མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།མགོན་པོ་ཕྱག་བཞི་བ།

ཡོང་ཁུངས།   དགེ་ལུགས་པའི་གྲུབ་མཐའ་སྤྱི་བཤད།     སྤེལ་དུས།  2014-09-26 09:28:48         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        དགེ་ལུགས་པའི་སྲུང་མ་ཐམས་ཅད་ཀྱི་རྒྱལ་པོ་ནག་པོ་ཆེན་པོའམ་ཕྱག་བཞི་པའམ། བྱ་རོག་གི་མཚན་ཅན་ནམ། བདེ་བྱེད་ཀྱི་དགོན་པོ་ཞེས་བྱ་བ་འདི་ནི། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་དཔལ་འཁོར་ལོ་སྡོམ་པའི་ཐུགས་ལས་སྤྲུལ་ཞིང་། ཡབ་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་ཡབ་རྗེ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལེགས་ལྡན་དབང་ཕྱུག་ཆེན་པོ་དང་།ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྒྱུ་འཕྲུལ་ཨུ་མ་དེ་ཝའི་སྲས་སུ་སྐུ་འཁྲུངས་པ་དཔལ་ལྡན་ལྷ་མོའི་ལོ་རྒྱུས་སུ་འབྱུང་བའི་བུ་གཤེན་རྗེ་མ་ཧཱ་ཀཱ་ལ་ཞེས་པ་ཡང་མགོན་འདི་ཉིད་ཡིན།Vg1རྗེ་ཙོང་ཁ་པའི་དྲ་བ།
        ཆོས་སྐྱོང་འདི་སྐུ་མདོག་མཐིང་ནག་ཡིན་ལ།ཕྱག་ཏུ་རལ་གྲི་དང་གྲི་གུག་སོགས་བསྣམས་པ་དང་། སྐུ་ལ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་མི་མགོའི་དོ་ཤལ། རུས་རྒྱན་སོགས་ཀྱིས་བརྒྱན་ལ་གསང་ཡུམ་དཔལ་ལྡན་ལྷ་མོས་འཁྱུད་དེ་པད་མ་ཉི་མའི་དཀྱིལ་འཁོར་སྟེང་དུ་ཟུང་འཇུག་གི་སྟབས་ཀྱིས་བཞུགས་ཡོད། Vg1རྗེ་ཙོང་ཁ་པའི་དྲ་བ།
        སྔོན་རྒྱ་གར་གྱི་དགེ་སློང་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་ཞིག་གིས་དཔལ་བདེ་མཆོག་སྒྲུབ་དུས་ཀྱི་མནལ་ལམ་ཞིག་ཏུ་མི་ནག་པོ་ཞིག་གི་བྱང་ཕྱོགས་ཨོ་ཏའི་ཡུལ་དུ་སོང་དང་།བདེ་མཆོག་གི་སྤྲུལ་བ་ཡེ་ཤེས་ཀྱི་མགོན་པོ་བདེ་བྱེད་འཁོར་ལོ་བྱ་བ་ཞིག་ཡོད་པ་དེས་ཁྱེད་ལ་དངོས་གྲུབ་སྟེར་བར་འགྱུར་ཞེས་པ་ཞིག་རྨིས་པ་བཞིན། དགེ་སློང་དེར་ཆས་པའི་ལམ་བར་དུ་རྒྱལ་པོ་དགེ་བའི་དཔལ་བྱ་བ་འཇིག་རྟེན་པའི་ལྷ་ཡི་དམ་དུ་བྱེད་པ་ཞིག་མཆིས་པ་དང་འཕྲད་པས། དེས་ཁོའི་འཇིག་རྟེན་པའི་ལྷ་ཁང་དུ་ཁྲིད་པ་ལ་དགེ་སློང་གིས་ཕྱག་མ་འཚལ་སྟབས།རྒྱལ་པོ་ཁྲོས་ཏེ་དགེ་སློང་གི་མིག་བྲུས་ཏེ་གསོད་པར་བརྩམས་པ་ན། དགེ་སློང་གིས་ངས་ཚོགས་བསགས་པ་དང་། གསང་སྔགས་སྒྲུབ་པ། དཔལ་མགོན་ལ་དམིགས་ནས་ཡོང་བའི་བྱིན་མཐུས་སྲིད་པ་གསུམ་ན་དབང་ཆེ་བའི་གནོད་སྦྱིན་བྱ་རོག་ཅན་ཞིག་ཏུ་སྐྱེས་ཏེ་རྒྱལ་པོ་འཁོར་བཅས་ཀྱི་མིག་འབྲུ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། དེ་ནས་ཚེ་འཕོས་རྗེས་སྔར་གྱི་སྨོན་ལམ་བཞིན་བྱུང་ཞིང་རྒྱལ་པོ་འཁོར་བཅས་ཚར་བཅད། སེམས་ཅན་མཐོང་ཚད་ཟས་སུ་སྤྱོད་བཞིན་པའི་དུས་ཤིག་ལ་དཔལ་བདེ་མཆོག་གིས་བཏུལ་ནས་བཀའ་སྲུང་དུ་བསྐོས། ཕྱིས་སུ་འདིའི་སྙན་བརྒྱུད་མགོན་པོ་ཀླུ་སྒྲུབ་ནས་རིམ་གྱིས་བརྒྱུད་དེ་སློབ་དཔོན་ཨ་བྷ་ཡ་གུབྷ་ཞེས་བྱ་བའི་བར་བྱུང་ལ་དེ་ལས་བོད་ཀྱི་ལོ་ཙཱ་བ་རྒ་ལོས་གསན། དེ་ལས་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་གསན། དེ་ནས་བརྒྱུད་དེ་རྒྱལ་དབང་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་གསན་པར་བརྟེན་ནས་དགེ་ལུགས་པའི་སྲུང་མའི་གཙོ་བོར་གྱུར་ལ། བདེ་མཆོག་ཡི་དམ་ལ་སྒྲུབ་མཁན་གྱིས་ཆོས་འདི་ཉིད་ཉིན་རེ་བཞིན་དུ་མ་ཆད་པར་བསྟེན་ན་སྒྲུབ་དུས་ཀྱི་བགེགས་ཐམས་ཅད་མཐར་སྐྲོད་གཏོང་ཐུབ་པར་གསུངས་སོ། །Vg1རྗེ་ཙོང་ཁ་པའི་དྲ་བ།

 Vg1རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K