མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྗེས་གནང་གི་སྐོར་བཞུགས་སོ།།

    སྤེལ་དུས།  2016-01-23 11:48:39         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

དཀར་ཆགznrརྗེ་ཙོང་ཁ་པའི་དྲ་བ།

དཔེ་བསྐྲུན་མཚམས་སྦྱོར། དཔལ་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་བྱ་ཚུལ་བཞུགས་སོ། ། གསང་བདག་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་རྗེས་གནང་བཞུགས་སོ། ། རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྐུར་ཚུལ་བླ་མ་དམ་པའི་མན་ངག་འཆི་མེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བསྐུར་བའི་ཆོ་ག་ཇི་ལྟར་བྱ་ཚུལ་འཁྱེར་བདེ་བར་བཀོད་པ་བཞུགས་སོ། ། བགེགས་གཏོར་གཏོང་ཚུལ་བཞུགས་སོ། ། དགེ་བསྔོའི་སྨོན་ཚིག་ནི། znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
༄༅། །དཔེ་བསྐྲུན་མཚམས་སྦྱོར།znrརྗེ་ཙོང་ཁ་པའི་དྲ་བ།

znrརྗེ་ཙོང་ཁ་པའི་དྲ་བ།
རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེའི་ཕུང་པོ་གང་། །གཅིག་བསྡུས་ཡི་དམ་ལྷར་ཤར་སྤྱན་རས་གཟིགས། །གཉིས་མེད་གཉིས་སུ་སྟོན་པའི་སྒྱུ་འཕྲུལ་ཅན། །འབྲོམ་རྗེ་རྒྱལ་བ་རྒྱ་མཚོར་སྙིང་ནས་འདུད། །གང་གི་མཛད་རྗེས་བླ་ན་མཐོ་བ་ལས། །ལེགས་པར་འབྱུང་བའི་རྭ་སྒྲེང་ཆོས་སྡེ་ཆེའི། །ཉམས་བཞེས་ཟུར་འདོན་སྐུ་རིམ་ཉེར་མཁོ་ཡི། །ཆོས་སྤྱོད་ཕྱོགས་བསྒྲིགས་དཀར་ཆག་འདི་ན་འགོད། །དེ་ཡང་སྲས་བཅས་རྒྱལ་བའི་ལུང་གིས་ཟིན་ཅིང་བཀའ་གདམས་གླེགས་བམ་སོགས་ལས་ཡང་དང་ཡང་དུ་བསྔགས་པའི་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་སྙན་པའི་གྲགས་པ་འབར་བའི་ཆོས་སྡེ་ཆེན་པོ་འདིར། མི་ལོ་དགུ་བརྒྱ་ལྔ་བཅུ་ལྷག་གི་རིང་བཀའ་གདམས་གསར་རྙིང་གི་དགེ་བའི་བཤེས་གཉེན་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐུ་རིང་ལ་གསར་གཏོད་དང་། འཕེལ་རྒྱས། རྒྱུན་འཛིན་བཅས་ཡང་དག་པར་མཛད་པའི་ཕྱག་རྒྱུན་ལས་འཕོས་པའི་མདོ་དང་རྒྱུད་སྡེའི་དགོངས་དོན་ལྟར་གྱི་མཐོང་བརྒྱུད་ཀྱི་ཕྱག་ལེན་རྣམ་པར་དག་པས་བརྒྱན་པའི་ཆོ་ག་ཕྱག་ལེན་ཕུན་སུམ་ཚོགས་པ་མཆིས་ནའང་། རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོར་རིག་གསར་ཞེས་པའི་དུས་འགྱུར་ཁྲོད་ཆོས་སྡེ་འདིའི་སྣོད་བཅུད་གཉིས་ཀ་རེ་ཞིག་མིང་གི་ལྷག་མར་བཏང་། དེ་རྗེས་ལས་སྨོན་བསོད་ནམས་ཀྱི་མཐུ་ལས་གཞུང་ནས་ལྷུག་གཏོང་སྲིད་ཇུས་དོན་འཁྱོལ་གནང་བའི་སྐལ་བཟང་གི་དུས་མགོར། བཀའ་དྲིན་ཟླ་མེད་བཤེས་གཉེན་བཅུ་ཕྲག་གསུམ་ལ་ཉེ་བ་རིམ་བཞིན་གནས་འདིར་ཕེབས་ནས་དགོན་གནས་རྟེན་དང་བརྟེན་པ་སྤྱི་དང་། ཁྱད་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་ལེན་གྱི་ཆོས་སྤྱོད་ཀྱི་རིམ་པ་ཐམས་ཅད་དང་། དེའི་ཆ་ལག་གཏོར་བཟོ་གར་ཐིག་རོལ་དབྱངས་སོགས་སྔར་སྲོལ་བཀའ་གདམས་གོང་མའི་སྐབས་ཀྱི་ཉམས་བཞེས་མཆིས་སོ་ཅོག་སླར་གསོ་མཐར་ཕྱིན་པ་གནང་བའི་བཀའ་དྲིན་ཤིན་ཏུ་ཆེ་ནའང་། ཕྱི་ནང་གི་རྒྱུ་རྐྱེེན་དང་འབྱོར་འཁོས་ལ་གཞིག་པའི་དཔེ་རྒྱུན་ཁུངས་མ་བཙལ་རྙེད་མ་བྱུང་བར། མ་དཔེ་ཕལ་ཆེ་བ་ལག་བྲིས་རྙིང་རུལ་མ་དག་རྒྱུན་འབྱམས་མ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱི་ཞལ་སྒྲོས་ལས་བྱུང་བ་དག་ཟིན་བྲིས་སུ་བགྱིས་པ་སོགས་ལ། ཡི་གེ་འབྲི་ཤེས་ཐམས་ཅད་ཀྱིས་བསྐྱར་བཤུ་ཡང་བཤུ་ཡང་ཡང་བགྱིས་པས། དཔེ་ཆ་རེས་བརྗོད་དོན་མི་འདྲ་བ་རེ་སྟོན་པ་སོགས་མ་དག་རྒྱུན་འབྱམས་ཀྱི་ཕུང་པོ་ཆེན་པོར་གྱུར་ཞིང་། འདི་ཡིན་འདི་མིན་གྱི་གཏད་སོ་ཅི་ཡང་མེད་པར་འགྱུར་ལ་ཉེ་བ་སོགས་རྒྱལ་བསྟན་སྤྱི་དང་། རང་ཅག་ཇོ་བོ་བཀའ་གདམས་པའི་རིང་ལུགས་དྲི་མེད་གསེར་གྱི་ཡང་ཞུན་ལྟ་བུ་ལ་བསྲེས་ལྷད་ཀྱི་རྨ་ཁ་ཆེན་པོ་ཞིག་འབྱུང་ལ་ཉེ་སྐབས། མཁྱེན་དཔྱོད་དང་ལྷག་བསམ་གྱིས་ཕྱུག་པའི་བཀའ་དྲིན་མཉམ་མེད་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས། བསྟན་པ་སྤྱི་དང་བྱེ་བྲག་ལ་སྨན་པའི་དགོངས་བཞེད་རླབས་ཆེན་པོས། རང་དགོན་གྱི་དབུ་ཁྲིད་དང་། ངེད་ཅག་རྣམས་ལ་མ་ཕྱི་ཁུངས་མ་བཙལ་འཚོལ་གྱི་ཕྱི་རབས་ལ་སྨན་པའི་ཆོས་སྤྱོད་ཕྱོགས་སྒྲིག་ཡང་དག་པ་བགྱིས་དགོས་པ་དང་། མཐུན་རྐྱེན་ཐམས་ཅད་མཆོག་སྤྲུལ་རིན་པོ་ཆེ་ཉིད་ནས་སྦྱོར་བའི་ཞལ་བཞེས་བཟང་པོ་དང་བཅས་བཀའ་བསྩལ་དོན་ལྟར། དགོན་གྱི་དབུ་ཁྲིད་དང་ངེད་ཅག་ལྟོས་བཅས་རྣམས་མོལ་ཁྱབ་ཞིབ་ནན་བྱས་ཏེ། རབ་རྒྱན་ཆུ་འབྲུག་ལོའི་མཆུ་ཟླ་ཡར་ངོའི་དགའ་བ་གཉིས་པར་དབུ་བཙུགས། གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་ནས་སྤྱི་ཁྱབ་འགན་འཛིན་གནང་བའི་འོག །ཕྲན་གཟིགས་པ་སྤྲུལ་མིང་པ་དང་། རྒྱལ་མཚན་དོན་ཡོད། བློ་བཟང་ཆོས་རྒྱལ་བཅས་ངེད་གསུམ་ནས་དབེན་གནས་འདི་བའི་ཆོས་སྤྱོད་ཀྱི་རིམ་པ་མཐའ་དག་དཔལ་ལྡན་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་ཕྱོགས་གཅིག་ཏུ་བསྒྲིགས་པའི་དོན་ལྡན་གྱི་བྱ་བ་འདིའི་སྤྱིའི་རྐང་འཛིན་རང་ནུས་ལ་དཔགས་པའི་ལྷག་བསམ་རྣམ་དག་གིས་སྒྲུབ་ཁུལ་བྱས་ཏེ། ཞུས་དག་གི་རིམ་པ་ཐེངས་བཅུ་ཕྲག་གཅིག་ལྷག་ཞིབ་ནན་རུ་ང་ཆེན་པོས་བྱས་སྟབས་ཞུས་དག་གི་ཆ་ནས་ཡིད་བརྟན་འཕེར་ངེས་སུ་རློམ་པ་དང་། རང་དགོན་གྱི་དགེ་འདུན་རྒྱལ་མཚན་ལུང་རྟོགས་དང་། རྒྱལ་མཚན་ངག་དབང་། བློ་བཟང་སྦྱིན་པ། བློ་བཟང་དོན་ལྡན་བཅས་ཀྱིས་མ་ཕྱི་འབྲུ་འདེད་ཀྱིས་ཀློག་འདོན་མཛད། འདམ་བསྟན་འཛིན་དར་རྒྱས་ཀྱིས་མ་ཕྱི་རྩིས་འཕྲུལ་དུ་ཕབ་པ་དང་། དགེ་ཚུལ་བསྟན་འཛིན་མགོན་པོ་ནས་ཉིན་ལྟར་ཞལ་ལག་གཡོས་སྦྱོར་མཛད་པ་བཅས་ཚན་ཆུང་ཁོངས་མི་ཡོངས་ནས་ལན་དང་གྲགས་པ་སོགས་ལ་མི་ལྟ་བར་ཐམས་ཅད་སྡེ་སྣོད་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་དམིགས་ཡུལ་ཁོ་ན་བཅངས་ཏེ་དགོན་པའི་དབྱར་གྱི་གནང་ཆེན་དང་། གཟའ་ཉི་མའི་ངལ་གསོ། རྒྱུན་གྱི་གྲོང་ཆོག་སོགས་གཡུགས་ཏེ་ལོ་ཕྱེད་དང་གཉིས་རིང་ཉིན་མཚན་མགོ་སྦྲེལ་གྱིས་བརྩོན་པ་ལྷོད་མེད་བྱས་པ་དང་། རྭ་སྒྲེང་དགོན་པ་གཞུང་དང་། བཀའ་དྲིན་ཟླ་མེད་གཟིམ་འོག་བསྟན་འཛིན་ཡེ་ཤེས་མཆོག་ནས་འཚོ་བའི་བདག་རྐྱེན་དང་། འཕྲལ་འཕྲལ་དུ་དགོས་ངེས་ཀྱི་དངོས་པོ་སྤྱི་དང་། ཁྱད་པར་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་པར་སྐྲུན་གྱི་འགྲོ་སོང་ཡོངས་རྫོགས་གནང་བ་སོགས། ངེད་ཅག་རྣམས་ཀྱི་ལས་ཀར་རོགས་རམ་གནང་མཁན་བསྟན་དང་རང་རིགས་ལ་སྨན་པའི་ལྷག་བསམ་ཅན་དུ་མས་རྒྱབ་སྐྱོར་བླ་ན་མེད་པ་མཛད་པར་བརྟེན། མཐར་རབ་རྒྱན་ཆུ་སྦྲུལ་ལོའི་ཟླ་བ་ལྔ་པའི་ཚེས་བརྒྱད་ཉིན་དགེ་བར་ལེགས་པར་གྲུབ་པའི་གླེགས་བམ་དང་པོའི་དཀར་ཆག་རིམ་པར་འགོད་པ་ལ།znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
༄༅། །དཔལ་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་བྱ་ཚུལ་བཞུགས་སོ། །znrརྗེ་ཙོང་ཁ་པའི་དྲ་བ།

znrརྗེ་ཙོང་ཁ་པའི་དྲ་བ།
ན་མོ་གུ་རུ། སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་དང་། །གཉིས་སུ་མེད་པ་དཔལ་ལྡན་ཁྲོ་བོའི་རྒྱལ། །པདྨ་དབང་ཆེན་ཞབས་ལ་གུས་བཏུད་ནས། །དེ་ཡི་སྒྲུབ་ཐབས་ཚུལ་བཞིན་བྲི་བར་བྱ། ། འདིར་དཔལ་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་སྒྲུབ་བྱ་བར་འདོད་པས། འདིའི་དབང་བསྐུར་བ་ལེགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བའི་གང་ཟག་གིས། གནས་དབེན་ཞིང་ཉམས་དགའ་བར་ཅི་འབྱོར་པའི་མཆོད་པ། བདག་བསྐྱེད་ཉེར་སྤྱོད། གཞན་དོན་དུ་རྗེས་གནང་བྱེད་པའི་ཚེ། མདུན་བསྐྱེད་ཀྱི་ཉེར་སྤྱོད། རྟ་མགྲིན་དབང་གཏོར་ཟུར་གསུམ་པད་འདབ་ཅན་གཅིག །འབུལ་གཏོར་གྲུ་གསུམ་དམར་པོ་པད་འདབ་བཞི་པ་ཅན། དེའི་གཡས་གཡོན་གཉིས་སུ་དབུས་མ་ལས་ཆུང་བའི་གྲུ་གསུམ་དམར་པོ་དང་། གཞི་བདག་གཏོར་མ་པད་འདབ་བཞི་པ་དཀར་པོ་གཅིག །བགེགས་གཏོར་བཅས་བཤམས། སྐྱབས་སེམས་སྔོན་དུ་བཏང་ནས་དངོས་གཞི་ནི། ༀ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཧཱུཾ་ཡིག་དམར་པོ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བརྒྱད་པ། རྩ་ཞལ་དམར་པོ། གཡས་ཞལ་ལྗང་ཁུ། གཡོན་ཞལ་དཀར་པོ། ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། དབུ་རེ་རེའི་སྟེང་ན་རྟ་མགོ་ལྗང་ནག་རེ་རེ་རྟ་སྐད་འཚེར་ཞིང་། རྔོག་མ་དམར་པོའི་གསེབ་ནས་མེ་སྟག་འཕྲོས་པས་སྟེང་ཚངས་པའི་འཇིག་རྟེན་ནས་འོག་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་མེའི་ར་གུར་གྱིས་འགེངས་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་འཕན་རྩེ་གསུམ་པས་མཚན་པའི་ཁ་ཊྭཱཾ་ག །གསུམ་པ་ན་རལ་གྲི། གཡོན་གྱི་དང་པོ་སྡིགས་མཛུབ། གཉིས་པ་ན་མདུང་། གསུམ་པ་ན་རྒྱུ་མའི་ཞགས་པ་བསྣམས་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། མིའི་སྐྲའི་མཆོད་ཕྱིར་ཐོགས་དང་། མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པ་རུས་པའི་རྒྱན་གྱིས་བརྒྱན་པ། མི་ལྤགས་ཀྱི་གཡང་གཞི་དང་། གླང་པོ་ཆེའི་ཀོ་བ་རློན་པས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། སྒེག་པ། དཔའ་བ། མི་སྡུག་པ་སྟེ་སྐུའི་ཉམས་གསུམ་དང་། རྒོད་དང་། དྲག་ཤུལ། འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ་དང་། སྙིང་རྗེ་དང་། རྔམས་པ། ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ། གར་གྱི་ཉམས་དགུ་དང་ལྡན་ཞིང་། ཞབས་བརྒྱད་ཀླུ་ཆེན་པོ་བརྒྱད་ཀྱི་སྟེང་ན་བགྲད་ནས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་མཐིང་གས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ནང་མཆོད་བྱིན་རླབས་ནི། ༀ་ཧྲཱིཿཔདྨཱན་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡེ་ཤེས་ལྔའི་རང་བཞིན་གྱི་ཤ་ལྔ་དང་བདུད་རྩི་ལྔ། དེའི་སྟེང་དུ་ༀ་ཨཱཿཧཱུཾ་གིས་མཚན་པ། རླུང་གཡོས་མེ་སྦར་བས། ཐོད་པའི་རྫས་རྣམས་ཞུ་བའི་ནང་དུ་འབྲུ་གསུམ་ཐིམ་པས་རྫས་རྣམས་ཀྱི་ཉེས་སྐྱོན་སྦྱངས་ཤིང་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། བདག་བསྐྱེད་ཀྱི་མཆོད་པ་གོང་ལྟར་བསངས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ནས། ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ༀ་པདྨཱན་ཏ་ཀྲིད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་མཆོད། ནང་མཆོད་ཀྱང་ཕུལ། ཧཱུཾ༑ འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔགས་ང་རོ་སྒྲོག་པའི་གསུང་། །མཁྱེན་བརྩེ་ནུས་པ་དཔག་པར་དཀའ་བའི་ཐུགས། །ཁྲོ་རྒྱལ་དབང་པོའི་སྐུ་གསུང་ཐུགས་ལ་བསྟོད། །ཉི་མའི་འོད་ཟེར་འབུམ་གྱི་གོས་གྱོན་པའི། །པདྨ་ར་གའི་ལྷུན་པོ་ལྟ་བུའི་སྐུ། །སྲིད་གསུམ་བགེགས་དཔུང་ཕྱེ་མར་འཐག་བྱེད་པའི། །དཔལ་ཆེན་ཁྲག་འཐུང་དབང་པོ་ཁྱོད་ལ་བསྟོད། །མཚམས་སྤྲིན་འབྱུང་པོའི་ཁྲག་གི་གོས་གྱོན་པའི། །རབ་དཀར་མཆེ་བའི་ཆུ་འཛིན་གཡོ་བ་ཅན། །ནམ་མཁའི་ཁམས་ཀུན་རྒོད་པའི་འབྲུག་སྒྲ་བཞིན། །ཧ་ཧའི་གད་རྒྱངས་ཕྱོགས་མཐར་སྒྲོག་ལ་བསྟོད། །བྱི་རུའི་ཡལ་འདབ་བསྐྱོད་ལྟའི་ཕྱག་དྲུག་གིས། །རབ་བཟུང་མི་བཟད་མཚོན་ཆ་རྡོ་རྗེའི་ཐོག །གང་དུ་བཏབ་པས་ལུས་མེད་བདག་པོའི་གྲོང་། །སྐད་ཅིག་ཙམ་གྱིས་བརླག་པར་མཛད་ལ་བསྟོད། །དུས་མཐའི་མེ་འོད་འཕྲོ་བའི་སྤྲིན་ཆེན་ལས། །བཟོད་དཀའི་གནམ་ལྕགས་སེར་ཆེན་འབབ་པ་བཞིན། །གྲངས་མེད་སྐུ་ཡི་སྤྲུལ་པས་འབྱུང་པོའི་ཚོགས། །མ་ལུས་ཐལ་བར་བརླག་མཛད་ཁྱོད་ལ་བསྟོད། །མ་ལུས་ཕྱོགས་བཅུའི་རྒྱལ་བས་མགོན་པོ་ཁྱོད། །བསྟན་དང་བསྟན་འཛིན་སྐྱོང་བར་དབང་བསྐུར་བ། །བདག་ཅག་ཁྲོ་བོ་དབང་པོ་ཁྱོད་དྲན་ན། །བར་གཅོད་བགེགས་དཔུང་ཐལ་བར་བརླག་པར་མཛོད། །རྣལ་འབྱོར་དམ་ཆོས་སྒྲུབ་ལ་གེགས་བྱེད་པའི། །བདུད་ཀྱི་རིགས་གྱུར་འབྱུང་པོ་ཐམས་ཅད་ཀྱི། །སྲོག་རྩ་ཆོད་ལ་མྱུར་དུ་གེགས་མེད་པར། །སྐུ་གསུམ་མངོན་དུ་འགྱུར་པའི་འཕྲིན་ལས་མཛོད། ། དེ་ནས་བཟླས་པ་ནི། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ། དེ་ལས་མེ་འོད་འཕྲོས་པའི་སྔགས་ཀྱི་མེ་ལྕེ་དྲག་ལ་རྩུབ་པའི་རྣམ་པ་ཅན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཐོག་མ་མེད་པ་ནས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། འོད་ཟེར་སྟེང་དུ་འཕྲོས་པས་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་བྱིན་རླབས་ཐུགས་རྗེ་དང་མཐུ་སྟོབས་ནུས་པ་དང་འཕྲིན་ལས་ཕུན་སུམ་ཚོགས་པ་ཐམས་ཅད་བཀུག་ནས་རང་ལ་ཐིམ། འོད་ཟེར་འོག་ཏུ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དཔལ་རྟ་མགྲིན་གྱི་གོ་འཕང་ལ་བཀོད། འོད་ཟེར་བར་དུ་འཕྲོས་པས་རང་ལ་གནོད་བྱེད་ཀྱི་གདོན་བགེགས་ཐམས་ཅད་བསྲེགས་ཏེ། ཐལ་བའི་རྡུལ་ཕྲན་ཙམ་ཡང་མེད་པར་བསྒོམ། མགུལ་གྱི་མགྲིན་པ་གསུམ་དང་ཕྱག་གི་མཁྲིག་མ་དྲུག་དང་། ཞབས་ཀྱི་ལོང་བུ་བརྒྱད་ཀྱི་བར་ཐམས་ཅད་ཁྲོ་ཆུང་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པའི་གང་བ། ཁྲོ་ཆུང་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་གི་སྒྲ་ལྟ་བུར་འུར་འུར་དིར་དིར་ས་གསུམ་གཡོ་བ་ཙམ་དུ་སྒྲོག་པ། སྐུའི་ཆ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་རྟ་མགྲིན་བར་སྣང་ནམ་མཁའ་ས་གཞི་ཐམས་ཅད་གང་བ་སྤྲོས་པས། རང་ལ་གནོད་བྱེད་ཀྱི་གདོན་བགེགས་འབྱུང་པོ་བར་གཅོད་རྩོམ་པ་གང་ཡིན་པ་དང་། ཁྱད་པར་ཕ་རོལ་གྱི་རྦད་འདྲེ་དང་། རྦོད་གཏོང་། བྱད་མ་གནོད་བྱེད་ཐམས་ཅད་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱིི་ཁམས་ཀྱི་བར་ཙམ་དུ་ཡང་སྡོད་པའི་རང་དབང་མེད་པར་བསྐྲད་ཅིང་བརླག་པར་བསམས་ལ། ༀ་ཧྲཱིཿ པདྨཱན་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པ་ནི་རྩ་སྔགས་སམ་སྙིང་པོའོ། ། ༀ་བཛྲ་ཐུན་བྷྱོཿ ཨོཾ་ཏྲིག་ནན། བཛྲ་ཛཿཛཿས་མ་ཡ་སྟྭཾ། ཞེས་པ་ནི་ལས་སྔགས་སམ་སྡེ་བརྒྱད་དབང་དུ་སྡུད་སྔགས་གསུངས་པའང་ཡོད། ས་མ་ཡ་ཛཿ ས་མ་ཡ་བཟློག ས་མ་ཡ་བྷྱོཿ ས་མ་ཡ་གཏུབས། ས་མ་ཡ་བྱེར། ས་མ་ཡ་རྦད། ས་མ་ཡ་རྦད་རྦུད་ཕཊ་ཡ་འབྱུང་པོ་མཱ་ར་ཡ་ཛ་ཛཿ ཅེས་པ་རྣམས་མང་དུ་བཟླ་བར་བྱའོ། །མཐར་ཡིག་བརྒྱ་བརྗོད། ༈ དེ་ནས་ལས་བུམ་བསྒྲུབ་པ་ནི། བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་སྤྱན་དྲངས་ཏེ་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་ཆུ་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། མང་དུ་བཟླས། ཟླ་བ་སྔགས་འཕྲེང་ཧཱུཾ་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ༈ མདུན་བསྐྱེད་ནི། བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བཅོམ་ལྡན་འདས་དཔལ་རྟ་མགྲིན་སྐུ་མདོག་ཅེེས་པ་ནས་བདག་མདུན་གྱི་ཚིག་བསྒྱུར་མ་གཏོགས་བཟླས་པའི་བར་སྔར་བཞིན་ཡིག་བརྒྱ་དང་བཅས་པ་བརྗོད། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་ལྷའི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་གྱུར་པར་བསམས་ལ། ༀ་པདྨཱན་ཏ་ཀྲིད་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ༀ་པདྨཱན་ཏ་ཀྲིད་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་མཆོད། ནང་མཆོད་དང་བསྟོད་པ་བྱ། དྲན་པ་ཙམ་གྱིས་ཕྱི་ནང་བགེགས་ཀྱི་ཚོགས། །ཐལ་བར་རློག་བྱེད་ཁྲོ་བོའི་དབང་པོ་ནི། །རྟ་མགྲིན་པདྨ་དབང་ཆེན་ཞེས་སུ་གྲགས། །དེ་ཡི་སྒྲུབ་ཐབས་སྐྱེར་སྒང་ལུགས་སུ་བཤད། །རྣམ་དཔྱོད་མཁའ་ལྟར་ཡངས་པ་རྒྱལ་བའི་སྲས། །སྙིང་སྟོབས་ཟླ་བ་རྒྱས་པ་འདིར་འོངས་ཀྱི། །སྟོན་པའི་བཀའ་ཉན་བསྟན་སྲུང་རྒྱ་མཚོས་ཀྱང་། །ཚུལ་བཞིན་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཅིག །དྲག་པོའི་བཟླས་བརྗོད་མཐར་སོན་ཅིང་། །བསྐྱེད་པའི་རིམ་པ་རབ་བརྟན་པས། །སྲིད་གསུམ་བགེགས་ཀུན་འཇོམས་བྱེད་པ། །རྣལ་འབྱོར་དེ་འདྲ་སྐལ་བ་བཟང་། །དེ་སྐད་སྨྲ་བ་དགེ་འདུན་རྒྱ་མཚོའི་དཔལ། །བཟང་པོ་དེ་ལ་ལན་གཅིག་མ་ཡིན་པར། །རྡོ་རྗེ་རྒྱལ་མཚན་ཞེས་པའི་རྣལ་འབྱོར་པས། །ལེགས་པར་བསྐུལ་ལས་ཐོགས་པ་མེད་པར་སྨྲས།། །། ༈ དཔལ་རྟ་མགྲིན་གྱི་རྗེས་གནང་བྱ་ཚུལ་ནི། བདག་བསྐྱེད་རྫོགས་པར་བསྒོམས། གཏོར་མ་ལྷར་བསྐྱེད་པ་སོགས་བྱས་ནས། སློབ་མ་ཁྲུས་བྱས། བགེགས་གཏོར་བཏང་། མཎྜལ་འབུལ་དུ་བཅུག ། ཁྱེད་རང་རྣམས་དཔལ་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ་སྙམ་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། ། ཞེས་པ་ནས། གཙོ་བོ་བདག་ལ་བཀའ་དྲིན་སྩོལ། ། ལན་གསུམ། འོ༑ ཁྱེད་རང་རྣམས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་རྣམ་པར་དག་པ་ཐོབ་པའི་དུས་འདིར་སྡིག་སྤོང་དགེ་བ་བསྒྲུབ་པའི་ཆོས་ཅི་ནས་སྒོ་དུ་མ་ནས་འབད་སྙམ་པའི་བསམ་པ་དང་། དེས་ན་ཆོས་བསྒྲུབ་པའི་འགལ་རྐྱེན་བར་གཅོད་མཐའ་དག་ཞི་བ་དང་། མཐུན་རྐྱེན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་བྱ་བའི་ཕྱིར། ཁྲོ་རྒྱལ་རྟ་མཆོག་རོལ་པའི་རྗེས་སུ་གནང་བ་ཞུ་སྙམ་པའི་སྒོ་ནས་གསན་པར་མཛོད། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཐེག་པ་རིམ་པ་དགུའི་ཆོས་སུ་འདུས་པ་ལས། འདིར་བསྐྱེད་པ་མཧཱ་ཡོ་གའི་ཆོས་སྐོར། དེ་ལ་ཡང་སྒྲུབ་སྡེ་ཆེན་པོ་བརྒྱད་ཡོད་པ་ལས། པདྨ་གསུང་གི་ཆོས་སྐོར། དེ་ལའང་རྟ་མཆོག་རོལ་པ་དང་། པདྨ་དབང་ཆེན། བདེ་གཤེགས་འདུས་པ། གསང་བ་འདུས་པ། བདུད་རྩི་ཐེག་པ་ལ་སོགས་པ་མང་དུ་ཡོད་པ་ལས། རྟ་མཆོག་རོལ་པའི་སྐོར། དེ་ལ་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་གསུམ་ལས། འདིར་ཤིན་ཏུ་བྱིན་རླབས་ཆེ་བའི་གསང་སྒྲུབ་ཟབ་མོ་འདི་ཉིད་ཀྱི་བྱུང་ཚུལ་ལོ་རྒྱུས་ལ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་རྒྱས་བཏབ་པའི་བརྒྱུད་པ་རིན་པོ་ཆེ་སྣ་བདུན་དུ་གྲགས་པའི་ནང་ཚན་བརྒྱུད་པ་ལྔ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གྲུབ་ཐོབ་ཆེན་པོ་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེངྒེ་དེ་ཉིད་ཀྱིས་ཐུགས་དམ་འོད་གསལ་ཆོས་སྐུའི་ངང་ནས་དག་པའི་ཞིང་ཁམས་དུ་མ་གཟིགས། སངས་རྒྱས་བྱང་སེམས་མང་པོ་ལ་ཆོས་གསན། ཁྱད་པར་ཤིང་ཕོ་རྟའི་ལོ་དགུན་ཟླ་ར་བའི་ཚེས་བཅུ་བདུན་གྱི་ཐོ་རངས། མནལ་ལམ་བཟུང་ནས་ནུབ་ཕྱོགས་ཨྱོན་གྱི་ཡུལ་དུ་བྱོན་པས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཇལ་ནས། དེང་སང་བོད་ཡུལ་ན་ཆོས་སྒྲུབ་པ་ལ་སྤྱིར་ལྷ་སྲིན་སྡེ་བརྒྱད། ཁྱད་པར་རྒྱལ་གནོད་འབྱུང་པོའི་ཚོགས་རྣམས་ཀྱི་བར་ཆད་ཆེ་བར་ཡོད་པས། དེ་དག་གི་གཉན་པོར་གྱུར་པའི་རྟ་མགྲིན་གྱི་སྒྲུབ་ཐབས་ཟབ་པ་གཅིག་ཞུ་བྱས་པས། སློབ་དཔོན་སྐད་ཅིག་དེ་ཉིད་ལ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་གྱུར་ནས་རྟ་སྐད་ཐེངས་གསུམ་བཏོན་པས་སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ཐམས་ཅད་འདུས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ཚུལ་བཞིན་བྱས། དུས་དེ་ཉིད་དུ་སློབ་དཔོན་པདྨས། དབོན་སྟོན་སྐྱེར་སྒང་པ་ལ་རྟ་མགྲིན་འདི་ཉིད་ཀྱི་དབང་བསྐུར་བ་གནང་། དེའི་ཚེ་སློབ་དཔོན་གྱི་ཞལ་ནས། ངས་རྟ་མགྲིན་གྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། རྟ་མཆོག་རོལ་པའི་རྒྱུད་ལས་བསྡུས་པའི་གསང་སྒྲུབ་ཟབ་མོ་གཅིག་སྙེ་མོར་གཏེར་དུ་སྦས་པ་སྔགས་པ་ཞིག་གིས་གཏེར་ནས་བཏོན་ཡོད་པས་དེར་ཞུས་ཤིག །རྒྱལ་པོ་པེ་ཧར་དཀོར་འདྲེ་འབྱུང་པོའི་ཚོགས་རྣམས་དང་། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་འཇོམས་པར་བྱེད་དོ། །ཞེས་ལུང་བསྟན་པས། སྙེ་མོར་བྱོན་ནས་སློབ་དཔོན་སྔགས་པ་རྒྱ་གོང་རི་པ་ཞེས་བྱ་བ་ལ། རྟ་མགྲིན་གསང་སྒྲུབ་འདི་ཉིད་ཞུས་སོ། །དེ་ནས་ཡང་མནལ་ལམ་བཟུང་ནས་སློབ་དཔོན་ལ་ཞུས་པས། ལན་གསུམ་གྱི་བར་དུ་ད་རུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཞིག་གསུངས་པས། ཡང་ཉི་ཁྲི་དང་། བུར་སྟང་དང་། རེ་སྣམ་རྣམས་ཕུལ་ནས་ཞུས་པས་འཁོར་ལོ་ཡང་གནང་། འདི་ཉིད་ཀྱིས་གྲུབ་པ་ཐོབ་ཅིང་འགྲོ་ཕན་རྒྱ་ཆེ་བ་བྱུང་བའི་རྟ་མགྲིན་སྐྱེར་སྒང་ལུགས་ཞེས་ཕྱོགས་ཀུན་གྲགས་ཤིང་དེ་ནས་བཟུང་བདག་གི་རྩ་བའི་བླ་མའི་བར་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བྱོན་པའི་ཡི་དམ་ཁྱད་པར་ཅན་འདིའི་དབང་བསྐུར་བའམ་རྗེས་གནང་འབུལ་བ་ལ། གནས་ཁང་འདི་ཡང་དཔལ་རྟ་མཆོག་རོལ་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དངོས་ཡིན་སྙམ་པ་དང་། མདུན་གྱི་གཏོར་མ་འདི་ཡང་དཔལ་རྟ་མཆོག་རོལ་བ་དངོས་ཡིན་སྙམ་པ་དང་། དེ་དག་གི་སྟེང་གི་ནམ་མཁའ་ལ་ཡང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་གྱི་ཕུང་པོ་འཁྲིགས་པ་བཞིན་དངོས་སུ་བཞུགས་པའི་སྐྱབས་ཡུལ་གསལ་འདེབས་པ་དང་། རང་གཞན་ཐམས་ཅད་ཀྱི་དེ་དག་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རངས་པ་སྔོན་དུ་བཏང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་རྒྱལ་སྲས་ཀྱི་སྡོམ་པ་ལ་སློབ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། ། ལན་གསུམ། མདུན་གྱི་གཏོར་མ་དང་བླ་མ་གཉིས་ཀ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བརྒྱད་པ། རྩ་ཞལ་དམར་པོ། གཡས་ཞལ་ལྗང་ཁུ། གཡོན་ཞལ་དཀར་པོ། ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། དབུ་རེ་རེའི་སྟེང་ན་རྟ་མགོ་ལྗང་ནག་རེ་རེ་རྟ་སྐད་འཚེར་ཞིང་། རྔོག་མ་དམར་པོའི་གསེབ་ནས་མེ་སྟག་འཕྲོས་པས་སྟེང་ཚངས་པའི་འཇིག་རྟེན་ནས་འོག་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་མེའི་ར་གུར་གྱིས་འགེངས་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་འཕན་རྩེ་གསུམ་པས་མཚན་པའི་ཁ་ཊྭཱཾ་ག །གསུམ་པ་ན་རལ་གྲི། གཡོན་གྱི་དང་པོ་སྡིགས་མཛུབ། གཉིས་པ་ན་མདུང་། གསུམ་པ་ན་རྒྱུ་མའི་ཞགས་པ་བསྣམས་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། མིའི་སྐྲའི་མཆོད་ཕྱིར་ཐོགས་དང་། མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པ་རུས་པའི་རྒྱན་གྱིས་བརྒྱན་པ། མི་ལྤགས་ཀྱི་གཡང་གཞི་དང་། གླང་པོ་ཆེའི་ཀོ་བ་རློན་པས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། སྒེག་པ། དཔའ་བ། མི་སྡུག་པ་སྟེ་སྐུའི་ཉམས་གསུམ་དང་། རྒོད་དང་། དྲག་ཤུལ། འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ་དང་། སྙིང་རྗེ་དང་། རྔམས་པ། ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ། གར་གྱི་ཉམས་དགུ་དང་ལྡན་ཞིང་། ཞབས་བརྒྱད་ཀླུ་ཆེན་པོ་བརྒྱད་ཀྱི་སྟེང་ན་བགྲད་ནས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། བླ་མ་དང་མདུན་བསྐྱེད་གཉིས་ཀའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བར་ཧཱ་ལྗང་ཁུ་དང་བཅས་པའི་གསལ་འདེབས་ཞུ། སྐུའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ། བདག་ལ་དཔལ་རྟ་མགྲིན་གྱི་སྐུའི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། སྐུའི་བྱིན་རླབས་ལུས་ལ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ། ལུས་ཀྱི་ནད་གདོན་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། བུམ་པའི་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ལ། དེ་ནས། བླ་མ་དང་གཏོར་མ་ཡི་དམ་དུ་གསལ་བ་གཉིས་ཀའི་སྤྱི་བོའི་ༀ་ལས་རྟ་མགྲིན་སྐུ་མདོག་དཀར་པོ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་སྐྱ་བུན་བུན་བྱུང་། ཁྱེད་རང་གི་སྤྱི་བོའི་དབུས་སུ་སིབ་སིབ་ཐིམ་པའི་མོས་པ་གྱིས། ཞེས་བརྗོད། ༀ་བཛྲ་པདྨཱནྟ་ཀྲིད་ཅེས་སོགས་ཀྱི་སྔགས་དྲག་ཏུ་བརྗོད་ཅིང་། རོལ་མོའི་སྒྲ་བྱའོ། །དེ་ནི་སྐུའི་རྗེས་གནང་ངོ་། །དེ་བཞིན་དུ། གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ། བདག་ལ་དཔལ་རྟ་མགྲིན་གྱི་གསུང་གི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། གསུང་གི་བྱིན་རླབས་ངག་ལ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ། ངག་གི་ནད་གདོན་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། གསང་བའི་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ལ། དེ་ནས། བླ་མ་དང་གཏོར་མ་ཡི་དམ་དུ་གསལ་བའི་གཉིས་ཀའི་མགྲིན་པའི་ཨཱཿལས་རྟ་མགྲིན་སྐུ་མདོག་དམར་པོ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་མེ་སྟག་ཕྲ་མོ་འཕྲོས་པ་བཞིན་དམར་ཆེམ་ཆེམ་བྱུང་། ཁྱེད་རང་གི་མགྲིན་པར་སིབ་སིབ་ཐིམ་པའི་མོས་པ་གྱིས། ཞེས་བརྗོད། ༀ་བཛྲ་པདྨཱནྟ་ཀྲིད་ཅེས་སོགས་ཀྱི་སྔགས་དྲག་ཏུ་བརྗོད་ཅིང་། རོལ་མོའི་སྒྲ་བྱའོ། །དེ་ནི་གསུང་གི་རྗེས་གནང་ངོ་། །དེ་བཞིན་དུ། ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ། བདག་ལ་དཔལ་རྟ་མགྲིན་གྱི་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་ཀྱི་བྱིན་རླབས་ཡིད་ལ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ། ཡིད་ཀྱི་ནད་གདོན་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ལ། དེ་ནས། བླ་མ་དང་གཏོར་མ་ཡི་དམ་དུ་གསལ་བའི་གཉིས་ཀའི་ཐུགས་ཀའི་ཧཱུཾ་ལས་རྟ་མགྲིན་སྐུ་མདོག་སྔོན་པོ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཆུའི་ཟེགས་མ་འཐོར་བ་བཞིན་སྔོ་བུན་བུན་བྱུང་། ཁྱེད་རང་གི་ཐུགས་ཀར་སིབ་སིབ་ཐིམ་པའི་མོས་པ་གྱིས། ཞེས་བརྗོད། ༀ་བཛྲ་པདྨཱནྟ་ཀྲིད་ཅེས་སོགས་ཀྱི་སྔགས་དྲག་ཏུ་བརྗོད་ཅིང་། རོལ་མོའི་སྒྲ་བྱའོ། །དེ་ནི་ཐུགས་ཀྱི་རྗེས་གནང་ངོ་། །དེ་བཞིན་དུ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བསྡོམས་པའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ། བདག་ལ་དཔལ་རྟ་མགྲིན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ། ལུས་ངག་ཡིད་གསུམ་གྱི་བར་ཆད་ནད་གདོན་དང་བཅས་པ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། དབང་བཞི་པ་བསྐུར་དུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ལ། དེ་ནས། བླ་མ་དང་གཏོར་མ་ཡི་དམ་དུ་གསལ་བའི་གཉིས་ཀའི་གནས་ལྔའི་ཡི་གེ་ལས་རྟ་མགྲིན་སྐུ་མདོག་དཀར་དམར་མཐིང་སེར་ལྗང་བའི་ཚོགས་རིམ་པ་བཞིན་དུ་ནམ་མཁའི་འཇའ་ཚོན་བཞིན་ཁྲ་ཆེམ་ཆེམ་བྱུང་། གནས་ཐམས་ཅད་དུ་སིབ་སིབ་ཐིམ་པའི་མོས་པ་གྱིས། ཞེས་བརྗོད། ༀ་བཛྲ་པདྨཱནྟ་ཀྲིད་ཅེས་སོགས་ཀྱི་སྔགས་དྲག་ཏུ་བརྗོད་ཅིང་། རོལ་མོའི་སྒྲ་བྱའོ། །དེ་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་རྗེས་གནང་ངོ་། ། དེ་དག་གི་རིམ་པ་བཞིན་དུ་སྐུ་གསུང་ཐུགས་སོ་སོ་དང་། བསྡོམས་པའི་བྱིན་རླབས་ཐོབ། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། དབང་བཞི་པ་རྣམས་ཐོབ་པའི་མོས་པ་གྱིས། དེ་ནས་ཁྱེད་རང་རྣམ་པའི་ལུས་ཐ་མལ་པ་འདི་གནས་གྱུར། དཔལ་རྟ་མགྲིན་ཆེན་པོའི་སྐུར་ལམ་གྱིས་གྱུར་པའི་མོས་པ་མཛོད། དེ་བརྟན་པར་བྱ་བའི་དོན་དུ་གཏོར་མ་ཡི་དམ་དུ་གསལ་བ་འདི་ཁྱེད་རང་རྣམ་པའི་སྤྱི་བོར་བཞག་པས་གདོན་བགེགས་ཐམས་ཅད་དཔལ་རྟ་མགྲིན་གྱི་ཞལ་དུ་དམར་ཙིར་ཙིར་གསོལ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་འོད་དུ་ཞུ་སིམ་གྱིས་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་དཔལ་རྟ་མགྲིན་གྱི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པའི་མོས་པ་གྱིས། ཞེས་བརྡ་སྤྲད་ལ། གཏོར་མ་སློབ་མའི་མགོ་བོར་བཞག་སྟེ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། དབོན་སྟོན་སྐྱེར་སྒང་པ་ཆེན་པོ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་ཆོས་རྗེ་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། བྱ་བཏང་རི་ཁྲོད་རས་ཆེན། རྒྱལ་བ་བྱ་བཏང་ཚུལ་ཁྲིམས་ཤེས་རབ། མཁས་གྲུབ་ཚུལ་ཁྲིམས་མགོན་པོ། འཇམ་དབྱངས་ཐུགས་རྗེ་ཆོས་རྒྱལ། རྣལ་འབྱོར་གྱི་དབང་ཕྱུག་དོན་ཡོད་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སློབ་མ་འདི་རྣམས་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བར་ཆད་ཆག་སྒོ། ཉམ་ང་ཡོད་པ། སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བཙན་དང་རྒྱལ་པོའི་གནོད་པ། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ལས་སྲུངས་ཤིག ། ཅེས་ལན་གསུམ་གྱི་བར་བརྗོད། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད། དེ་ནས། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་དམར་པོ་མེ་འོད་འཕྲོ་བ་བྱུང་། ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། སྙིང་ཁར་ཉི་གདན་ལ་ཧྲཱིཿདམར་ནག་གི་མཐར་འཁོད་པ་ལས་སྔགས་ཀྱི་འོད་ཟེར་དྲག་ཅིང་རྩུབ་པ། འབར་ཞིང་འཁྱིལ་བ་དུས་མཐའི་མེ་ལྟ་བུ་ལུས་ཀྱི་ནང་དང་། ཕྱོགས་བཅུའི་འཇིག་རྟེན་དུ་འཕྲོས་པས་གདོན་བགེགས་གདུག་པ་ཅན་ཐམས་ཅད་གཞོབ་ཐུལ་གྱིས་ལྷག་མེད་དུ་བསྲེགས་སོང་སྙམ་པ་གྱིས་ལ་འདིའི་རྗེས་མཛོད། ༀ་ཧྲཱིཿ པདྨཱན་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ༀ་བཛྲ་ཐུན་བྷྱོཿ ཨོཾ་ཏྲིག་ནན། བཛྲ་ཛཿཛཿ ས་མ་ཡ་སྟྭཾ། ལན་གསུམ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། ། ཞེས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །ཕྲེང་བའམ། མེ་ཏོག་སློབ་མའི་མགོ་ལ་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། ། ཞེས་བརྗོད། དེ་ནས་མཎྜལ་ཕུལ། ཚོགས་ལ་རོལ་ཞིང་བསྔོ་བ་དང་བཀྲ་ཤིས་བྱའོ། །ཞེས་པ་འདི་ཡང་ལས་དང་པོ་པ་འགའ་ཞིག་ལ་ཕན་པའི་དོན་དུ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྦྱར་བའོ།། །། ༈ མཇུག་ཆོག་ནི། ༀ་ཧྲཱིཿཔདྨཱན་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ནས། ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ༀ་པདྨཱན་ཏ་ཀྲིད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་མཆོད། ནང་མཆོད་ཀྱང་ཕུལ། ཧཱུཾ༑ འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔགས་ང་རོ་སྒྲོག་པའི་གསུང་། །མཁྱེན་བརྩེ་ནུས་པ་དཔག་པར་དཀའ་བའི་ཐུགས། །ཁྲོ་རྒྱལ་དབང་པོའི་སྐུ་གསུང་ཐུགས་ལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། ། ཞེས་པ་ནས། མཆོག་ཏུ་དད་པས་བསྟོད་པར་བགྱི། ། བར་གྱིས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །བདག་ལ་དངོས་གྲུབ་མཆོག་སྩོལ་བའི། །ཏིང་འཛིན་ཀུན་གྱི་འབྲས་བུ་ཡི། །སེམས་ཅན་ཀུན་ལ་ཅི་འདོད་པའི། །དངོས་གྲུབ་བླ་ན་མེད་པ་སྩལ་དུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར། སྟོན་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག ། ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པར་བྱའོ། །znrརྗེ་ཙོང་ཁ་པའི་དྲ་བ།

