་གིས་གྲངས་མེད་པའི་ཞིང་ཁམས་དེ་དག་མ་ལུས་པ་བདག་གིར་བཟུང་ནས་དམ་པའི་ཆོས་ཀྱིས་འགྲོ་བའི་རྒྱུད་སྨིན་པར་མཛད་པ་ལགས་སོ། །ཞེས་པའོ། །གཉིས་པ་ཟུར་ཕུད་ཀྱི་རྒྱན་ལ་བསྟོད་པ་ནི། མཐོན་མཐིང་ཁུག་པ་ལྔ་རུ་བཅིངས་པ་ཡི། །གསེར་གྱི་མཁྱུད་མོ་ནོར་བུའི་ཕྲ་ཅན་གྱི། །གཟི་བརྗིད་བཟོད་པའི་གོ་སྐབས་དང་བྲལ་བས། །ཞིང་འདིར་ཉི་མའི་བགྲོད་པ་ཀུན་ཏུ་སྤངས། །ཞེས་གནག་སྣུམ་མཐོན་མཐིང་གི་མདངས་ཆགས་པའི་དབུ་སྐྲའི་ལན་བུ་ནི། སྤྱི་གཙུག་གི་གནས་སུ་ཕྱོགས་བཞིར་ཁུག་པ་རེ་དང་དབུས་སུ་ཁུག་པ་གཅིག་ཅུང་ཟད་མཐོ་བའམ། ཡང་ན་གཡས་གཡོན་གྱི་ཕྱོགས་རེར་ཁུག་པ་གཉིས་རེ་དང་སྟེང་དུ་ཁུག་པ་གཅིག་སྟེ་ཁུག་པ་ལྔ་རུ་ཡོད་ཅིང་། དེ་དག་ལྷན་ཅིག་ཏུ་བཅིངས་པ་ཡི་འཆིང་བྱེད་ནི་གསེར་གྱི་མཁྱུད་མོ་སྟེ་སྐེད་འཆིང་ལྷའི་རིན་པོ་ཆེ་ལས་བརྒྱ་སྟོང་གིས་འཕགས་པའི་ནོར་བུའི་ཕྲ་ཚོམ་དང་ལྡན་པ་ཞིག་ཡོད་ལ། དེའི་གཟི་བརྗིད་བཟོད་པའམ་ཐེག་ནུས་པའི་གོ་སྐབས་དང་བྲལ་བས་ན། བདེ་བ་ཅན་གྱི་ཞིང་འདིར་ཉི་མའི་ལྷོ་བགྲོད་དང་། བྱང་བགྲོད་ཀྱིས་མཚོན་པའི་ཉི་མའི་བགྲོད་པ་རྣམས་དུས་བཞིའི་གནས་སྐབས་ཀུན་ཏུ་སྤངས་སོ། །ཞེས་པ་ཡིན་ལ། དེ་ཡང་བདེ་བ་ཅན་གྱི་ཞིང་དུ་ཕལ་བའི་ཉི་མས་མཚོན་ནས་གཟའ་སྐར་གཞན་དག་དང་། དེའི་ཁྱད་པར་ལས་བྱུང་བའི་ཉིན་མཚན་དང་། བགྲོད་བཞི་དང་། དུས་བཞི་ལ་སོགས་པའི་རྣམ་གཞག་མེད་པར་ཞིང་བཀོད་ཀྱི་མདོ་ལས་གསུངས་པ་ལྟར་ཡིན་ལ། དེ་རབ་བཏགས་ཀྱི་ས་བོན་དུ་བྱས་ནས། དེ་ནི་གསེར་གྱི་མཁྱུད་མོ་དེའི་གཟི་བརྗིད་མ་ཐེག་པར་འོང་མ་ནུས་པ་ཞིག་ཡིན་པར་སྒྲོ་བཏགས་ནས་བརྗོད་པས་རབ་རྟོག་གི་རྒྱན་དུ་འདོད་དོ། །གསུམ་པ་ཤེར་ཕྱིན་ཡུམ་བར་མའི་མདོ་སོགས་ལས་བྱུང་བ་ལྟར་གྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་བསྟོད་པ་ལ་ཤོ་ལོ་ཀ་བཅུ་གཅིག་བྱུང་བ་ལས། ཤོ་ལོ་ཀ་དང་པོ། ༡ དབུ་གཙུག་ཏོར་དང་ལྡན་པ་ནི། ནམ་མཁའི་མཐའ་འདི་གཞལ་བར་མི་ནུས་ཞེས། །སྨྲ་བའི་ལྕེ་དེ་གྱི་ནའི་ངང་ཚུལ་ཅན། །མིན་ན་མགོན་པོ་ཁྱོད་ཀྱི་གཙུག་ཏོར་མཐས། །ཀུན་འཁོར་ངལ་བར་བྱས་འདི་རྒྱུ་གང་ཞིག ། ཅེས་ནམ་མཁའི་མཐའི་ཚད་ནི་འདི་ཙམ་མོ་ཞེས་གཞལ་བར་མི་ནུས་སྟེ། ནམ་མཁའ་ནི་མཐའ་མེད་པའོ་ཞེས་འཇིག་རྟེན་ན་སྨྲ་བར་བྱེད་དེ། དེ་ལྟར་སྨྲ་བར་བྱེད་པའི་ལྕེ་འདི་ནི་གྱི་ན་སྟེ་དོན་དང་མི་ལྡན་པའི་ངང་ཚུལ་ཅན་ཞིག་ཡིན་ནོ། །ཅི་སྟེ་མིན་ན། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཁྱེད་ཀྱི་དབུའི་གཙུག་ཏོར་གྱི་རྩེ་མོ་ནི་ཧ་ཅང་མཐོ་དྲག་ནས། ཀུན་འཁོར་ཏེ་ཀུན་ཁྱབ་ཀྱི་འཁོར་ལོའམ་ནམ་མཁའ་ཡང་ཟད་པའི་མཐའ་ལ་ཐུག་ནས། གཙུག་ཏོར་ཤོང་བའི་གོ་སྐབས་འབྱེད་མི་ནུས་པས་ངལ་བར་བྱས་པ་འདིའི་རྒྱུ་གང་ཞིག་ཡིན་པ་སྨྲོས་ཤིག ཅེས་འཇིག་རྟེན་གྲགས་ཚོད་ལས་བརྒལ་ནས་འུད་ཆེན་པོས་བརྗོད་པས་ཕུལ་བྱུང་གི་རྒྱན་དང་། ཀུན་འཁོར་ལ་གཞན་གྱི་ཆོས་ངལ་བའི་སྒོ་ནས་བཏགས་པ་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་དང་བཅས་པའོ། ། མདོ་དང་བསྟན་བཅོས་རྣམས་ལས་མཚན་བཟང་གི་གོ་རིམ་བསྟན་ཚུལ་ལྟར་ན་གཙུག་ཏོར་འདི་དང་པོ་མ་ཡིན་ཀྱང་འདིར་ཐོག་མར་སྨོས་པ་ནི་མཛོད་སྤུ་འགྲུབ་བྱེད་ཀྱི་བསོད་ནམས་འབུམ་འགྱུར་གྱིས་དབུ་གཙུག་ཏོར་དང་ལྡན་པ་འགྲུབ་པར་གསུངས་པ་བཞིན་མཚན་བཟང་གཞན་ལས་གྲུབ་པར་དཀའ་ཞིང་གཙོ་ཆེ་བས་ཡིན་ནམ་སྙམ་མོ། །ཤོ་ལོ་ཀ་གཉིས་པ། ༢ ཕྱག་ཞབས་འཁོར་ལོས་མཚན་པ་དང་། ༣ ཞབས་མཐིལ་མཉམ་པ། ༤ སོར་མོ་འབྲེལ་བ་གསུམ་ནི། མུ་ཁྱུད་རྩིབས་དང་བཅས་དང་གཅོད་བྱེད་དང༌། །རུས་སྦལ་དབྱིབས་ཅན་ཀུན་ཏུ་འབྲེལ་གྱུར་པ། །བསོད་ནམས་གྲངས་མེད་ཟོང་གིས་བསྒྲུབ་ཅེས་པ། །དྲང་དོན་ལས་བརྒལ་བདེན་པའི་ཚིག་གི་བདག ། ཅེས་མགོན་པོ་ཚེ་དཔག་མེད་དེའི་ཕྱག་དང་ཞབས་ཀྱི་མཐིལ་ན་གསེར་གྱི་འཁོར་ལོའི་རིས་ཡོད་དེ། འཁོར་ལོ་དེ་ནི་མཐའི་མུ་ཁྱུད་དང་། བར་གྱི་རྩིབས་སྟོང་ཕྲག་དང་བཅས་པ་ནི་བ་སོ་ལ་བརྐོས་རྒྱབ་པའམ་ཤོག་བུའི་ཐོག་ཏུ་ཐེའུ་ཙེ་རྒྱབ་པ་ལྟ་བུ་གསལ་ཞིང་མ་འདྲེས་པ། རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པའི་ནུས་པ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་ཞབས་ཀྱི་ལྟོ་བ་ཁོང་སྟོང་མ་ཡིན་པར་ཤས་གང་བས་རུས་སྦལ་གྱི་ལྟོ་བ་དང་འདྲ་བའི་དབྱིབས་ཅན་དང་། ཕྱག་ཞབས་ཀྱི་སོར་མོ་ཉི་ཤུ་པོའི་ཕྱེད་ཙམ་དྲ་བས་ཀུན་ཏུ་ལེགས་པར་འབྲེལ་བར་གྱུར་པ་སོགས། མཚན་དཔེའི་ཆ་ཤས་ཕྲ་མོ་ཚུན་ཆད་ཀྱང་རྒྱུ་མེད་ལས་བྱུང་བ་མ་ཡིན་པར། རང་གི་ཐུན་མོང་མ་ཡིན་པའི་རྒྱུར་གྱུར་པའི་བསོད་ནམས་ཀྱི་ཚོགས་གྲངས་མེད་པའི་ཟོང་ངམ་རྒྱུས་བསྒྲུབས་ཞེས་མཚན་དཔེའི་རྒྱུ་ཚོགས་ཕྲ་ཞིང་ཞིབ་པར་ཤེར་ཕྱིན་ཡུམ་བར་མའི་མདོ་དང་། བསྟན་བཅོས་མངོན་རྟོགས་རྒྱན་ལས་བྱུང་བ་བཞིན་ཕར་ཕྱིན་འགྲེལ་པ་དོན་གསལ་དང་། རིན་ཆེན་ཕྲེང་བ་སོགས་བསྟན་བཅོས་གཞན་དང་གཞན་དུ་ཡང་མཚན་དཔེ་འགྲུབ་པའི་རྒྱུ་མང་དུ་བྱུང་བ་དེ་རྣམས་ནི་རང་གི་བསྟན་དོན་གྱི་དགོངས་པ་གཞན་དུ་དྲངས་དགོས་པའི་དོན་ལས་བརྒལ་ཞིང་འདས་པས་ན། ངེས་དོན་སྒྲ་ཇི་བཞིན་བདེན་པའི་ཚིག་གི་བདག་ཉིད་ཅན་ཡིན་ནོ་ཞེས་པའོ། །ཤོ་ལོ་ཀ་གསུམ་པ། ༥ ཕྱག་ཞབས་རྣམས་འཇམ་ཞིང་གཞོན་ཤ་ཆགས་པ་ནི། ལུང་བསྟན་སྦྱིན་པར་བྱ་བའི་སར་གནས་ཀྱི། །དཔའ་བོའི་མགོ་ལ་ཉུག་པར་མཛད་པ་དང༌། །གང་དུ་བྲིས་པའི་ས་ཀུན་བཀྲ་ཤིས་པ། །འདི་ཡི་རེག་བྱའི་དཔེ་ནི་ནམ་མཁའི་རྩྭ། །ཞེས་མགོན་པོ་ཚེ་དཔག་མེད་དེ་ཉིད་ཞིང་འདིར་འཚོ་གཞེས་པའི་དགོས་པའི་གཙོ་བོ་གཅིག་ནི་འཁོར་བྱང་སེམས་རྣམས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་ཕྱིར་ཡིན་ལ། ལུང་བསྟན་པའི་ཚེ་དབུགས་དབྱུང་སྦྱིན་པར་བྱ་བའི་སར་གནས་ཀྱི་དཔའ་བོའི་མགོ་ལ་ཉུག་པ་སྟེ་རེག་པར་མཛད་པ་ནི་ཕྱག་དང་། མགོན་པོ་ཚེ་དཔག་མེད་ཀྱིས་ཞབས་ཀྱིས་གང་དུ་བཅགས་པའི་གནས་དེར་ནི་ཞབས་ས་ལ་མ་རེག་བཞིན་དུའང་ཞབས་མཐིལ་འཁོར་ལོའི་རི་མོ་ས་དེར་བྲིས་པའམ་གསལ་བ་ཡིན་ལ། དེས་ནི་ས་དེ་ཀུན་བཀྲ་ཤིས་པར་བྱེད་པ་ནི་ཞབས་སྟེ། དེ་འདྲའི་ཕྱག་དང་ཞབས་འདི་ཡི་རེག་བྱ་འཇམ་ཞིང་གཞོན་ཤ་ཆགས་པའི་དཔེར་འོས་པ་ཞིག་ནམ་མཁའི་རྩྭ་བཞིན་དུ་དམིགས་སུ་མེད་དོ། །ཞེས་འཇིག་རྟེན་ན་གང་གི་ཕྱག་ཞབས་ཀྱི་རེག་བྱ་འཇལ་བྱེད་ཐུན་མོང་བའི་དཔེར་བྱ་མེད་པར་བསྟན་ནས། མཚོན་བྱ་དེ་ཆེས་ཕུལ་དུ་བྱུང་བར་བརྗོད་པས་ཐུན་མོང་མ་ཡིན་པའི་དཔེའི་རྒྱན་གྱིས་བརྗོད་པའོ། །འདིར་འདྲ་བ་གཞན་མེད་པའི་དཔེར་ནམ་མཁའི་རྩྭ་བཀོད་པ་ནི། ནམ་མཁར་སྐྱེས་པའི་རྩྭ་མེད་པས་སམ་ནམ་མཁའ་པདྨོ་ཞེས་པ་དང་འདྲ་བ་ཡིན་ནོ། །འདི་སོགས་སྐབས་གོང་འོག་གི་རྒྱན་འགའ་ལ་ཚིག་གི་ཉམས་འདོན་ལུགས་མེ་ལོང་མའི་དཔེར་བརྗོད་ལ་དཔར་བཏབས་པ་ཇི་བཞིན་ཞིག་མིན་ཡང་། རྒྱན་དེ་དང་དེར་གཏོགས་པ་ནི་སློབ་དཔོན་རང་གིས། བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བ་ཉིད་ཀྱི་ཁྱད་པར་ཆེ། །ཞེས་པ་ལྟར་སྙན་ངག་གི་ཉམས་འདོན་ལུགས་ལ་མཐའ་མེད་པས་ཡིན་ནོ། །ཤོ་ལོ་ཀ་བཞི་པ། ༦ སྐུའི་བདུན་ཕྱོགས་མཐོ་བ་དང་། ༧ སོར་མོ་རྣམས་རིང་བ། ༨ རྟིང་པ་ཡངས་པ། ༩ སྐུ་ཆེ་བ་རྣམས་ལ་བསྟོད་པ་ནི། སྐུ་ཡི་བདུན་ཕྱོགས་མངོན་པར་མཐོ་བ་དང༌། །ཕྱག་སོར་རིང་བ་འོད་ཟེར་དྲ་བ་ཅན། །རྟིང་ཡངས་སྐུ་ཆེ་གང་བའི་དཀྱིལ་འཁོར་ནི། །རྒྱལ་བ་མ་ལུས་གཅིག་ཏུ་བསྡུས་པ་བཞིན། །ཞེས་མགོན་པོ་ཚེ་དཔག་མེད་དེའི་སྐུའི་ཕྱག་ཞབས་ཀྱི་རྒྱབ་བཞི་དང་། ཕྲག་པའི་ཐལ་གོང་གཉིས། ལྟག་པའི་རྒྱབ་སྟེ་བདུན་ཕྱོགས་དེ་དག་ཤས་འབུར་བུར་ཁེངས་ཏེ་མངོན་པར་མཐོ་བ་དང་། ཕྱག་སོར་རམ་ཕྱག་གི་མཛུབ་མོ་རྣམས་རིང་ཞིང་། དེ་དག་ལས་འཕྲོས་པའི་འོད་ཟེར་རྣམས་ཕན་ཚུན་འཛིངས་ནས་དྲ་བའི་རྣམ་པ་ཅན་དུ་ཆགས་པ། ཞབས་ཀྱི་བཞི་ཆ་ཙམ་ཕྱིར་འཕགས་པའི་རྟིང་པ་ཡངས་པ། སྐུའི་བོངས་ཆེ་ཞིང་གང་བའི་དཀྱིལ་འཁོར་ཟླ་བ་ཉ་གང་བ་ལྟ་བུ་ནི་རྒྱལ་བ་མ་ལུས་པའི་སྐུའི་མཛེས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བཞིན་ནོ། །ཞེས་དཔེ་རྒྱལ་བ་མ་ལུས་པ་གཅིག་ཏུ་བསྡུས་པ་ཞིག་མ་བྱུང་བས་བྱུང་མིན་གྱི་དཔེའོ། །ཤོ་ལོ་ཀ་ལྔ་པ། ༡༠ ལོང་བུ་ཆེར་མི་མངོན་པ་དང་། ༡༡ སྐུའི་བ་སྤུ་གྱེན་དུ་ཕྱོགས་པ་ལ་བསྟོད་པ་ནི། ཞབས་ལ་སོགས་པའི་ལོང་བུའི་ཚིགས་འབུར་རྣམས། །མི་མངོན་སྦས་པའི་མངོན་རྟོགས་རིམ་པ་དང༌། །སྐུ་ཡི་བ་སྤུ་རེ་རེ་གྱེན་ཕྱོགས་སུ། །གནས་པས་ཐར་ལམ་ཅི་བདེར་སྟོན་པར་མཛད། །ཅེས་མགོན་པོ་ཚེ་དཔག་མེད་ཀྱི་ཞབས་དང་ཕྱག་གི་ལོང་བུའི་ཚིགས་ཀྱི་འབུར་པོ་རྣམས་དང་། པུས་མོའི་ལྷ་ང་སྐྱེ་བོ་ཕལ་བ་ལྟར་ཆེར་མི་མངོན་ནོ་ཞེས་བཀོད་ནས། དེས་ཅི་ཞིག་སྟོན་ཞེ་ན། དེས་ནི་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོར་དངོས་བརྒྱད་དོན་བདུན་ཅུ་སོགས་མངོན་རྟོགས་ལམ་གྱི་རིམ་པ་རྣམས་མི་མངོན་པར་སྦས་པའི་ཚུལ་གྱིས་བསྟན་ཡོད་པ་དེ་སྟོན་པ་དང་། སྐུའི་བ་སྤུ་རྣམས་ནི་གཉིས་གསུམ་མཉམ་དུ་ཁུང་བུ་གཅིག་ནང་སྐྱེས་པ་མ་ཡིན་པར་ཟླ་མེད་རེ་རེ་ནས་སྐྱེས་པའི་རྩེ་མོ་རྣམས་སྐུ་ལ་གྱེན་དུ་ཕྱོགས་ནས་གནས་པ་དེས་ཀྱང་འགྲོ་བ་རྣམས་ལ་སངས་རྒྱས་ཀྱི་སྐུ་མཚན་བཟང་པོ་ནི་འདི་འདྲ་ཡིན་པས་ཁྱེད་ཀྱང་མྱུར་དུ་ཐར་པ་བླ་ན་མེད་པའི་ལམ་ལ་ཅི་བདེ་བར་ཞུགས་ཤིག་ཅེས་སྟོན་པར་མཛད་དོ། །ཞེས་མཆོག་གི་ངེས་བསྟན་རྒྱན་གྱིས་བརྗོད་པའོ། །ཤོ་ལོ་ཀ་དྲུག་པ། ༡༢ བྱིན་པ་བགས་ཀྱིས་ཞོལ་བ་དང་། ༡༣ ཕྱག་རིང་ཞིང་མཛེས་པ། ༡༤ འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྣམས་ལ་བསྟོད་པ་ནི། ཨེ་ན་ཡ་ལྟར་བགས་ཀྱིས་ཞོལ་བའི་བྱིན། །གཉིས་འཐུང་སྣ་ཞགས་ལྟ་བུར་མཛེས་པའི་ཕྱག། མི་མངོན་སྦས་པའི་ཚུལ་གྱི་བརྟུལ་ཞུགས་ཅན། །འདི་དག་ཤེར་ཕྱིན་སླད་དུ་བསྟན་པ་ལགས། །ཞེས་མགོན་པོ་ཁྱོད་ཀྱི་ཞབས་ཀྱི་བྱིན་པ་ནི་རི་དྭགས་ཨེ་ན་ཡ་སྟེ་ཤ་བའི་བྱིན་པ་ལྟར་བགས་ཀྱིས་ཞོལ་བ་སྟེ་རིམ་པས་ཕྲ་བར་གྱུར་ཅིང་ཟླུམ་པ་དང་། གཉིས་འཐུང་སྟེ་ཁ་དང་སྣ་གཉིས་ཀས་ཆུ་འཐུང་བར་བྱེད་པའི་གླང་པོ་ཆེའི་སྣ་ཞགས་ལྟ་བུར་མཛེས་པའི་ཕྱག་གཉིས་ནི་སྐུ་འགྲེང་བཞིན་དུ་པུས་མོར་སླེབས་པའི་རིང་བ། འདོམས་ཀྱི་སྦ་བ་སྟེ་གསང་གནས་ཕྱིར་མི་མངོན་པར་སྦུབས་སུ་ནུབ་ནས་རྟ་མཆོག་བཞིན་དུ་སྦས་པའི་ཚུལ་གྱི་བརྟུལ་ཞུགས་བཟུང་བ་ཡིན་ནོ། །མཚན་དཔེ་དེ་རྣམས་ཀྱི་ཁྱད་པར་ནི་སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་རྒྱས་འབྲིང་སོགས་ཤེར་ཕྱིན་གྱི་གཞུང་རྣམས་སུ་གསལ་བར་འབྱུང་ཞིང༌། མགོན་པོ་ཚེ་དཔག་མེད་ཀྱི་གཟུགས་སྐུ་ལ་མཚན་དཔེའི་ཁྱད་པར་དེ་དག་གསལ་བར་ཡོད་པ་ནི། ཡུམ་ཤེར་ཕྱིན་གྱི་དགོངས་པའི་བདེན་པའི་དཔང་པོའམ་ཡང་ན་དགོངས་པ་བདེ་བླག་ཏུ་རྟོགས་པའི་སླད་དུ་དགོངས་བཞིན་དུ་བསྟན་པ་ལགས་སོ། །ཞེས་པའོ། །ཤོ་ལོ་ཀ་བདུན་པ། ༡༥ པགས་པའི་མདོག་གསེར་ལྟར་དག་ཅིང་གསལ་བ་དང་། ༡༦ པགས་པ་འཇམ་པ་དང་། ༡༧ སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ནི། གསེར་འོད་ལྟ་བུར་སྣང་ཡང་གསེར་གྱི་འོད། །ལྕགས་ཀྱི་ཁམས་དང་མཚུངས་བྱེད་མཚལ་ཞུན་ཅན། །སྣུམ་ཞིང་གཡས་སུ་འཁྱིལ་བའི་ཐིག་ལེ་བཀྲ། ལྷ་བརྒྱའི་གཙུག་རྒྱན་ཁེངས་པ་ཅིག་ཅར་འཕྲོག ། ཅེས་མགོན་པོ་ཚེ་དཔག་མེད་ཀྱི་སྐུའི་པགས་པའི་མདོག་ནི་དག་ཅིང་རྡུལ་མེད་པ་དཔེ་གསེར་གྱི་འོད་དང་མཚུངས་པ་ལྟར་སྣང་ཡང་། གསེར་གྱི་འོད་དེ་ཉིད་ཀྱང་ཟིལ་གྱིས་གནན་ནས་ལྕགས་ཀྱི་ཁམས་དང་མཚུངས་པར་མོག་མོག་པོར་བྱེད་པ་མཚལ་དམར་གྱི་ཞུན་མའི་མདངས་ཅན་ཡིན་ནོ། །དེ་འདྲའི་སྲབ་ལ་མཇམ་པའི་པགས་པའི་ངོས་ལ་སྐྱེས་པའི་སྤུ་སྣུམ་ཞིང་ཉག་མ་རེ་རེ་ནས་གཡས་སུ་འཁྱིལ་བའི་ཐིག་ལེ་བཀྲ་བ་དང་ལྡན་པ་ཡིན་ལ། དེས་ལྷ་བརྒྱ་ཕྲག་དུ་མའི་སྤྱི་གཙུག་གི་རྒྱན་ནོར་བུ་ལ་ང་ནི་མཛེས་པའི་མཆོག་གོ་སྙམ་པའི་ཁེངས་པ་ཡོད་པ་ལྟར་བྱས་ནས་དེ་དག་ཅིག་ཅར་དུ་འཕྲོག་པར་བྱས་སོ། །ཞེས་ཕྱེད་སྔ་མ་འགོག་པ་ཅན་གྱི་ལྡོག་པ་ཅན་དང་། ཕྱི་མ་རབ་བཏགས་ཀྱི་དཔེས་བརྗོད་པའོ། །ཤོ་ལོ་ཀ་བརྒྱད་པ། ༡༨ མཛོད་སྤུས་བརྒྱན་པ་དང་། ༡༩ རོ་སྟོད་སེང་གེ་ལྟར་རྒྱས་པ་ནི། ཁྱོད་ཁྲུའི་བདག་ཉིད་སྨིན་མཚམས་ཚོམ་བུ་དཀར། །བདུད་རྩིའི་ཆུ་རྒྱུན་མང་པོ་འཛག་པ་དང༌། །རོ་སྟོད་སེངྒེ་ལྟ་བུར་འགྱིངས་པའི་དཔལ། །བརྗོད་པར་མི་སྤོབས་ཐུབ་པའི་ཚིག་གིས་བརྗོད། །ཅེས་མགོན་པོ་ཁྱེད་ཀྱི་སྨིན་མཚམས་ན་སྤུའི་ཚོམ་བུ་དཀར་པོ། ཁྲུ་གང་དང་གསུམ་ལ་སོགས་པའི་བདག་ཉིད་ཅན་གཡས་སུ་ལེགས་པར་འཁྱིལ་ནས་ཡོད་པ། རྩེ་མོ་གྱེན་དུ་ཕྱོགས་ཏེ་གནས་པ་ལས་དུས་རྟག་ཏུ་བདུད་རྩིའི་ཆུ་རྒྱུན་མང་པོ་འཛག་པར་བྱེད་དོ། །གང་གི་སྐུའི་རོ་སྟོད་ནི་སེངྒེ་ལྟ་བུར་ཕྲག་གོང་འཕེལ་ཁ་རྒྱས་ཤིང་སྐུ་འགྱིངས་སྟབས་ཀྱི་དཔལ་གྱིས་མཛེས་པར་བཞུགས་པ་ནི་སྐྱེ་བོ་ཕལ་པའི་ངག་གིས་བརྗོད་པར་མི་སྤོབས་པས་ཐུབ་པ་དེ་བཞིན་གཤེགས་པའི་ཚིག་གམ་ངག་གིས་བརྗོད་ཅིང་བསྟོད་པར་འོས་ཞེས་པའོ། །ཤོ་ལོ་ཀ་དགུ་པ། ༢༠ དཔུང་མགོ་ཟླུམ་པ། ༢༡ ཐལ་གོང་རྒྱས་པ། ༢༢ རོ་མཆོག་མཁྱེན་པ། ༢༣ སྐུའི་ཆུ་ཞེང་གབ་པ་རྣམས་ནི། དཔུང་མགོ་ཟླུམ་ཞིང་ཐལ་གོང་རྒྱས་པ་དང༌། །བསྐ་བའི་རོ་ཡང་བདུད་རྩིའི་རོ་ལྟར་སྣང༌། །ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པའི་སྐུ། །འོད་ཟེར་དབང་བསྐུར་ཐོབ་པའང་ཞུམ་པར་བྱེད། །ཅེས་མགོན་པོ་ཁྱོད་ཀྱི་དཔུང་པའི་མགོའམ་མགྲིན་པ་ནི་རྩ་ཡི་དྲ་བ་རྣམས་ཕྱིར་མི་མངོན་པར་བུམ་པའི་མགྲིན་པ་ལྟ་བུར་ཟླུམ་པ་དང་། དཔུང་མགོ་ཕན་ཚུན་བར་གྱི་ཐལ་གོང་རྒྱས་པ། རོའི་བྱེ་བྲག་བསྐ་བའི་རོ་ཡང་མགོན་པོ་གང་གི་གསོལ་དུ་བཀོད་པ་ན་བདུད་རྩིའི་རོ་ལྟར་ཞིམ་པར་སྣང་ངོ། །ཤིང་ནྱ་གྲོ་ཏ་ལྟར་སྐུའི་ཆུ་ཞེང་ལ་རིང་ཐུང་མེད་པར་ཕན་ཚུན་གབ་པའམ་སྐུའི་འདོམ་གྱི་ཡན་མན་མཉམ་པས་མཛེས་ཤིང་ཡིད་དུ་འོང་བའི་སྐུའི་མཛེས་པས། བྱང་སེམས་ས་བཅུ་པ་བ་འོད་ཟེར་ཆེན་པོའི་དབང་སྐུར་ཐོབ་ནས་སྐུའི་ཆ་ཤས་རྣམས་ལ་འོད་འབུམ་ཕྲག་མང་པོ་འཕྲོ་བ་དེ་ཡང་ཞུམ་ཞིང་དམན་པར་བྱེད་དོ། །ཞེས་པའོ། །ཤོ་ལོ་ཀ་བཅུ་པ། ༢༤ ལྗགས་རིང་ཞིང་མཛེས་པ། ༢༥ གསུང་ཚངས་པའི་དབྱངས། ༢༦ འགྲམ་པ་ཟླུམ་པ་རྣམས་ནི། སྟོང་གསུམ་བླ་རེར་བྲེས་པའི་ལྗགས་ཀྱི་ཁྱོན། །ཚངས་པ་གདོང་ལྔ་པ་ཡི་སྒྲ་དང་བཅས། །སེངྒེ་ལྟ་བུའི་འགྲམ་པ་གཟི་བརྗིད་ཅན། །བདུད་ཀྱི་དཀྱིལ་འཁོར་གཞོམ་སླད་བསྟན་པ་བཞིན། །ཞེས་མགོན་པོ་ཚེ་དཔག་མེད་ཁྱེད་ནི་རྫུན་སྤངས་པའི་བདག་འབྲས་སུ་ལྗགས་བརྐྱངས་ན་སྟོང་གསུམ་གྱི་ཁྱོན་ལ་ནམ་མཁར་བླ་རེ་བྲེས་པ་ལྟར་ཁྱབ་པར་ནུས་པའི་ཡོན་ཏན་ལྡན་པ་ཡིན་ཏེ། མདོ་ལས། རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་ལྗགས་ཀྱི་དབང་པོས་ཁེབས་པར་མཛད་དེ། ཞེས་གསུངས་པ་བཞིན་ནོ། །ལྗགས་དེ་ཡང་གསུང་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ། མཉན་པར་འོས་ཤིང་མི་མཐུན་པ་མེད་པ། ཟབ་ཅིང་རྗེས་སུ་སྒྲོགས་པ། བཏང་མི་བྲ་ཞིང་རྣར་སྙན་པ། མ་འཁྲུགས་ཤིང་གསལ་བའི་ཡན་ལག་ལྔ་ལྡན་གྱི་ཚངས་པའི་དབྱངས་དང་ལྡན་ཞིང་སྙན་པ། བརྗིད་པ་གདོང་ལྔ་པ་སྟེ་སེངྒེའི་སྒྲ་དབྱངས་དང་བཅས་པའམ་མཚུངས་སོ་ཞེས་པའོ། །སེང་གེའི་རྐང་ལག་གི་སྦར་མོ་བཞིས་གདོང་གི་བྱ་བ་བྱེད་པའམ་གདོང་ལ་འབུར་པོ་ལྔ་ཡོད་པས་གདོང་ལྔ་པ་ཟེར། འདིའི་བཅས་ཞེས་པ་མཚུངས་གསལ་གྱི་སྒྲ་ཡིན་ལ་མཚུངས་ཆོས་ཤུགས་ལས་གོ་བའི་དངོས་པོའི་དཔེའོ། །སེངྒེའི་འགྲམ་པ་ལྟ་བུའི་འགྲམ་པ་ཟླུམ་ཞིང་རྒྱས་པ་གཟི་བརྗིད་ཅན་ནི་བདུད་ཀྱི་དཀྱིལ་འཁོར་གཞོམ་པར་བྱ་བའི་སླད་དུ་བསྟན་པ་བཞིན་ནོ། །ཞེས་པའོ། །ཤོ་ལོ་ཀ་བཅུ་གཅིག་པ། ༢༧ ཚེམས་དཀར་བ། ༢༨ ཚེམས་མཉམ་པ། ༢༩ ཚེམས་ཐགས་བཟང་བ། ༣༠ ཚེམས་བཞི་བཅུ་ཚང་བ། ༣༡ སྤྱན་མཐོན་མཐིང་དང་། ༣༢ བའི་རྫི་མ་ལྟ་བུ་རྣམས་ནི། རབ་དཀར་ཐགས་བཟང་འཛུམ་པའི་འོད་ཟེར་ཅན། །བཞི་བཅུའི་གྲངས་ལྡན་སྤྱན་ནི་ཨུཏྤལ་མདངས། །བ་མཆོག་འདྲ་བའི་རྫི་མའི་རྒྱན་གྱིས་སྤྲས། །ཁྱོད་ཀྱི་སྙིང་རྗེ་ཆེན་པོ་མཚོན་པ་བཞིན། །ཞེས་མགོན་པོ་ཚེ་དཔག་མེད་ཀྱི་ཚེམས་ནི་རབ་ཏུ་དཀར་ཞིང་ཚེམས་ཚད་མཉམ་པ། བར་མཚམས་མ་དོད་པའི་ཚེམས་ཐག་བཟང་བ། ཞལ་འཛུམ་པའི་དབུས་ནས་ཚེམས་ཕྲེང་འོད་ཟེར་འཕྲོ་བ་དང་ལྡན་པ། ཚེམས་བཞི་བཅུ་ཐམ་པའི་གྲངས་དང་ལྡན་པས་གྲངས་ཚང་བ། དཀར་ནག་གི་ཆ་མ་འདྲེས་པ་སོགས་ཀྱི་སྤྱན་ནོར་བུ་མཐོན་མཐིང་དང་འདྲ་ཞིང་མེ་ཏོག་ཨུཏྤལ་སྔོན་པོའི་མདངས་འཕྲོ་བ། སྟེང་འོག་གི་རྫི་མ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པ་ནི། བ་མཆོག་སྟེ་བ་གླང་གི་རིགས་ཤིག་སྟེ་དེའི་རྫི་མ་ལྟ་བུའི་རྫི་མའི་རྒྱན་གྱིས་སྤྲས་པའོ། །སྤྱན་གྱི་དཀྱུས་རིང་ཞིང་མཐའ་ཅུང་ཟད་ཟུམ་པའི་ཚུལ་སོགས་ཀྱིས་མགོན་པོ་ཁྱེད་ཀྱི་ཐུགས་ལ་བརྩེ་བ་སྙིང་རྗེ་ཆེན་པོ་རྒྱས་པ་མཚོན་ཞིང་དཔོག་པར་བྱེད་དོ། །ཞེས་ཕྱི་སྐུ་ལུས་ཀྱི་ཆ་ལས་ནང་ཐུགས་རྒྱུད་ལ་བརྩེ་བ་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བའི་འབྲས་བུ་གོ་བར་བྱེད་པ་སྟོན་པས་ནང་ཤེས་བྱེད་ཀྱི་རྒྱུའི་རྒྱན་ནོ། །འདི་ནི་མཚོན་པ་ཙམ་ཡིན་གྱི་སྤྱིར་མཚན་དཔེ་འདི་ཐམས་ཅད་ནང་སྤངས་རྟོགས་ཀྱི་ཡོན་ཏན་གཞན་ལ་གོ་བྱེད་དང་། སྐུའི་མཛེས་པ་སྐྱེད་བྱེད་ཡིན་པར་མཚུངས་སོ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་པོ་ལ་བསྟོད་པས་དཔེ་བྱད་བརྒྱད་ཅུ་ལ་བསྟོད་པ་ཡང་ཡིན་ཏེ། དཔེ་བྱད་རྣམས་མཚན་བཟང་སོ་སོའི་ཡན་ལག་ཏུ་བཤད་པའི་ཕྱིར་རོ། །མཚན་དཔེའི་ནུས་པ་བླ་ན་མེད་པར་བསྟོད་པ་ནི། དེ་ཉིད་དཔེ་ཡི་མཚོན་བྱེད་བྱད་བརྒྱད་ཅུ། །གཉིས་ལྷག་སུམ་ཅུས་སྤྲས་པ་རེ་རེས་ཀྱང༌། །རླན་གཤེར་ཚ་རེག་སྟོབས་ལྡན་གྱིས་ཁྱབ་པའི། །བཅོ་བརྒྱད་གནས་སོགས་རུས་སྦལ་སྤུ་ཡིས་འཆིང༌། །ཞེས་མགོན་པོ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་དེ་ཉིད་དེ་ནང་གི་ཟག་མེད་ཡོན་ཏན་གྱི་རང་བཞིན་མཚོན་པར་བྱེད་པ་ལ། ཕྱི་སྐུ་ལུས་ལ་ལོངས་སྐུའི་ཡོན་ཏན་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། མཚན་བཟང་པོ་གཉིས་ཀྱིས་ལྷག་པའི་སུམ་ཅུའམ། སུམ་ཅུ་རྩ་གཉིས་དང་ལྡན་པ་དེ་དག་ཡོངས་སུ་རྫོགས་པའི་ནུས་པ་ལྟ་ཅི་སྨྲོས། དེ་རེ་རེའི་ནུས་པས་ཀྱང་རླན་གཤེར་སྟོབས་ཆེན་པོ་དང་ལྡན་པའི་གནས་གྲང་བའི་དམྱལ་བ་བརྒྱད་དང་། ཚ་རེག་སྟོབས་ཆེན་པོ་དང་ལྡན་པའི་གནས་ཚ་དམྱལ་བརྒྱད་དང་ཉེ་ཚེ་ཉེ་འཁོར་གྱི་དམྱལ་བ་སྟེ་དམྱལ་ཁམས་བཅོ་བརྒྱད་དང་། སོགས་པས་ཡི་དྭགས་དང་། དུད་འགྲོའི་གནས་ཏེ་ངན་སོང་གསུམ་གྱི་གནས་རྣམས་སྟོང་པར་བྱེད་དེ། དེར་འགྲོ་བ་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པའི་ཚོགས་གཏན་དུ་བཅོམ་ནས་རུས་སྦལ་གྱི་སྤུ་བཞིན་དུ་མེད་པར་བྱས་པས་ད་ནི་འཆིང་བྱེད་མེད་པའི་ཕྱིར་རོ། །ཞེས་པའོ།།བཞི་པ་ཚེའི་དངོས་གྲུབ་སྩོལ་ཚུལ་ལ་བསྟོད་པ་ལ་གཉིས། སྐུའི་འོད་ཟེར་ཙམ་གྱིས་ཀྱང་ཚེའི་དངོས་གྲུབ་སྦྱིན་པ་ལ་བསྟོད་པ་དང་། བྱིན་གྱིས་རླབས་པའི་སྒོ་ནས་ཚེའི་དངོས་གྲུབ་སྩོལ་བ་ལ་བསྟོད་པའོ། །དང་པོ་ནི། ཁྱོད་སྐུའི་ཟེར་དང་བདུད་རྩི་ཕྱོགས་གཅིག་པ། །དེ་ཡི་ཐིགས་པ་རེ་ཙམ་འཐུང་པས་ཀྱང༌། །ཉི་མའི་བུ་ཡི་ལྡད་བྱེད་དབྱུག་པར་བཅས། །གཅོག་ཀྱང་རྣམ་པ་ཀུན་ཏུ་ཁྲོ་དང་བྲལ། །ཞེས་མགོན་པོ་ཁྱོད་ཀྱི་སྐུའི་འོད་ཟེར་དང་འཆི་མེད་ཀྱི་བདུད་རྩི་གཉིས་ཕྱོགས་གཅིག་པ་སྟེ་མཚུངས་སོ། །ཞེས་ཕྱོགས་གཅིག་པ་མཚུངས་པ་གསལ་བྱེད་ཀྱི་སྒྲ་དང་། ཇི་ལྟར་མཚུངས་ན་དེ་ཡི་ཐིགས་པ་རེ་ཙམ་འཐུང་པས་ཀྱང་། ཕ་ཉི་མ་ལས་བྱུང་བའི་བུ་འཆི་བདག་གཤིན་རྗེའི་ཟས་ལྡད་བྱེད་དེ་མཆེ་བ་རྣོན་པོ་ལག་གི་དབྱུག་པ་དང་བཅས་པ་གཅོག་ཅིང་འཇོམ་པར་བྱེད་པས་སོ། ། ཞེས་པ་དཔེ་དོན་གཉིས་ཀ་ལ་སྦྱར་བ་སྟེ། དཔེ་བདུད་རྩིའི་སྐབས་སུ་དེའི་ཐིགས་པ་རེ་ཙམ་ཁ་ལ་འཐུང་པས་འཆི་བདག་གི་མཆེ་བ་དང་དབྱུག་ཏོ་གཅོག་གོ་ཞེས་པ་དང་། དཔེ་ཅན་སྐུའི་འོད་ཟེར་གྱི་སྐབས་སུ་དེའི་ཟེགས་མ་རེ་ཙམ་ལུས་ལ་རེག་པས་འཆི་བདག་གི་མཆེ་བ་དང་དབྱུག་ཏོ་གཅོག་གོ་ཞེས་སྒྲ་དོན་གཉིས་ཀར་སྦྱར་ནས་འཆི་བདག་གི་འཇིགས་པ་ལས་སྒྲོལ་བའི་ཚུལ་འདི་སྦྱར་བའི་དཔེས་བརྗོད་པ་དང་། མགོན་པོ་ཚེ་དཔག་མེད་ཁྱོད་ནི་དུས་དང་རྣམ་པ་ཀུན་ཏུ་ཁྲོ་བའི་ངང་ཚུལ་དང་བྲལ་ནས་བརྩེ་བས་ཐུགས་རྒྱུད་བརླན་པ་ཡིན་ཀྱང་། འཆི་བདག་གི་ཁའི་ནང་གི་མཆེ་བ་དང་། ལག་གི་དབྱུག་ཏོ་གཅོག་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །ཞེས་གཞི་གཅིག་གི་བྱ་བ་འགལ་བའི་རྒྱན་གྱིས་བརྗོད་པ་ཡིན་ནོ། །གཉིས་པ་ནི། ངེས་པར་འཆི་དང་ནམ་འཆི་ངེས་མེད་པའི། །གསུང་དེའང་མགོན་ཁྱོད་བྱིན་རླབས་ཐོབ་དེ་ལ། །དྲང་བའི་དོན་དུ་ངེས་པར་འགྱུར་བ་སྟེ། །འཆི་བ་མེད་ཅེས་གསུངས་པ་བདེན་པའི་ཚིག །ཅེས་ལམ་རིམ་གྱི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་སྐབས་སུ་སྤྱིར་འཛམ་བུ་གླིང་པ་དང་སྒོས་སྙིགས་དུས་ཀྱི་ཚེ་ལ་ངེས་པ་མེད་པ། ཞེས་ནམ་འཆི་ལ་ངེས་པ་མེད་པའི་ཚུལ་གསུངས་མོད། མགོན་པོ་ཚེ་དཔག་མེད་ཀྱི་མཚན་གྱི་བཟླས་བརྗོད་ལ་བརྩོན་པར་བྱས་ན། དེས་བྱིན་གྱིས་རླབས་ནས་གང་ཟག་དེ་ལ་ནི་གསུང་དེ་ཡང་དྲང་དོན་གྱི་གསུང་ཙམ་དུ་ངེས་པར་འགྱུར་བ་སྟེ་ངེས་དོན་ཡིན་པ་དགག་བྱ་དང་། འགོག་བྱེད་ནི་དེ་འདྲའི་གང་ཟག་དེ་ལ་འཆི་མེད་གྲུབ་པའི་རིག་འཛིན་གྱི་སྐུ་བརྙེས་ནས་ནམ་ཡང་འཆི་བ་མེད་པའི་གནས་ལ་འགོད་པར་གསུངས་པ་དེ་དྲང་སྲོང་གི་བདེན་པའི་ཚིག་ཡིན་པའི་ཕྱིར་རོ། །ཞེས་འགོག་རྒྱན་ལས་ཆོས་འགོག་པའི་རྒྱན་གྱི་སྒོ་ནས་བརྗོད་པའོ། །གཉིས་པ་འཁོར་བྱང་སེམས་ཉན་རང་སོགས་ལ་བསྟོད་པ་ནི། སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་པ་དང༌། །སར་གནས་ཉན་རང་གྲངས་མེད་དགེ་འདུན་རྣམས། །ཉེ་བའི་སྲས་བརྒྱད་བཅས་པར་བསྟོད་ལགས་ཀྱིས། །བསྟོད་པའི་འབྲས་བུ་ངེས་པར་བདག་གིར་སྩོལ། །ཞེས་གཞན་ཡང་། མགོན་པོ་ཚེ་དཔག་མེད་ཀྱི་སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་ཕྱག་ན་རྡོ་རྗེ་དང་། སར་གནས་ཀྱི་བྱང་སེམས་དང་། ཉན་ཐོས་དང་རང་རྒྱལ་ཏེ་ཐེག་པ་དམན་པའི་དགེ་འདུན་གྲངས་མེད་པ་བདེ་བ་ཅན་ན་བཞུགས་པ་རྣམས་དང་། ཉེ་བའི་སྲས་ཆེན་བརྒྱད་དང་བཅས་པའི་ཐེག་པ་ཆེན་པོའི་དགེ་འདུན་རྣམས་ལ་ཡང་སྒོ་གསུམ་གུས་པ་ཆེན་པོས་བསྟོད་དབྱངས་འབུལ་བ་ལགས་ཀྱིས། བསྟོད་པའི་འབྲས་བུ་ངེས་པར་དུ་བདག་གིར་སྩོལ་བར་མཛོད་ཅིག་ཅེས་སྐུལ་བའོ། །མཇུག་གི་དོན་ལ། མགོན་པོ་ཚེ་དཔག་མེད་ཀྱི་ཡོན་ཏན་མཐའ་དག་བརྗོད་པར་སླ་བ་མིན་པར་བསྟན་པ་དང་། ཐུགས་རྒྱུད་བསྐུལ་ཞིང་གསོལ་བ་འདེབས་པའོ། །དང་པོ་ནི། ཁྱོད་ཀྱི་ཡོན་ཏན་ཚད་འདི་ཕྱོགས་བཅུ་ཡི། །རྒྱལ་བ་ཀུན་གྱིས་བརྗོད་ཀྱང་ཟད་མིན་པ། །དེས་ན་བདག་གིས་བརྗོད་པས་ཆ་ཤས་ཀྱང༌། །དཔོག་པར་མིན་ན་དེ་ཙམ་ཞིག་ཏུ་བས། །ཞེས་མགོན་པོ་ཁྱེད་ཀྱི་ཡོན་ཏན་གྱི་ཚད་འདི་ཙམ་མོ་ཞེས་ཕྱོགས་བཅུ་ཡི་རྒྱལ་བ་ཀུན་གྱིས་བརྗོད་ཀྱང་ཟད་པ་མིན་པ་དེས་ན། བདག་གིས་འབད་པ་ཆེན་པོ་ཇི་ཙམ་བསྐྱེད་དེ་བརྗོད་པར་བྱས་ཀྱང་ཆ་ཤས་ཅུང་ཟད་ཙམ་ཡང་དཔོག་པར་མི་ནུས་པ་དེས་ན་རེ་ཞིག་དེ་ཙམ་ཞིག་ཏུ་བས་པ་སྟེ་ཟད་པར་གྱུར་ཏོ། །ཞེས་པའོ། །གཉིས་པ་ཐུགས་རྒྱུད་བསྐུལ་ཞིང་གསོལ་བ་འདེབས་པ་ནི། དེ་སླད་མགོན་ཁྱོད་ཐུགས་རྗེས་ཉེར་དགོངས་ལ། །ཉམ་ཆུང་བདག་དང་འདྲ་བའི་འགྲོ་བ་ཀུན། །རབ་ཏུ་སྐྱབས་ཏེ་ཇི་ལྟར་སྨོན་པའི་དོན། །བདེ་བླག་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་མགོན་པོ་ཁྱེད་ལ་མཆོད་བསྟོད་བྱེད་པའི་ནུས་སྟོབས་ཀྱིས་དབུལ་བ་དེ་སླད་དུ་མགོན་པོ་ཁྱོད་ཀྱིས་ལྷག་པར་ཐུགས་རྗེས་ཉེར་བར་དགོངས་ལ། ཉམ་ཆུང་བདག་དང་འདྲ་བའི་འགྲོ་བ་ཀུན་སྲིད་ཞིའི་རྒུད་པ་སྤྱི་བྱེ་ལས་རབ་ཏུ་སྐྱབས་ཏེ་ཡིད་ལ་ཇི་ལྟར་སྨོན་དོན་རྣམས་གེགས་མེད་བདེ་བླག་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས་ཤིག། ཅེས་པའོ། །༈ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ། དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་བསྡུ་བའི་གཞི་གཅིག་པུ། ཐུབ་དབང་རྡོ་རྗེ་འཆང་བློ་བཟང་ཚེ་དཔག་མེད། ཤིན་ཏུ་རྣམ་པར་དེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་ལྷ་ཚོགས་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཐུགས་བསྐྱེད་བྱིན་རླབས་དེ་དང་དེ་བཞིན་དུ་སོ་སོར་ཐར་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱས་པ་དང༌། ཏིང་ངེ་འཛིན་ལ་རྣམ་པར་བསླབ་པ་དང༌། ཤེས་རབ་ལ་འབད་པ་བཏོན་པའི་དགེ་བའི་རྩ་བ་དང༌། བདེན་པའི་མཐུ་ལ་བརྟེན་ནས་བསྟོད་པའི་རྒྱལ་པོ་འདི་གང་གིས་འདོན་པར་བྱེད་པའི་གང་ཟག་དེ་རྣམས་ཀྱི་འདོད་ཆགས་ཀྱི་ཆུ་བོ་རབ་ཏུ་སྐེམ་པར་གྱུར་ཅིག ཞེ་སྡང་གི་མེ་རབ་ཏུ་ཞི་བར་གྱུར་ཅིག གཏི་མུག་གི་མུན་པ་ཀུན་ཏུ་སངས་པར་གྱུར་ཅིག རྩ་བ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག ལས་ཀྱི་ཆུ་བོ་མི་འབབ་པར་གྱུར་ཅིག སྡུག་བསྔལ་གྱི་རྒྱ་མཚོ་མི་འཁྱིལ་བར་གྱུར་ཅིག སྲིད་པ་ཐམས་ཅད་ཡོངས་སུ་ཟད་པར་གྱུར་ཅིག སྲིད་པ་ཕྱིས་མི་འབྱུང་བར་གྱུར་ཅིག སྐྱེ་རྒ་ན་འཆིའི་རྒྱུན་ཆད་པར་གྱུར་ཅིག ས་བཅུ་དང་ལམ་ལྔའི་རྟོགས་པ་ཐམས་ཅད་རིང་པོར་མི་ཐོགས་པར་མངོན་དུ་བྱེད་པར་གྱུར་ཅིག རིམ་པ་གཉིས་ཀྱི་རྟོགས་པ་ཚེ་འདི་ཉིད་ལ་མངོན་དུ་བྱེད་པར་གྱུར་ཅིག དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་དགྱེས་བཞིན་རྗེས་སུ་འཛིན་པར་གྱུར་ཅིག མི་མཉེས་པ་སྐད་ཅིག་ཀྱང་མི་སྒྲུབ་པར་གྱུར་ཅིག གཞན་ཡང་བསྟོད་པའི་རྒྱལ་པོ་འདི། འདོན་པར་བྱེད་པའི་གང་ཟག་དེའི་ལུས་ལ། རླུང་མཁྲིས་བད་ཀན་གྱི་ནད་མི་འབྱུང་བར་གྱུར་ཅིག ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་གདོན་རྣམས་ཀྱིས་གླགས་མི་སྙེད་པར་གྱུར་ཅིག སོ་སོར་ཐར་པའི་ཚུལ་ཁྲིམས་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་གྱུར་ཅིག རྒྱལ་པོ་དང་བློན་པོ་དང་དམག་མི་དང་བྲམ་ཟེ་ལ་སོགས་པ་རྣམས་ཀྱང་བདེ་བ་དང་ལྡན་པར་གྱུར་ཅིག བསྟོད་པ་འདི་གང་དུ་འདོན་པར་བྱ་བའི་ཡུལ་ཕྱོགས་དེར་དུད་འགྲོ་རྣམས་ཀྱང་བདེ་བ་དང་ལྡན་པར་གྱུར་ཅིག ཡུལ་ཕྱོགས་རྣམས་ལོ་ལེགས་ཤིང་སྐྱེ་བོ་རྣམས་རྟག་ཏུ་སྐྱིད་པར་གྱུར་ཅིག བསྟོད་པ་འདི་གང་གིས་འདོན་པར་བྱེད་པའི་སྐྱེ་བོ་དེས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་མཐོང་བར་གྱུར་ཅིག མཐོང་ནས་ཀྱང་དབུགས་དབྱུང་བ་སྩལ་ཏེ་བདེ་བ་ཅན་གྱི་ཞིང་དུ་འཁྲིད་པར་གྱུར་ཅིག གཞན་ཡང་ཚེ་མདོ་ལས་གསུངས་པའི་ཕན་ཡོན་ཐམས་ཅད་ཐོབ་པར་གྱུར་ཅིག གནས་སྐབས་སུ་བསམ་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག ། འདི་སྐྱབས་མགོན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའོ། །ཞེས་པ་འདི་དག་གོ་སླའོ། །འདིར་སྨྲས་པ། རྨད་བྱུང་ངོ་མཚར་བྱེ་བས་བརྒྱན་པའི་ཞིང་། །ཞིང་མཆོག་བདེ་བ་ཅན་གྱི་བཀོད་པའི་གཏམ། །གཏམ་གྱི་ཕྲེང་བ་འབུམ་ཕྲག་བསྟར་བའི་དབུས། །དབུས་ན་ཁྱད་འཕགས་འཆི་མེད་རྒྱལ་པོ་འདི། །འོད་དམར་རྡུལ་ཚོན་མཁའ་ལ་བཀྱེ་བས་གཏུམ་ཆེན་གཤིན་རྗེའི་དཔུང་ཚོགས་ཕམ་བྱེད་ཕྱོགས་ཀྱི་རྒྱལ་བའི་ཡེ་ཤེས་གཟུགས། །མིག་ལྷག་ཕྱོགས་མེའི་མཚན་བཟང་མེ་ཏོག་ལྷག་ལྷག་རྒོད་པའི་ངང་ཚུལ་མངོན་སུམ་ཐ་མལ་སོ་སྐྱེའི་སྤྱོད་ཡུལ་དུ། །བསྟར་བའི་ཆོ་འཕྲུལ་ཡ་མ་ཟུང་དུ་བསྒྱུར་བྱེད་རིག་སྔགས་མཐུ་འདི་ཅི་མཚར་འདི་ཡི་བགྲངས་ཡས་ལུས་ཅན་རྣམས། །མཛེས་སྡུག་ཕུལ་ཕྱིན་དག་གཙང་པདྨའི་སྦུབ་ཏུ་ཉེར་སོན་ཐེག་མཆོག་གཏམ་གྱི་དགའ་སྟོན་རོལ་བྱེད་འདི་ཀོ་མཚར། །ལུང་དང་རིགས་པར་སྐྱེས་སྦྱང་བློ་གྲོས་ནོར་གྱིས་དབུལ། །དབུལ་ཡང་འདི་ཡི་དགོངས་དོན་འབྱེད་ལ་ཕྱོགས་པའི་ཚེ། །ཚེ་བསྟོད་དགོངས་ཟབ་རིན་ཆེན་འདི་ནི་ཐ་མལ་གྱི། །གྱི་ནར་འདུག་པ་བདག་གི་མགྲིན་པར་ཅི་དགར་རྒྱུ། །ཕྲ་ཞིབ་ལས་འབྲས་རླུང་སེམས་རྣམ་བཞག་མ་འཁྲུལ་གཏན་ལ་དབབ་མཐོང་ན། །ལྷ་ཡི་གནས་དང་དག་པའི་ཞིང་ཁམས་རྫུན་དུ་བྱ་བའི་དོགས་བྲལ་ཞེས། །བདེ་གཤེགས་གསུང་གི་ཆ་འདི་ཙམ་ཡང་ཡིད་ཆེས་གནས་སུ་ལེགས་མཐོང་ནས། །དགའ་དང་གུས་པ་བརྒྱ་སྟོང་བློ་ཡིས་འདིར་ནི་བདག་གིས་ཡང་དག་བརྩམས། །འདི་ཡི་དགེ་བ་དཔག་ཡས་ནམ་མཁའི་མཐའ། །ཁྱབ་གྱུར་འདིས་མཚོན་རང་གཞན་དུས་གསུམ་གྱི། །རྣམ་དཀར་དགེ་ཚོགས་གཅིག་ཏུ་སྡོམས་པའི་མཐུས། །འགྲོ་ཀུན་བདེ་ལྡན་ཞིང་དུ་རྫུས་སྐྱེ་ཤོག ། ཅེས་པ་འདི་ཡང་སྔར་གཞུང་འདིའི་ཚིག་དོན་འགའ་ཞིག་གོ་དཀའ་བར་བྱུང་བ་ལ། ཕྱིས་བདེ་ཅན་ཞིང་གི་བཀོད་པ་ལ་དད་པས་ཡིད་གཡོས་ཏེ་བདེ་ཅན་ཞིང་མདོ་སོགས་ལ་རྟོག་དཔྱོད་ཅུང་ཟད་བགྱིས་པའི་སྐབས་གཞུང་འདིའི་ཚིག་དོན་རྣམས་ཀྱང་རང་བཞིན་གྱི་གོ་བར་བྱུང་བ་འདི་ཙམ་ཡང་བླ་མ་འོད་དཔག་མེད་ཀྱི་ཐུགས་རྗེའི་བྱིན་རླབས་ཉག་གཅིག་ཏུ་བསམ་ནས་བརྗེད་དོགས་ཀྱི་ཕངས་སེམས་དང་། གཞུང་འདི་ལ་འགྲེལ་པ་ཞིག་ཡོད་པར་གོ་ནས་ཕྱོགས་ཡར་མར་འདྲི་བརྩད་བྱ་མྱོང་ཡང་འགྲེལ་པ་ལག་སོན་མ་བྱུང་བ་བཅས་བསྟབས་འགྲིག་ཀྱིས་ཚིག་འགྲེལ་འདི་རང་གི་བརྗེད་བྱང་ཙམ་དང་། གཞན་གྱིས་གཞུང་དོན་ལ་དཔྱོད་པའི་ས་བོན་ཙམ་དུ་ཡང་འགྱུར་སྲིད་སྙམ་དུ་མཚོ་བྱུང་དགྱེས་པའི་བློ་གྲོས་སུ་འབོད་པས་བྲིས་པ་ཛ་ཡནྟུ། །9bzརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K