znrརྗེ་ཙོང་ཁ་པའི་དྲ་བ།
༄༅། །གསང་བདག་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་རྗེས་གནང་བཞུགས་སོ། །znrརྗེ་ཙོང་ཁ་པའི་དྲ་བ།

བླ་མ་དང་དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། ། འདིར་གསང་བའི་བདག་པོ་གཉེན་པོ་ལྷ་གསུམ་གྱི་རྗེས་གནང་བྱ་བར་འདོད་པས་ཡིད་དང་མཐུན་པའི་གནས་སུ་སྟེགས་ཀྱི་ཁར་འབྲུའི་ཚོམ་བུའི་སྟེང་དུ་གཏོར་མ་པད་འདབ་ཅན་ཙཀླིིས་བརྒྱན་པ་བཞུགས། དེའི་མདུན་དུ་དཀར་གཏོར་པད་འདབ་ཅན་བཞི་དང་། བདག་མདུན་ཉེར་སྤྱོད་ཕྱག་ལེན་ལྟར་བཤམས། རང་ཉིད་ཁྲུས་སོགས་གཙང་སྦྲ་དང་ལྡན་པའི་སྒོ་ནས་སྐྱབས་སེམས་སྔོན་དུ་བཏང་ནས་འདི་སྐད་དོ། ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཧཱུཾ་ཡིག་མཐིང་ག་དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། གསང་བའི་བདག་པོའི་གོ་འཕང་ལ་བཀོད་ཅིང་གནོད་བྱེད་རྣམས་ལ་ཕོག་པས་དེ་ཐམས་ཅད་བཏུལ། འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ། ཡང་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་དངོས་གྲུབ་ཐམས་ཅད་བསྡུས་ནས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་རྗེས་སུ་བསྟན་པའི་སྡིགས་མཛུབ་ཐུགས་ཀར་གདེངས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བའི་གསེབ་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལན་གསུམ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། གཡས་སུ་རྟ་སྐད་བཏོན་པས་ཕོ་རྒྱུད་དང་། གཡོན་དུ་རྟ་སྐད་བཏོན་པས་མོ་རྒྱུད་དབང་དུ་སྡུད་ཅིང་། དབུས་སུ་རྟ་སྐད་བཏོན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ། རྟ་མགོའི་སྤྱི་གཙུག་ཏུ་བྱ་ཁྱུང་རྒྱལ་པོ་སྐུ་མདོག་དཀར་པོ་སྤྱན་གསུམ་པ་གཤོག་སྒྲོ་རལ་གྲི་ལས་བྱས་ཤིང་། གཡུའི་རྭ་རུ་ཅན། རྭ་དཔྲག་ན་རིན་པོ་ཆེ་འབར་བས་བརྒྱན་པ། ཕྱག་གཉིས་ཀྱིས་ཀླུ་རིགས་བཞི་ཞལ་དུ་གསོལ་བ། མཆུ་སྡེར་རྡོ་རྗེ་ལས་བྱས་པ། བ་སྤུ་ཐམས་ཅད་འཁོར་ལོ་དང་རྡོ་རྗེ་དང་སྤུ་གྲིའི་རྣམ་པ་ཅན། ཀླུ་རིགས་ལྔས་ཡན་ལག་བརྒྱན་པ། གསང་བདག་གི་དབུ་སྐྲ་ལ་སྦྲུལ་རྒྱལ་རིགས་དཀར་ཁྲས་བརྒྱན་ཅིང་། རྗེ་རིགས་སེར་ཁྲས་སྙན་རྒྱན་དང་དཔུང་རྒྱན། བྲམ་ཟེའི་རིགས་དམར་ཁྲས་མགུལ་རྒྱན་དང་སྐེ་རགས། དམངས་རིགས་ལྗང་ཁྲས་ཕྱག་གདུབ་དང་ཞབས་གདུབ། གདོལ་བ་ནག་པོས་དོ་ཤལ་བྱས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར་པའི་དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་སྔོན་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར་པར་བསམ། མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ༀ་པཱ་དྱཾ་ཨཱཿཧཱུཾ། ༀ་པུཥྤེ་ཨཱཿཧཱུཾ། ༀ་དྷཱུ་པེ་ཨཱཿཧཱུཾ། ༀ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་གནྡྷེ་ཨཱཿཧཱུཾ། ༀ་ནཻ་ཝི་དྱ་ཨཱཿཧཱུཾ། ༀ་ཤཔྟ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབས། རང་གི་སྙིང་ཁ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད། གཉེན་པོའི་ལྷ་གསུམ་གཅིག་ཏུ་འདུས་པའི་ངོ་བོ་དཔལ་གསང་བའི་བདག་པོས་བདག་ལ་མཆོག་དང་ཐུན་མོང་ལ་སོགས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་འདེབས་ཤིང་། ཅུང་རྒྱས་པར་འདོད་ན། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །བྱ་ཁྱུང་རྒྱལ་པོ་རྟ་མགྲིན་གསང་བའི་བདག །རང་བཞིན་གཅིག་ཏུ་ཉེར་བསྟན་ཁྲོ་བོའི་གཙོ། །དྲན་པས་བགེགས་དཔུང་འཇོམས་ལ་ཕྱག་འཚལ་བསྟོད། །བདག་ཅག་རྣམས་ལ་དེང་ནས་བྱང་ཆུབ་བར། །སྟེང་འོག་བར་གྱི་གདོན་བགེགས་ནད་ལ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་སེལ་ཞིང་། །མཐུན་རྐྱེན་དངོས་གྲུབ་ཡིད་བཞིན་སྩལ་དུ་གསོལ། ། ཞེས་བརྗོད་ཀྱང་རུང་། དེ་ལྟར་གསོལ་བ་བཏབ་པས་མཉེས་བཞིན་རང་གི་སྤྱི་གཙུག་ཏུ་བྱོན། ཛཿཧཱུཾ་བཾ་ཧོཿ རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ནས་བཟླས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་ཁྱད་པར་ནད་གདོན་དམིགས་ཀྱིས་བསལ་བ་གང་ཡིན་ཐམས་ཅད་སྦྱངས་ཤིང་བསྲེགས། འོད་ཟེར་ཕྱིར་འཕྲོས་སྣོད་བཅུད་ལ་ཕོག །སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས་ནས་གསང་བདག་གི་གོ་འཕང་ལ་བཀོད། རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པ་ཚུར་འདུས་རང་ལ་ཐིམ་པས་ཡོན་ཏན་ཐམས་ཅད་ཐོབ། སྔར་བས་ཀྱང་མཐུ་སྟོབས་ནུས་པ་ཆེར་འཕེལ་བར་གྱུར་པར་བསམས་ནས། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་ག་རུ་ཎ་ཧཱུཾ་ཕཊ། ཅེས་པའི་སྔགས་ཅི་ནུས་སུ་བཟླ། སྤྱིར་ཁྱུང་གི་སྐད་དོད་ལ་ག་རུ་ཌ་ཞེས་འབྱུང་བ་མང་ཡང་། སྙན་བརྒྱུད་རྩ་བར་འདི་བཞིན་འབྱུང་བ་གསུང་བྱིན་རླབས་ཅན་བསྒྱུར་བཀོད་བྱེད་མི་རུང་ཞེས་དམ་པ་རྣམས་ཀྱིས་གསུངས། ཡི་གེ་བརྒྱ་པས་ཆད་ལྷག་གི་ཁ་བསྐང་། ༀ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་མཆོད། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཞེས་སོགས་ཀྱིས་བསྟོད། དགེ་བ་འདི་ཡིས་མྱུར་དུ་བདག ། ཅེས་པ་ནས། ས་ལ་འགོད་པར་ཤོག ། བར་བརྗོད། ༈ དེ་ནས་ལས་བུམ་སྒྲུབ་པ་ནི། ལས་བུམ་གྱི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གིས་མཚན་པའི་མཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་སྔགས་འཕྲེང་འོད་ཟེར་རབ་ཏུ་འབར་བའི་རྣམ་པར་སྤྱན་དྲངས། བུམ་པའི་ནང་གི་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམས་ཏེ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་མང་དུ་བཟླ། ཉི་གདན་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། ༈ དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ཡིག་མཐིང་ག་དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། གསང་བའི་བདག་པོའི་གོ་འཕང་ལ་བཀོད་ཅིང་གནོད་བྱེད་རྣམས་ལ་ཕོག་པས་དེ་ཐམས་ཅད་བཏུལ། འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ། ཡང་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་དངོས་གྲུབ་ཐམས་ཅད་བསྡུས་ནས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། དཔལ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་རྗེས་སུ་བསྟན་པའི་སྡིགས་མཛུབ་ཐུགས་ཀར་གདེངས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བའི་གསེབ་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལན་གསུམ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། གཡས་སུ་རྟ་སྐད་བཏོན་པས་ཕོ་རྒྱུད་དང་། གཡོན་དུ་རྟ་སྐད་བཏོན་པས་མོ་རྒྱུད་དབང་དུ་སྡུད་ཅིང་། དབུས་སུ་རྟ་སྐད་བཏོན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ། རྟ་མགོའི་སྤྱི་གཙུག་ཏུ་བྱ་ཁྱུང་རྒྱལ་པོ་སྐུ་མདོག་དཀར་པོ་སྤྱན་གསུམ་པ་གཤོག་སྒྲོ་རལ་གྲི་ལས་བྱས་ཤིང་། གཡུའི་རྭ་རུ་ཅན། རྭ་དཔྲག་ན་རིན་པོ་ཆེ་འབར་བས་བརྒྱན་པ། ཕྱག་གཉིས་ཀྱིས་ཀླུ་རིགས་བཞི་ཞལ་དུ་གསོལ་བ། མཆུ་སྡེར་རྡོ་རྗེ་ལས་བྱས་པ། བ་སྤུ་ཐམས་ཅད་འཁོར་ལོ་དང་རྡོ་རྗེ་དང་སྤུ་གྲིའི་རྣམ་པ་ཅན། ཀླུ་རིགས་ལྔས་ཡན་ལག་བརྒྱན་པ། གསང་བདག་གི་དབུ་སྐྲ་ལ་སྦྲུལ་རྒྱལ་རིགས་དཀར་ཁྲས་བརྒྱན་ཅིང་། རྗེ་རིགས་སེར་ཁྲས་སྙན་རྒྱན་དང་དཔུང་རྒྱན། བྲམ་ཟེའི་རིགས་དམར་ཁྲས་མགུལ་རྒྱན་དང་སྐེ་རགས། དམངས་རིགས་ལྗང་ཁྲས་ཕྱག་གདུབ་དང་ཞབས་གདུབ། གདོལ་བ་ནག་པོས་དོ་ཤལ་བྱས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་སྔོན་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་པར་གྱུར་པར་བསམ། མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ༀ་པཱ་དྱཾ་ཨཱཿཧཱུཾ། ༀ་པུཥྤེ་ཨཱཿཧཱུཾ། ༀ་དྷཱུ་པེ་ཨཱཿཧཱུཾ། ༀ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་གནྡྷེ་ཨཱཿཧཱུཾ། ༀ་ནཻ་ཝི་དྱ་ཨཱཿཧཱུཾ། ༀ་ཤཔྟ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབས། རང་གི་སྙིང་ཁ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། བར་གྱིས་མཆོད། གཉེན་པོའི་ལྷ་གསུམ་གཅིག་ཏུ་འདུས་པའི་ངོ་བོ་དཔལ་གསང་བའི་བདག་པོས་བདག་ལ་མཆོག་དང་ཐུན་མོང་ལ་སོགས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་འདེབས་ཤིང་། རྒྱས་པར་འདོད་ན། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །བྱ་ཁྱུང་རྒྱལ་པོ་རྟ་མགྲིན་གསང་བའི་བདག །རང་བཞིན་གཅིག་ཏུ་ཉེར་བསྟན་ཁྲོ་བོའི་གཙོ། །དྲན་པས་བགེགས་དཔུང་འཇོམས་ལ་ཕྱག་འཚལ་བསྟོད། །བདག་ཅག་རྣམས་ལ་དེང་ནས་བྱང་ཆུབ་བར། །སྟེང་འོག་བར་གྱི་གདོན་བགེགས་ནད་ལ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་སེལ་ཞིང་། །མཐུན་རྐྱེན་དངོས་གྲུབ་ཡིད་བཞིན་སྩལ་དུ་གསོལ། ། ཞེས་བརྗོད། དེ་ལྟར་གསོལ་བ་བཏབ་པས་མཉེས་བཞིན་མདུན་བསྐྱེད་ཀྱི་སྤྱི་གཙུག་ཏུ་བྱོན། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། སྔགས་འཕྲེང་ནི། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། དམིགས་ཡུལ་རྣམས་ཀྱི་སྡིག་སྒྲིབ་སྤྱི་དང་ཁྱད་པར་ནད་གདོན་དམིགས་ཀྱིས་བསལ་བ་གང་ཡིན་ཐམས་ཅད་སྦྱངས་ཤིང་བསྲེགས། འོད་ཟེར་ཕྱིར་འཕྲོས་སྣོད་བཅུད་ལ་ཕོག་སྣོད་ཐམས་ཅད་གཞལ་ཡས་ཁང་དང་ཞེས་པ་ནས། བྱིན་རླབས་ནུས་པ་ཚུར་འདུས་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པར་གྱུར། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་ག་རུ་ཎ་ཧཱུཾ་ཕཊ། གང་མང་བཟླས་མཐར་ཡིག་བརྒྱས་ལྷག་ཆད་བསྐང་། མཆོད་བསྟོད་མདོར་བསྡུས་བྱ། དེ་ནས་གཏོར་མ་འབུལ་བ་ནི། ༀ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཕྱག་ན་རྡོ་རྗེས་གཙོ་བྱས་པའི་ཡི་དམ་ལྷ་ཚོགས་རྣམས་ལ་འབུལ་ལོ། །སློབ་མ་འདིའི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞི་རྒྱས་དབང་དྲག་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། གཏོར་མ་གཉིས་པ་ལ་དམིགས་ནས་གོང་བཞིན་བྱིན་གྱིས་བརླབས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་དཔལ་ཕྱག་ན་རྡོ་རྗེའི་སྤྱན་སྔར་སྲོག་སྙིང་ཕུལ་ནས། བསྟན་པ་བསྲུང་བར་དམ་བཅས་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་འབུལ་ལོ། །སློབ་མ་འདིའི་མཐུན་རྐྱེན་སྒྲུབ་པ་དང་། རྗེས་གནང་ཞུ་བའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། གཏོར་མ་གསུམ་པ་ལ་དམིགས་ནས་བྱིན་རླབས་གོང་བཞིན་དང་། སམྦྷ་རའི་སྔགས་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། ཡུལ་ལྷ་གཞི་བདག་གི་ཚོགས་རྣམས་ལ་སྟེར་བ་ཡིན་ནོ། །བདག་ཅག་ཆོས་སྒྲུབ་པ་རྣམས་ཀྱི་འགལ་རྐྱེན་སྤོང་བ་དང་། མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་མཛད་དུ་གསོལ། བཞི་པ་ལ་དམིགས་ནས་གོང་བཞིན་བྱིན་གྱིས་བརླབས། སམྦྷ་རའི་སྔགས་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། གནོད་བྱེད་ལ་སོགས་པའི་མགྲོན་ཚོགས་སུ་གྱུར་པ་རྣམས་ལ་སྟེར་བ་ཡིན་ནོ། །བདག་ཅག་ཆོས་སྒྲུབ་པ་ལ་གནོད་པ་མ་བྱེད། བུ་ལོན་ལན་ཆགས་ཤ་འཁོན་ཐམས་ཅད་ཁྱེར་ནས་གནོད་པ་དང་གདུག་པའི་སེམས་ཐམས་ཅད་ཞི་བར་གྱུར་ཅིག ། ཅེས་འདོད་དོན་ལ་གསོལ་བ་བཏབ། གཉེན་པོ་ལྷ་གསུམ་འདུས་པའི་ངོ་བོ་བཅོམ་ལྡན་འདས་གསང་བའི་བདག་པོས་བདག་གིས་སློབ་མ་རྣམས་ལ་རྗེས་སུ་གནང་བ་ཟབ་མོ་བསྐུར་བའི་གནང་བ་དང་བཀའ་དྲིན་སྩོལ་ཅིག ། ཅེས་མེ་ཏོག་འཐོར་ཞིང་སློབ་མའི་དོན་དུ་གསོལ་བ་ལན་གསུམ་གདབ། ༈ རྗེས་གནང་དངོས་གཞི་ནི། སློབ་མ་རྣམས་ཁྲུས་བྱས་བགེགས་གཏོར་ཡོད་ན་མཚམས་འདིར་བསྔོའོ། །དེ་ནས་མཎྜལ་ཕུལ་དུ་བཅུག ། འོ་ལགས་སོ། །ཁྱེད་རང་རྣམས་བླ་མ་ལ་མོས་གུས་དང་བཅས་པའི་སྒོ་ནས་གཉེན་པོ་ལྷ་གསུམ་གྱི་རྗེས་སུ་གནང་བ་སྩལ་དུ་གསོལ། སྙམ་པའི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་སློབ་དཔོན་གྱིས། དཔལ་ཕྱག་ན་རྡོ་རྗེའི་རྗེས་གནང་སྩལ་དུ་གསོལ། ལན་གསུམ་གྱིས་རྗེས་ཟློས་བྱེད་དུ་གཞུག །དབང་བཤད་ནི། ཁྱེད་རང་རྣམས་བསམ་པ་འདི་ལྟར་མཛོད། རང་ཅག་རྣམས་ཀྱིས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་རྣམ་པར་དག་པ་ལན་གཅིག་ཐོབ་པའི་དུས་འདིར་མི་ལུས་སྟོང་ལོག་ཏུ་མ་སོང་བར་དམ་པའི་ཆོས་ལ་འབད་དགོས། དེ་ཡང་ད་ལྟ་ཉིད་ནས་མ་འབད་པར་དེང་བྱ་སང་བྱའི་ངང་དུ་ལུས་ན། མི་རྟག་པའི་ཚོམས་ལས། སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར། རྒན་གཞོན་བར་མའི་གོ་རིམ་ངེས་པ་མེད་ཅིང་། འཆི་རྐྱེན་ཡང་ཤིན་ཏུ་མང་ཞིང་། སྲོག་ནི་རླུང་དམར་དབུས་ཀྱི་མར་མེ་བཞིན། ཞེས་གསུངས། གསོན་རྐྱེན་བྱས་པའང་འཆི་རྐྱེན་དུ་འགྱུར་བར་རང་ཅག་རྣམས་ཀྱིས་མཐོང་ཐོས་སུ་གྱུར་ལ། དེ་རིང་བྱ་བ་འདི་བྱེད་དང་། བཟའ་བཏུང་འདི་བྱེད་ཀྱི་སྔོན་དུ་མི་འཆི་བའི་ངེས་པ་མེད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་གསུངས་པ་ལྟར། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་མལ་དུ་བཞག་ནས་འགྲོ་དགོས་ན། ནོར་ལོངས་སྤྱོད་གཉེན་ཉེ་དུ་སོགས་ཀྱིས་མི་ཕན་ཞིང་། སྔར་རྩོལ་སྒྲུབ་ཀྱི་དུས་སུ་དཀོན་མཆོག་དང་ལས་འབྲས་ཁྱད་དུ་བསད་པའི་དབང་གིས་ངན་སོང་གསུམ་དུ་སྐྱེ་ཞིང་། དམྱལ་བར་སྐྱེས་ན་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ། ཇི་སྲིད་རང་རྒྱུད་མི་དགེ་མ་ཟད་བར། །དེ་སྲིད་སྡུག་བསྔལ་བར་མ་ཆད་དུ་མྱོང་། །ཞེས་གསུངས་པ་ལྟར། མྱོང་དགོས་ཤིང་དེ་བཞིན་དུ་ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་གླེན་ཞིང་གཏི་མུག་པའི་སྡུག་བསྔལ་ལ་སོགས་པའི་སྡུག་བསྔལ་དུ་མས་མནར་བ་བཞིན་དུ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱང་དེ་ལས་མ་འདས་ཤིང་། དེ་ཐམས་ཅད་རང་གི་མ་ཡིན། ཡིན་པའི་མ་ཚད་ཚེ་འདིའི་མས་ཇི་ལྟར་དྲིན་གྱིས་བསྐྱངས་པ་བཞིན་དུ་སྐྱེ་བ་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པས། དེའི་དྲིན་ལན་དུ་དམ་པའི་ཆོས་སྒྲུབ་སྙམ་པ་དང་། སྒྲུབ་ལུགས་དེ་ཡང་ལུས་ཀྱི་སྒོ་ནས་ཆེ་བ་མི་གསོད་པ་ནས་ཆུང་བ་ཤིག་གསོད་པའི་བར་སྤོང་བ་དང་། གཞན་གྱི་ནོར་རྫས་རྐུ་འཕྲོག་སློང་གསུམ་མི་བྱེད་པ་དང་། གཞན་གྱི་བུད་མེད་དང་། ཆོས་ཀྱིས་བསྲུང་བའི་བུད་མེད་སྡོམ་པ་འཕྲོག་པར་མི་བྱེད་པ་དང་། ངག་གི་སྒོ་ནས་རྫུན་མི་སྨྲ་བ་དང་། དེ་བཞིན་དུ་ཚིག་རྩུབ། ཕྲ་མ། ངག་འཁྱལ་སོགས་མི་སྨྲ་བ་དང་། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་སོགས་མདོར་ན་མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུ་དང་དུ་བླངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་གཉེན་པོ་ལྷ་གསུམ་གྱི་རྗེས་གནང་ཞུ་སྙམ་པའི་སྒོ་ནས་གསན་པར་འཚལ། གང་གསན་པར་བྱ་བའི་ཆོས་འདི་ཉིད། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་མངོན་སུམ་དུ་རྗེས་སུ་བཟུང་བའི་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ནས་བརྒྱུད་པའི་སྙན་བརྒྱུད་གླེགས་བམ་རིན་པོ་ཆེའི་ནང་ཚན། དྲག་པོ་གསུམ་སྒྲིལ་ཞེས་བྱ་བ་འདི་ཉིད་ཀྱི་རྗེས་གནང་འབུལ་བར་བྱེད་པ་ལ། བླ་མ་ཡང་ཐ་མལ་པའི་རྣམ་པ་མ་ཡིན་པ། རང་གང་མོས་ཀྱི་བླ་མ་དང་དབྱེར་མེད་པའི་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པ་དང་། གནས་ཁང་འདི་ཉིད་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དངོས་ཡིན་སྙམ་པ་དང་། མདུན་གྱི་གཏོར་མ་འདི་ཉིད་ཀྱང་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཞེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། བླ་མ་དང་གཏོར་མ་ལྷར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། དེ་ལྟར་གྱུར་པའི་མོས་པ་མཛོད། དེ་ནས། སྐུའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་ལ་དགོངས་སུ་གསོལ། དཔལ་ཕྱག་ན་རྡོ་རྗེའི་སྐུའི་རྗེས་གནང་བདག་ལ་སྩལ་ཞིང་དབང་བསྐུར་དུ་གསོལ། ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། བླ་མ་ཕྱག་ན་རྡོ་རྗེའི་སྤྱི་གཙུག་གི་བྱ་ཁྱུང་རྒྱལ་པོའི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས་སློབ་མའི་ལུས་ལ་ཕོག །སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །སླར་ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐུའི་ལྷ་ཚོགས་དཔག་ཏུ་མེད་པ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་མ་འདིའི་ལུས་སྐུ་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་ངོ་བོ་ༀ་ཡིག་ཏུ་གྱུར་ཏེ་སློབ་མའི་སྤྱི་བོར་བཞུགས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ། སློབ་མའི་སྤྱི་བོར་འཁོད་པའི་ༀ་དཀར་པོ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བུམ་པའི་དབང་ཐོབ། ལུས་ལྷའི་སྐུ་བསྒོམ་པ་ལ་དབང་ངོ་། ། ཞེས་བརྡ་སྤྲད། གསུང་གི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་ལ་དགོངས་སུ་གསོལ། དཔལ་ཕྱག་ན་རྡོ་རྗེའི་གསུང་གི་རྗེས་གནང་བདག་ལ་སྩལ་ཞིང་དབང་བསྐུར་དུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། བླ་མ་ཕྱག་ན་རྡོ་རྗེའི་སྤྱི་གཙུག་གི་རྟ་མགོ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས་པས་སློབ་མའི་ངག་ལ་ཕོག །སྡིག་སྒྲིབ་ཐམས་ཅད་དག །སླར་ཡང་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསུང་གི་ལྷ་ཚོགས་དཔག་ཏུ་མེད་པ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་མ་འདིའི་ངག་གསུང་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཨཱཿཡིག་ཏུ་གྱུར་ཏེ་སློབ་མའི་མགྲིན་པར་ཞུགས། ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱཿ སློབ་མའི་ལྕེ་རྡོ་རྗེ་རྩེ་ལྔ་པར་གྱུར་ཏེ་རྩེ་ལྔ་ལ། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་གཱ་རུ་ཎ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་མཚན་པར་གྱུར། བླ་མའི་ཐུགས་ཀའི་སྔགས་ཞལ་ནས་ཐོན། སློབ་མའི་ཁར་སོང་། ཨ་ཝ་དྷཱུ་ཏིའི་དབྱིབས་བརྒྱུད་དེ་གསང་གནས་ནས་ཐོན། བླ་མའི་གསང་གནས་ནས་ཞུགས་ཏེ། སླར་ཡང་མགལ་མེ་ལྟར་འཁོར་བར་དམིགས་ཏེ་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་གཱ་རུ་ཎ་ཧཱུཾ་ཕཊ། སྔགས་མང་དུ་བཟླའོ། དེས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །གསང་བའི་དབང་ཐོབ། གཉེན་པོ་ལྷ་གསུམ་གྱི་སྔགས་བཟླ་བའི་རྗེས་གནང་ཐོབ་པ་ཡིན་ནོ། །ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་ལ་དགོངས་སུ་གསོལ། དཔལ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་རྗེས་གནང་བདག་ལ་སྩལ་ཞིང་དབང་བསྐུར་དུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། བླ་མ་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་འོད་ཟེར་སྔོན་པོའི་ཚོགས་འཕྲོས་པས་སློབ་མའི་ཡིད་ལ་ཕོག །སྡིག་སྒྲིབ་ཐམས་ཅད་དག །ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་མ་འདིའི་ཡིད་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཧཱུཾ་ཡིག་ཏུ་གྱུར་ཏེ། སློབ་མའི་སྙིང་ཁར་ཞུགས། ཧཱུཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས། ཁྱེད་རང་གི་ལུས་དེ་འོད་དུ་ཞུ་ནས་རྡོ་རྗེ་ལ་ཐིམ། རྡོ་རྗེ་ཧཱུཾ་གི་པད་གདན་ལ། པད་གདན་ཟླ་གདན་ལ། ཟླ་གདན་ཧཱུཾ་གི་ཞབས་ཀྱུ་ལ། ཞབས་ཀྱུ་འ་ལ། འ་ཧ་ལ། ཧ་དཔུང་པ་ལ། དཔུང་པ་སྐེ་ལ། སྐེ་མགོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་སྔོན་པོ་ཏིལ་ཙམ་ལ་དམིགས་པ་གཏད་དེ། མཐར་མི་དམིགས་པའི་ངང་ལ་མཉམ་པར་ཞོག་མཛོད། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྫོགས་རིམ་བསྒོམ་པ་ལ་དབང་ངོ་། །མཎྜལ་གྱི་རྗེས་གནང་ཞུ་བའི་ཕྱིར་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་ལ་དགོངས་སུ་གསོལ། བདག་གཅིག་པུ་སྡུག་བསྔལ་དང་བྲལ་ཞིང་བདེ་བའི་དོན་དུ་ཞུ་བ་མ་ལགས་ཀྱི། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་དོན་དུ་འཕྲིན་ལས་བཞིའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ། དེ་ནས་བླ་མས་སློབ་མའི་མགོར་མཎྜལ་བཞག་སྟེ། གསང་བདག་ཕྱག་ན་རྡོ་རྗེའི་འཕྲིན་ལས་བཞིའི་ལྷ་ཚོགས་རྣམས་ཀྱིས་སློབ་མ་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། འཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་ལ་ཕན་དཔག་ཏུ་མེད་པ་ཐོགས་ཤིང་། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད། བླ་མས་དེ་ལྟར་གསོལ་བ་བཏབ་པས་བླ་མ་ཕྱག་ན་རྡོ་རྗེའི་སྤྱི་གཙུག་གི་བྱ་ཁྱུང་རྒྱལ་པོ་ལས་འོད་ཟེར་དཀར་པོ་འཕྲོས་ཏེ་ཞི་བྱེད་ཀྱི་ལྷ་ཚོགས་དཀར་པོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་གྱུར་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་གཱ་རུ་ཎ་ཤཱནྟིཾ་ཀུ་རུ་ཡེ་སིདྡྷི་ཨོཾ། ཨ་བྷི་ཥིཉྩ་ༀ། ཞེས་བརྗོད། བླ་མ་ཕྱག་ན་རྡོ་རྗེའི་སྐུའི་རིན་པོ་ཆེའི་རྒྱན་རྣམས་ལས་འོད་ཟེར་སེར་པོ་འཕྲོས་ཏེ། རྒྱས་བྱེད་ཀྱི་ལྷ་ཚོགས་སེར་པོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་ཚེ་དང་བསོད་ནམས་རྒྱས་པར་གྱུར་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་གཱ་རུ་ཎ་ཨ་ཡུ་ཛྙཱ་ན་པུཥྚིཾ་སིདྡྷི་ཨ་བྷི་ཥིཉྩ་ཏྲཾ། ཞེས་བརྗོད། བླ་མ་ཕྱག་ན་རྡོ་རྗེའི་སྤྱི་གཙུག་གི་རྟ་མགོ་ལས་འོད་ཟེར་དམར་པོ་འཕྲོས་ཏེ། དབང་བྱེད་ཀྱི་ལྷ་ཚོགས་དམར་པོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་སེམས་ཅན་ཐམས་ཅད་ཆོས་ལ་འགོད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་གཱ་རུ་ཎ་ཝ་ཤཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད། བླ་མ་ཕྱག་ན་རྡོ་རྗེའི་སྐུ་ལས་འོད་ཟེར་སྔོན་པོ་འཕྲོས་ཏེ། དྲག་བྱེད་ཀྱི་ལྷ་ཚོགས་སྔོན་པོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་བསྟན་པ་དང་སེམས་ཅན་ལ་གནོད་པའི་དགྲ་བགེགས་ཚར་གཅོད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་གཱ་རུ་ཎ་མཱ་ར་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད། མཐར་མཎྜལ་གྱི་ལྷ་རྣམས་སློབ་མའི་སྤྱི་བོ་ནས་ཐིམ་པས་ལྷའི་སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད། དེ་ལྟར་གསང་བའི་བདག་པོའི་རྗེས་གནང་ལེགས་པར་ཕུལ་ཟིན་པས། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་རྣམས་མི་ཉམས་པར་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིས། ། ཞེས་ལན་གསུམ་གྱི་རྗེས་ཟློས་བྱ། དེ་ལྟར་ཁྱེད་རང་རྣམས་གཉེན་པོ་ལྷ་གསུམ་གྱི་རྗེས་གནང་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ་དུ་བཅུག །དེ་ནས་མཇུག་བསྡུ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དཔལ་གསང་བའི་བདག་པོ་ལ་ཁྲོ་བོ་དང་མངགས་གཞུག་པ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པའི་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་དང་བདུན་སོགས་ཀྱིས་གཏོར་མ་ཕུལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནེེ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །བྱ་ཁྱུང་རྒྱལ་པོ་རྟ་མགྲིན་གསང་བའི་བདག །རང་བཞིན་གཅིག་ཏུ་ཉེར་བསྟན་ཁྲོ་བོའི་གཙོ། །དྲན་པས་བགེགས་དཔུང་འཇོམས་ལ་ཕྱག་འཚལ་བསྟོད། །བདག་ཅག་རྣམས་ལ་དེང་ནས་བྱང་ཆུབ་བར། །སྟེང་འོག་བར་གྱི་གདོན་བགེགས་ནད་ལ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་དངོས་གྲུབ་ཡིད་བཞིན་སྩལ་དུ་གསོལ། ། ཞེས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛོད། །ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་སྐུའི་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་སྟེ་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ཧ་ལ་ཐིམ། ཧ་ནི་ཧའི་མགོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་གསང་བའི་བདག་པོའི་སྐུར་བཞེངས་པར་གྱུར། གདོན་རིགས་སུམ་བརྒྱ་དྲུག་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ནས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། ཅེས་པ་འདི་ཡང་རྟ་ཚག་པ་བློ་བཟང་དཔལ་ལྡན་རྒྱལ་མཚན་གྱིས་སྦྱར་བའོ།། །། ༈ གསང་བདག་དྲག་པོ་གསུམ་སྒྲིལ་གྱི་སྒོ་ནས་བཀའ་བསྒོ་བྱ་ཚུལ་ནི། སྐྱབས་སེམས་དང་ཚད་མེད་བཞི་བསྒོམ། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་རྣམས་དང་། ཁྱད་པར་དུ་ཡང་དཔལ་གསང་བའི་བདག་པོ་གཉེན་པོ་ལྷ་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྟེང་གདོན་གཟའ་དང་དྲང་སྲོང་གི་གནོད་པ། འོག་གདོན་ཀླུ་གཉན་ས་བདག་གི་གནོད་པ། བར་གདོན་བདུད་བཙན་རྒྱལ་འགོང་ཐེའུ་རང་ལ་སོགས་པའི་གནོད་པ་དང་། གཟུགས་ཅན་དགྲའི་གནོད་པ། གཟུགས་མེད་བགེགས་ཀྱི་གནོད་པ། ཕ་རོལ་གྱི་མནན་གཏད་གཟེར་གསུམ་ལ་སོགས་པའི་མི་དང་མི་མ་ཡིན་པའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། མཐར་ཐུག་ཟུང་མཇུག་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་གཱ་རུ་ཎ་ཧཱུཾ་ཕཊ། ཅེས་བཟླས་པའི་མཇུག་ཏུ། གདོན་རིགས་སུམ་བརྒྱ་དྲུག་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ནས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
༄༅། །རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྐུར་ཚུལ་བླ་མ་དམ་པའི་མན་ངག་འཆི་མེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །znrརྗེ་ཙོང་ཁ་པའི་དྲ་བ།

znrརྗེ་ཙོང་ཁ་པའི་དྲ་བ།
ན་མཿཨཱརྱ་ཏཱ་རེ་བྷྱཿ རྒྱལ་ཀུན་འཕྲིན་ལས་གཅིག་ཏུ་བསྡུས་པའི་དཔྱིད། །ཏཱཾ་ཡིག་ཟླ་ཞུན་འཕྲོ་འདུའི་སྒྱུ་མའི་གར། །འཇོ་སྒེག་ལང་ཚོར་དཔལ་ཡོན་མཛེས་པའི་དཔལ། །ཚེ་སྦྱིན་ལྷ་མོས་ཤིས་པའི་དཔལ་སྩོལ་ཅིག །གང་དེའི་ཐུན་མོང་མིན་པའི་གདམས་པའི་སྲོལ། །མཚན་ལྡན་དམ་པའི་སྙན་ནས་སྙན་ཁུང་དུ། །རིམ་བརྒྱུད་སྙིང་གི་ཡོལ་གོར་གཏམས་པའི་རྒྱུན། །བརྗེད་འཕངས་ཡི་གེའི་ལམ་དུ་སྤེལ་ལ་སྤྲོ། ། དེ་ལ་འདིར་བྱིན་རླབས་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ལུགས་ཀྱི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་བརྟེན་ནས་ཚེ་དབང་བསྐུར་བའི་ཆོ་ག་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ནི། ཡིད་མཐུན་གྱི་གནས་སུ་བྲིས་འབུར་གྱི་སྐུ་ཅི་རིགས་བཀྲམ། སྟེགས་ཀྱི་ཁར་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཚེ་གཏོར་པད་འདབ་དཀར་པོ་རྗེ་བཙུན་མའི་སྐུ་ཙག་དང་བཅས་པ་བཞུགས། དེའི་གཡས་སུ་ཤེལ་ལམ་དངུལ་གྱི་ཕོར་བར་འོ་མ་ལ་ཀ་ར་བཏབ་པའི་ཚེའི་བདུད་རྩི། གཡས་སུ་ཚེ་རྫས་བཏབ་པའི་ཚེ་རིལ་རྣམས་ཕྱག་ལེན་ལྟར་བཤམས། དེའི་མདུན་དུ་ཟླུམ་གཏོར་དཀར་པོ་པད་འདབ་ཅན་དང་། བདག་མདུན་གྱི་ཆུ་གཉིས་ཉེར་སྤྱོད་སོགས་བཤམས། རང་གི་མདུན་དུ་རྡོར་དྲིལ། ལས་བུམ། འཐོར་ནས་སོགས་ཡོ་བྱད་རྣམས་སྟ་གོན་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། ཚེ་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་དང་། མཐའ་སྐོར་དུ་སེམས་ཅན་ཐམས་ཅད་འཁོད་པར་མོས་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ། ཞེས་ལན་གསུམ་མམ་བདུན་སོགས་ཀྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་བརྗོད། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། ། ཞེས་ལན་གསུམ་སོགས་བརྗོད། དེ་ནས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་མ་ཚེ་དཔག་མེད་རིགས་ཀྱི་བདག་པོར་བཞུགས་པའི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བྷྱཿ ཞེས་པས་ཕྱག་བྱ། ༀ་གུ་རུ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། ཞེས་སོགས་ཀྱིས་རྒྱུན་བཤགས་ལན་གསུམ་བྱ་ཞིང་། སེམས་ཅན་ཐམས་ཅན་བདེ་བ་དང་། ཞེས་སོགས་ཚད་མེད་བཞི་བསྒོམ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་བ་ལས་རང་ཉིད་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་ཕྱེ་བ། གཡས་འབྲས་བུ། གཡོན་གང་བུའི་རྣམ་པར་ཡོད་པ་དབུ་སྐྲ་ཐོན་མཐིང་རལ་བའི་ཟུར་ཕུད་ལྟག་པར་བཅིངས་ཤིང་། ལན་བུ་རིང་དུ་འཕྱང་བ། ནུ་འབུར་རྒྱས་ཤིང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་། དར་དམར་པོའི་ཤམ་ཐབས་ཅན། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་དཀྱིལ་འཁོར་ལ་སྐུ་དྲང་པོར་བརྟེན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ་ལ་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྒྱལ་བ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་པར་བསམ། མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ༀ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། གང་གིས་ཁྱོད་ཞབས་པདྨོ་གུས་མཆོད་ནས། །ཏཱ་རེ་ལ་སོགས་རིག་སྔགས་ཟློས་ཙམ་གྱིས། །འཆི་མེད་ཚེ་དང་ཡེ་ཤེས་བསོད་ནམས་སོགས། །ཅི་འདོད་དངོས་གྲུབ་སྩོལ་ལ་ཕྱག་འཚལ་ལོ། ། ཞེས་བསྟོད། ལྷའི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་གཏད་དེ་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག །དེ་ནས། རང་ཉིད་འཕགས་མ་སྒྲོལ་དཀར་དུ་གསལ་བའི་སྙིང་གར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་རིམ་པ་གསུམ་དང་བཅས་པ་ལྟེ་བར་ཟླ་བའི་སྟེང་དུ་རང་གི་སེམས་ཏཱཾ་ཡིག་དཀར་པོའི་མཐར་ༀ་དང་ཧཱའི་བར་དུ་ཆུད་པའི་སྤེལ་ཚིག་གིས་བསྐོར་བ་རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་བརྒྱད། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར། བར་པ་ལ་ཀཱ་ལི་གཡས་སྐོར། ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་གཡས་སྐོར་དུ་འཁོད་པའི་ས་བོན་དང་ཡིག་འབྲུ་ཐམས་ཅད་འོད་ཟེར་བདུད་རྩིའི་རང་བཞིན་ཟིལ་བ་ཕྲོམ་མེ་བ་དང་། རང་གི་སྤྱི་བོར་རིགས་བདག་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་ཚེའི་བདུད་རྩིའི་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཧྲཱིཿཡིག་དམར་པོས་མཚན་པ། དེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས། རང་གི་ཚེ་མི་དང་མི་མ་ཡིན་རྣམས་ཀྱིས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་དང་། འཐོར་བ་ཐམས་ཅད་དང་། འབྱུང་བ་ཆེན་པོ་ལྔའི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད་སོགས་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་དང་། བླ་མ་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཁ་དོག་དང་རྣམ་པ་སྣ་ཚོགས་པའི་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས་ཏེ་བཀུག །ཕྱག་གི་བུམ་པའི་ནང་དུ་ཐིམ། ཐིམ་པ་ལས་ཀྱང་བདུད་རྩི་དཀར་ཆིལ་གྱིས་ལུད་ནས་རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ་སྙིང་གའི་འཁོར་ལོ་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཚེའི་བར་ཆད་དང་བཅས་པ་ཐམས་ཅད་བྱང་ཞིང་དག །ཚེ་དང་བསོད་ནམས་དམ་སྡོམ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་བསམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་བཟླའོ། །དེ་ནས། སླར་ཡང་སྙིང་གའི་སྔགས་འཁོར་ལས་འོད་ཟེར་དཀར་པོའི་ཚོགས་དཀར་ཕྲོམ་གྱིས་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་དང་ཚེའི་བར་ཆད་ཐམས་ཅད་ཞི་བར་བྱས། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ལུས་ཀྱི་ཕྱི་ནས་འོད་ཟེར་དཀར་པོའི་གུར་ཁྱིམ་གྱིས་བསྐོར་བས་ཞི་བའི་ལས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་སེར་པོའི་ཚོགས་འཕྲོས། ལུས་གང་ཚེ་དང་བསོད་ནམས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་སོགས་རྒྱས་པར་བྱས། ཕྱིར་འཕྲོས་གུར་ཁྱིམ་དཀར་པོའི་མཐའ་ནས་འོད་ཟེར་སེར་པོའི་གུར་ཁྱིམ་གྱིས་བསྐོར་བས་རྒྱས་པའི་ལས་གྲུབ་པར་བསམ། ཡང་འོད་ཟེར་དམར་པོའི་ཚོགས་འཕྲོས། ཁམས་གསུམ་དབང་དུ་བསྡུད་པའི་མཐུ་དང་ལྡན་པར་བྱས། ཕྱིར་འཕྲོས་སེར་པོའི་མཐའ་ནས་འོད་ཟེར་དམར་པོའི་གུར་ཁྱིམ་གྱིས་བསྐོར་བས་དབང་གི་ལས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་མཐིང་གའི་ཚོགས་འཕྲོས། མངོན་སྤྱོད་ཀྱི་ལས་ཐམས་ཅད་འགྲུབ་པའི་མཐུ་དང་ལྡན་པར་བྱས། ཕྱིར་འཕྲོས་དམར་པོའི་མཐའ་ནས་འོད་ཟེར་མཐིང་གའི་གུར་ཁྱིམ་གྱིས་བསྐོར་བས་དྲག་པོའི་ལས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་ལྗང་གུའི་ཚོགས་འཕྲོས། ལས་རབ་འབྱམས་ཐམས་ཅད་འགྲུབ་པ་ལ་དབང་བར་བྱས། ཕྱིར་འཕྲོས་མཐིང་གའི་མཐའ་ནས་འོད་ཟེར་ལྗང་གུའི་གུར་ཁྱིམ་གྱིས་བསྐོར་བས་ལས་རབ་འབྱམས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་མཆིན་ཁའི་ཚོགས་འཕྲོས། ལས་དང་དངོས་གྲུབ་ཐམས་ཅད་ཀྱི་ནུས་པ་བརྟན་པར་བྱས། ཕྱིར་འཕྲོས་ལྗང་གུའི་མཐའ་ནས་འོད་ཟེར་མཆིན་ཁའི་གུར་ཁྱིམ་གྱིས་བསྐོར་བས་དེ་ཐམས་ཅད་བརྟན་པར་བྱས་པར་བསམ། འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་ཀྱང་དབྱིབས་སྒོ་ང་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ། སྲ་ཞིང་མཁྲེགས་པ་བསྐལ་བའི་རླུང་གིས་ཀྱང་གཞིག་པར་མི་ནུས་པ། བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོའི་མེ་ཏོག་ཁ་ཕྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམས། སྤྲོ་ན། ཡང་སྙིང་གའི་སྔགས་འཁོར་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། འོད་ཟེར་དྲུག་སྦྲགས་ཀྱི་ཕྱི་རོལ་ཏུ་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་དང་བཅས་པའི་བསྲུང་བའི་འཁོར་ལོས་ཕྱོགས་ཀུན་བར་མཚམས་མེད་པར་བསྐོར་བར་གྱུར་པར་བསམས་ལ། རང་ཉིད་རྗེ་བཙུན་མར་གསལ་བ་ནས་བཟུང་། གུར་ཁྱིམ་དྲུག་དང་། བསྲུང་འཁོར་གྱི་བར་ལ་སེམས་འཛིན་ཅིང་། སྔགས་བཟླ་བ་དང་རླུང་བཟུང་བ་སོགས་གང་མོས་མན་ངག་ལྟར་གྲུབ་རྗེས། ཡིག་བརྒྱ་བརྗོད་ཅིང་ལྷག་ཆད་བསྐང་། མཆོད་བསྟོད་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག ། ཅེས་དགེ་རྩ་བསྔོའོ། །གཉིས་པ་མདུན་བསྐྱེད་བསྒྲུབ་པ་ལ་ཐོག་མར་བསང་ཆུ་བསྒྲུབ་དགོས་པས་དེའི་ཚུལ་ནི། ལས་བུམ་གྱི་ནང་དུ་ཉི་གདན་ལ་ཧཱུཾ་ཡིག་གི་མཐར་ལས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པའི་ཆུ་ལ་ཐིམ་པར་བསམས་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ཅི་འགྲུབ་བཟླས་མཐར། ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་བསམ། དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་བྱིན་གྱིས་བརླབས་ལ། གཏོར་མ་ལ་བུམ་ཆུ་གཏོར་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་གཏོར་མ་དང་གཉིས་སུ་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ། ཞེས་པ་ནས། དབང་བསྐུར་རྒྱས་གདབ་ཀྱི་བར་བདག་བསྐྱེད་བཞིན་དང་། མཆོད་པ་སྔགས་རྐྱང་གིས་འབུལ་བའམ། སྤྲོ་ན། ཚིགས་བཅད་ཀྱིས་ཀྱང་རུང་ངོ་། ། འཕགས་མ་ཁྱེད་ཀྱི་མཚན་ཙམ་ཐོས་པས་ཀྱང་། །འཆི་བདག་བདུད་ཀྱི་དཔུང་རྣམས་འཇོམས་མཛད་ཅིང་། །འཆི་མེད་ཚེ་ཡི་དངོས་གྲུབ་མཆོག་སྩོལ་བ། །ཡིད་བཞིན་འཁོར་ལོའི་ཞབས་ལ་ཕྱག་འཚལ་ལོ། ། ཞེས་པས་བསྟོད། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་རིམ་པ་གསུམ་པ་དང་བཅས་པ། ལྟེ་བར་ཟླ་བའི་སྟེང་དུ་ཏཱཾ་ཡིག་དཀར་པོའི་མཐར་ༀ་ཧཱའི་བར་དུ་ཆུད་པའི་སྤེལ་ཚིག་གིས་བསྐོར་བ། རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་བརྒྱད། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་བསྐོར། བར་པ་ལ་ཀཱ་ལི་གཡས་བསྐོར། ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་གཡས་སྐོར་དུ་འཁོད་པ་ཐམས་ཅད་ཀྱང་སྔགས་ཀྱི་རང་སྒྲ་སྒྲོག་ཅིང་ཚེའི་བདུད་རྩིའི་ཆར་འབེབས་བཞིན་པ་དང་། རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་མི་མ་ཡིན་རྣམས་ཀྱིས་བརྐུས་པ་དང་། ཡར་བ་དང་། འཐོར་བ་ཐམས་ཅད་དང་། འབྱུང་བ་ཆེན་པོ་ལྔའི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས། མདུན་གྱི་རྗེ་བཙུན་མའི་རིགས་བདག་གི་ཕྱག་གི་བུམ་པ་དང་ཐུགས་ཀའི་ཚེ་འཁོར་ལ་ཐིམ་པས་གཟི་བརྗིད་དང་། འཆི་བ་འཇོམས་པའི་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་འཕེལ་བར་གྱུར་ཅིག་སྭཱཧཱ། ཞེས་ཅི་མང་བཟླ། ཚེ་ཡི་བདུད་རྩི་དང་ཚེ་རིལ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ཚེའི་བདུད་རྩི་དང་། ཚེ་རིལ་རྣམས་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོར་གྱུར་པའི་རྩི་བཅུད་དང་སྨན་སྣ་ཚོགས་ལས་གྲུབ་པའི་འཆི་མེད་བདུད་རྩིའི་བཏུང་བ་དང་རིལ་བུ་སོ་སོའི་རྣམ་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་དང་ནུས་མཐུ་ཐམས་ཅད་བཀུག་ནས་ཚེའི་བདུད་རྩི་དང་རིལ་བུ་ལ་ཐིམ་པར་གྱུར་པར་བསམས་ལ། འབྲུ་གསུམ་གང་མང་དང་། གོང་གི་སྔགས་ཅི་མང་བཟླས་མཐར་ཡིག་བརྒྱས་བརྟན་པར་བྱ། གཏོར་མ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། འབྲུ་གསུམ་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ༀ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་མམ་བདུན་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། ། ཞེས་སོགས་ཀྱིས་བསྟོད་ཅིང་སློབ་མའི་དོན་དུ་གསོལ་བ་བཏབ། གསུམ་པ་ཚེ་དབང་བསྐུར་བའི་ཚུལ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། སློབ་མ་རྣམས་ཁྲུས་བྱས། ཕྱག་འཚལ་ཏེ་གྲལ་དུ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་བྱ། བགེགས་གཏོར་བཏང་། སློབ་དཔོན་ཡིད་བཞིན་འཁོར་ལོར་གསལ་བ་ལ་ཚེ་དབང་ཞུ་བའི་དོན་དུ་མཎྜལ་དབུལ་དུ་གཞུག །དེ་ནས། འོ་ལགས་སོ། །རང་ཅག་རྣམས་ཀྱིས་དལ་འབྱོར་གྱི་རྟེན་བཟང་པོ་ལན་གཅིག་རྙེད་པ་འདི་ཆུད་མ་ཟོས་པར་སྙིང་པོ་ཅི་ལོན་རེ་མཛད་དགོས། སྙིང་པོར་གྱུར་པ་ནི་རྒྱལ་བའི་བསྟན་པའི་སྙིང་པོ་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བ་ཞིག་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་རང་གཞན་གཉིས་ཀའི་དོན་མཐར་ཕྱིན་པ་བྱེད་པ་ཞིག་ཡིན་ལ། དེ་ལྟ་བུ་ཞིག་བྱེད་པ་ལ་ཐོག་མར་ཁོ་ནར་ཚེའི་ལྷ་ཁྱད་པར་ཅན་ཞིག་བརྟེན་ནས་ཚེ་བསྲིང་པར་བྱ་བ་གནད་ཆེ་བས། དེ་ཡང་རྗེ་བཙུན་སྒྲོལ་མ་འདི་ནི་སྤྱིར་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ལྷ་མོའི་གཟུགས་སུ་ཤར་བ་ཡིན་ཅིང་། ལྷག་པར་འབྲོམ་ཆོས་ཀྱི་རྒྱལ་པོ་ལ་རྗེ་བཙུན་མ་ཉིད་ཀྱིས། ཁྱོད་ཀྱི་རྗེས་འབྲངས་ཁོ་མོས་སྐྱོངས། །ཞེས་བཀའ་གདམས་ཀྱི་རྣམ་ཐར་གཙང་མ་འཛིན་པ་རྣམས་བུ་ལྟར་སྐྱོང་བ་ཞལ་གྱིས་བཞེས་ཤིང་། འདི་ཉིད་ཁུངས་གང་ལས་བྱུང་བ་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་འཆི་བདག་བསླུ་བ་བསྡུས་པའི་རྟོག་པ་ནས་འདི་ཕྱུང་ནས་མཛད། མན་ངག་རྣམས་སྒྲོལ་མ་ཉིད་ཀྱིས་གསུངས། དེ་ལ་བླ་མ་རྡོ་རྗེ་གདན་པས་གསན། སྒྲུབ་ཐབས་ཀྱང་མང་དུ་མཛད། དེ་ནས་བླ་མ་བ་རི་ལོ་ཙཱ་བས་གསན་ནས་སྒྲུབ་ཐབས་མང་པོ་བོད་དུ་བསྒྱུར། དེ་ལ་བླ་མ་སླེ་ནག་པས་གསན། སྒྲུབ་པ་ལོ་དྲུག་མཛད་པས་ཞལ་མངོན་སུམ་དུ་གཟིགས་ཏེ་ཆོས་གསུང་སྐད། དེ་ལ་སྒྲེ་པ་རིན་པོ་ཆེས་གསན་ཏེ། དང་པོར་ཐོས་བསམ་མཛད་དུས་སུ། ལ་སྟོད་པའི་སྟག་རིས་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་ལ་ལག་རིས་བསྟན་པས་ཇོ་བོ་བཙུན་པ་ཁྱོད་ལ་ཆོས་ཀྱི་ལས་འཕྲོ་གཤའ་མ་ཞིག་འདུག་སྟེ་ཚེ་ལོ་གསུམ་ལས་མི་ཐུབ་པར་འདུག་ཟེར་བ་དང་། སྔར་ནས་ཁོ་རང་གི་རྨི་ལམ་ན་ལྟས་ཡང་མང་དུ་བྱུང་བ་གཉིས་འཛོམས་པས་ཚེ་འདི་ལ་གཤའ་མར་ཐུགས་བྱུང་སྟེ། ལོ་གཅིག་ཐུབ་བམ་ཅི་ཙམ་གང་ཐུབ་ཐུབ་ཀྱི་ཚེ་ལྷག་མ་འདི་ལ་ཆོས་ལག་ལེན་གཤའ་མ་ཞིག་བྱས་ན་བཟང་བར་གདའ། གདམས་ངག་ཁྱད་པར་ཅན་སྟོན་པའི་དགེ་བའི་བཤེས་གཉེན་གཅིག་བཙལ་དགོས་སྙམ་དུ་དགོངས་ནས་གསན་འཕྲོ་བཅད་དེ། དབུས་སུ་བྱོན་པའི་ལམ་ཁར་སྙེ་མོ་གཞུ་མཁར་གོང་དུ་བླ་མ་སླེ་ནག་པ་དང་མཇལ་ནས་ལོ་རྒྱུས་ཞུས་པས་བྱང་ཆུབ་བསྒྲུབ་པ་ལ་ལམ་གྱི་བར་ཆད་སེལ་བའི་ཐབས་ཁྱད་པར་ཅན་ང་ལ་ཡོད་ཀྱི། སྟོན་པ་ཁྱེད་ཐུགས་བདེ་འབོལ་གྱིས་ཤིག་གསུངས་ནས་འདིའི་སྒྲུབ་ཐབས་གདམས་ངག་དང་བཅས་པ་མ་ལུས་པ་གནང་། ད་ཁྱེད་ཀྱིས་གཞན་དུ་མ་འགྲོ་བར་འདི་ག་རང་དུ་སྡོད་ལ་སྒོམས་ཤིག་གསུངས་ནས། ལུང་པ་དེ་རང་གི་ལུང་ལག་མཁར་ལུང་བྱ་བ་ཞིག་གི་ཕུར་སྒྲུབ་པ་ལ་རྩེ་གཅིག་ཏུ་མཛད་པས་ཟླ་བ་གཅིག་ལོན་ཙ་ན་རྗེ་བཙུན་མའི་ཞལ་མངོན་སུམ་དུ་གཟིགས་ནས་ཁྱོད་ཀྱིས་ལོ་དྲུག་ཅུ་ཐུབ། སེམས་ཅན་ལ་ཕན་ཐོག་པར་འོང་གསུངས། དེ་ནས་ཕྱིས་དགུང་ལོ་དྲུག་ཅུ་ལོན་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས་ངའི་སྐུ་གཅིག་བཞེངས་དང་། ལོ་བཅུ་གཅིག་སྡོད་པར་འདུག་གི་གསུངས་པས་རས་བྲིས་གཅིག་བཞེངས་སྐད། དགུང་ལོ་བདུན་ཅུ་བཞེས་པའི་དུས་སུ་གསོལ་བ་བཏབ་པས་ཡང་སྐུ་གཅིག་བཞེངས་དང་། ལོ་བཅུ་ཐུབ་པར་འདུག་གསུངས་པས་ལུགས་མ་གཅིག་བཞེངས་སྐད། སྐུ་དེ་གཉིས་བྱིན་རླབས་ཆེ་བར་གྲགས་ཏེ། རས་བྲིས་དེ་ད་ལྟའང་རྭ་སྒྲེང་ན་བཞུགས་སྐད། དགུང་ལོ་བརྒྱད་ཅུ་བཞེས་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས་ད་དུང་ངའི་སྐུ་གཅིག་བཞེངས་ན་ལོ་མང་དུ་ཐུབ་པར་འདུག་གསུངས་པ་ལ། ཁོ་རང་བཞུགས་པའི་མདུན་གྱི་གྱང་ལོགས་ལ་གཅིག་བཞེངས་ཏེ་དགུང་ལོ་དགུ་བཅུ་གོ་ལྔ་བཞུགས་པར་གྲགས། ལྷ་མོ་འདི་ལ་གསོལ་བ་བཏབ་ན་ཚེ་རིང་བར་མ་ཟད་ཤེས་རབ་ཀྱང་ཆེས་ཆེར་འཕེལ་བར་འགྱུར་བ་རྒྱལ་བ་དགེ་འདུན་གྲུབ་པ་སོགས་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལས་འབྱུང་བ་ལྟར་ཡིན་ལ། དེ་ལྟ་བུའི་རྗེ་བཙུན་ཡིད་བཞིན་འཁོར་ལོའི་ཚེ་དབང་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ལ་བརྟེན་ནས་གྲུབ་རྒྱལ་ཚེ་དབང་གི་རྒྱས་འགེབས་མཛད་པའི་བཀའ་སྲོལ་ཞིག་སློབ་བརྒྱུད་ཐུན་མོང་མིན་པ་དག་ལ་སྙན་ནས་སྙན་དུ་བརྒྱུད་དེ། བདག་གི་དྲིན་ཅན་རྩ་བའི་བླ་མའི་བར་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་བྱོན་པའི་གདམས་པ་ཁྱད་པར་ཅན་ཡིན་པས། ཡིད་ཆེས་ཀྱི་དད་པ་བརྟན་པོ་མཛོད་ལ། ཚེ་དབང་ཟབ་མོ་འདི་ཞུ་བའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ངོ་བོ་དཔལ་ལྡན་བླ་མ་ཡིས། །བདག་ལ་ཡིད་བཞིན་འཁོར་ལོ་ཡི། །ཚེ་དབང་ཟབ་མོ་སྩལ་དུ་གསོལ། ། ལན་གསུམ་རྗེས་ཟློས་བྱ། དེ་ནས་ཁྱེད་རང་རྣམས་ཐུགས་བསམ་འདི་བཞིན་དུ་མཛོད། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རང་གི་དྲིན་ཅན་གྱི་མ་ཤ་སྟག་ཡིན་ཞིང་། མ་དེ་རྣམས་འཁོར་བའི་གནས་ན་སྡུག་བསྔལ་དུ་མས་ཉམ་ཐག་པ་ལ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ངེས་པར་ཐོབ་དགོས་པར་འདུག །དེའི་ཕྱིར་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པའི་འདུན་པ་ཤུགས་དྲག་པོ་དང་། དེའི་ངང་ནས་འདུག་གནས་འདི་ཉིད་ཀྱང་ཐ་མལ་པ་མ་ཡིན་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུའི་རྗེ་བཙུན་མའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དངོས་ཡིན་སྙམ་པ་དང་། བླ་མ་ཡང་ཐ་མལ་པ་འདི་ལྟ་བུ་མ་ཡིན་པར་རྗེ་བཙུན་ཡིད་བཞིན་འཁོར་ལོ་དངོས་སུ་བཞུགས་པར་མོས་ཤིང་། མདུན་གྱི་ཚེ་གཏོར་འདི་ཉིད་ཀྱང་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་ཟླ་གཞོན་ལྟར་དཀར་ཞིང་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་ཞིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་རིགས་བདག་རྒྱལ་བ་ཚེ་དཔག་དུ་མེད་པས་དབུ་བརྒྱན་པ་འོད་ཟེར་ཕྱོགས་བཅུར་འཕྲོ་བཞིན་པ་དང་། དེ་ཉིད་ཀྱི་སྟེང་གི་ནམ་མཁར་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་དང་། མཐའ་སྐོར་དུ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྤྲིན་ཕུང་འཐིབ་པ་ལྟར་བཞུགས་པར་གསལ་ཐོབ་ལ། དེ་རྣམས་ཀྱི་སྤྱན་སྔར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་ཤིང་དགེ་ལ་རྗེས་སུ་ཡི་རང་བ་སྔོན་དུ་བཏང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པའི་སྒོ་ནས་བྱང་སྡོམ་འཛིན་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྤྲད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། ཞེས་སོགས་རྗེས་ཟློས་ལན་གསུམ་བྱ། དེ་ནས་ཚེ་དབང་གི་གཞི་བསྒྲུབ་པའི་སླད་དུ་ཁྱེད་རང་རྣམས་ལྷར་བསྐྱེད་དགོས་པས་ངེད་ཀྱིས་ཆོ་གའི་ཚིག་བརྗོད་པ་ལྟར་ཁྱེད་རྣམས་སྟོང་པའི་ངང་ལས་རྒྱལ་ཡུམ་སྒྲོལ་མ་དཀར་མོའི་སྐུར་བཞེངས་པའི་མོས་པ་མཛོད། བྱས་ལ། སློབ་མ་ལ་བུམ་ཆུ་གཏོར་ཞིང་། ཨ་མྲྀ་ཏས་བགེགས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་སློབ་མ་རྣམས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ། ཞེས་པ་ནས། ཧཱུཾ་སྔོན་པོས་མཚན་པར་གྱུར། ཅེས་བརྗོད། གཉིས་པ་དངོས་གཞི་ཚེའི་དབང་བསྐུར་བ་ལ། ཚེ་གཏོར་ལ་བརྟེན་ནས་བསྐུར་བ། ཚེའི་བདུད་རྩི་ལ་བརྟེན་ནས་བསྐུར་བ། ཚེ་རིལ་ལ་བརྟེན་ནས་བསྐུར་བ། ཚེ་སྤེལ་བ་དང་བཞི། དང་པོ་ལ་ཡར་བ་དགུག་པ། ཉམས་པ་གསོ་བ། ཚེ་བསྟིམ་པ་དང་གསུམ་མོ། །དང་པོ་ཚེ་ཡར་བ་དགུག་པ་ནི། ཁྱེད་རང་རྣམས་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོ་མཛད་པའི་རྐྱེན་གྱིས། བླ་མ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་དང་ཕྱག་གི་བུམ་པ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཁམས་གསུམ་ཐམས་ཅད་ཁྱབ་པར་འཕྲོས། ཁྱེད་རང་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འཆི་བདག་གཤིན་རྗེ་བདུད་བཙན་མ་མོ་རྒྱལ་པོ་ལ་སོགས་པ་གདོན་བགེགས་འབྱུང་པོ་མི་མ་ཡིན་རྣམས་ཀྱིས། ཁྱེད་རང་རྣམས་ཀྱི་ཚེ་སྲོག་དང་བསོད་ནམས་ལ་སོགས་པ་འཕྲོག་ཅིང་བརྐུས་ཏེ་ཁྱེར་བ་དང་ཡར་བ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་འུབས་ཀྱིས་བསྡུས་ཏེ་འཆི་མེད་ཚེའི་གང་བའི་བུམ་པ་དང་ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་པ་རྣམས། མདུན་གྱི་གནས་ན་བཞུགས་པའི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀའི་ཚེའི་འཁོར་ལོ་དང་སྐུའི་ཆ་རྣམས་ལ་ཐིམ། དེ་དག་ལས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཅན་དཔག་ཏུ་མེད་པ་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁྲིག་མེར་གྱིས་གང་བས། སྡིག་སྒྲིབ་ནད་གདོན་ཚེའི་བར་ཆད་སྦྱངས། ཚེ་ཡར་ཞིང་ཉམས་པ་རྣམས་སོར་ཆུད། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྤྲོད་ཅིང་རང་ཡང་དེ་ལྟར་བསྒོམས་ནས་ཚེ་གཏོར་བཏེག་ལ། དྲིལ་བུ་གསིལ་ཞིང་། ཏཱ་རེ་སྤེལ་ཚིག་དང་བཅས་གང་མང་དང་། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །ཚེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག ། ཅེས་པ་དང་། རྒྱན་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། ། ཞེས་སོགས་ཤོ་ལོ་ཀ་གཅིག་བརྗོད་ཅིང་མེ་ཏོག་འཐོར། དེས་ཚེ་ཡར་བ་འགུགས་པ་སོང་། གཉིས་པ་ཉམས་པ་གསོ་བ་ལ་གསུམ་ལས། ཚེ་ཉམས་པ་གསོ་བ་ནི། སླར་ཡང་མདུན་གྱི་རྗེ་བཙུན་མའི་རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། འཇིག་རྟེན་ཁམས་ཀྱི་འབྱུང་བ་སའི་རོ་བཅུད་ནུས་མཐུ་ཐམས་ཅད་འོད་དང་བདུད་རྩི་སེར་པོ་གསེར་ཞུན་མའི་མདོག་ཅན་གྱི་རྣམ་པ་དང་། ཆུའི་བཅུད་ཐམས་ཅད་འོད་དང་བདུད་རྩི་དཀར་པོ་འོ་མའི་མདོག་ཅན་གྱི་རྣམ་པ་དང་། མེའི་བཅུད་ཐམས་ཅད་འོད་དང་བདུད་རྩི་དམར་པོ་དྲོད་ཀྱི་རང་བཞིན་མཚལ་ཅོག་ལ་མའི་མདོག་ཅན་གྱི་རྣམ་པ་དང་། རླུང་གི་བཅུད་ཐམས་ཅད་འོད་དང་བདུད་རྩི་ལྗང་གུ་མརྒད་ཀྱི་མདོག་ཅན་གྱི་རྣམ་པ་དང་། ནམ་མཁའི་བཅུད་ཐམས་ཅད་འོད་དང་བདུད་རྩི་སྔོན་པོ་མཐིང་ཞུན་མའི་མདོག་ཅན་གྱི་རྣམ་པ་ཅན་དཔག་ཏུ་མེད་པ་བཀུག་སྟེ། རྗེ་བཙུན་མའི་སྐུ་དང་ཚེའི་འཁོར་ལོ་ལ་ཐིམ། དེ་ལས་ཀྱང་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ནད་གདོན་ཚེའི་བར་ཆད་ཐམས་ཅད་སྦྱངས། འབྱུང་བ་ལྔའི་བཅུད་དང་ཚེ་ཉམས་པ་རྣམས་སོར་ཆུད། ལུས་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་བརྗོད། ཅེས་དང་། སྔགས་དང་བདེན་བརྗོད་སྔར་བཞིན་ལ། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། ཅེས་བརྗོད། དེ་ལྟར་ཚེ་ཉམས་པ་གསོས་ནས། ད་སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི། སྔར་བཞིན་མདུན་གྱི་རྗེ་བཙུན་མའི་རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་མཐུ་བོ་ཆེ་རྣམས་ཀྱི་དཔལ་འབྱོར་དང་མཐུ་སྟོབས། ཉི་ཟླ་གཟའ་སྐར་ལ་སོགས་པའི་བཀྲག་མདངས་གཟི་བརྗིད། བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་རྣམས་ཀྱི་བྱིན་རླབས། གྲུབ་ཐོབ་རྣལ་འབྱོར་པ་རྣམས་ཀྱི་ཉམས་རྟོགས། མཁས་པ་པཎྜི་ཏ་རྣམས་ཀྱི་མཁྱེན་རབ། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་རྒྱལ་བློན་བཙན་ཕྱུག་ལ་སོགས་པའི་བསོད་ནམས་དང་མངའ་ཐང་། འཆི་མེད་ཚེའི་རིག་འཛིན་བརྙེས་པ་རྣམས་ཀྱི་འཆི་མེད་ཚེའི་ཡེ་ཤེས་དང་། འཆི་བ་འཇོམས་པའི་སྔགས་དང་ཏིང་ངེ་འཛིན་གྱི་ནུས་མཐུ་ལ་སོགས་པ་འཇིག་རྟེན་ཁམས་ཀྱི་ལེགས་ཚོགས་དཔལ་འབྱོར་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་པའི་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། འོད་དང་བདུད་རྩི་ལ་སོགས་པའི་རྣམ་པར་རང་དབང་མེད་པར་བསྡུས་ཏེ། མདུན་གྱི་རྗེ་བཙུན་མའི་ཐུགས་ཀའི་ཚེ་འཁོར་ལ་ཐིམ། དེ་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ནད་གདོན་ཚེའི་བར་ཆད་སྦྱངས། སྟོབས་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ཐོབ། འཆི་མེད་ཚེའི་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་སོང་སྙམ་པའི་མོས་པ་མཛོད། ཅེས་དང་། སྔགས་དང་བདེན་བརྗོད་སྔར་བཞིན་དང་། བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། ། ཞེས་ཤོ་ལོ་ཀ་གཅིག་བརྗོད། དེ་ལྟར་སྟོབས་དང་བསོད་ནམས་ཉམས་པ་གསོས་ནས། ད་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་ཞིང་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་སྒོ་ནས་ཚེ་བསྲིང་བར་བྱ་བ་ནི། ཁྱེད་རང་རྣམས་བླ་མ་ལ་མོས་གུས་ཤུགས་དྲག་པོ་མཛད་པའི་རྐྱེན་གྱིས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་དང་། ཁྱད་པར་དུ་བདེ་བ་ཅན་སོགས་ན་བཞུགས་པའི་རྒྱལ་ཡུམ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ། རྒྱལ་བ་ཚེ་དཔག་མེད་སོགས་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་དང་སྔགས་དང་ཡིག་འབྲུ་ཕྱག་མཚན་ས་བོན་ལ་སོགས་པ་དང་། འཆི་མེད་ཚེའི་བདུད་རྩི་འོད་ཟེར་དང་བཅས་པ་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་གནས་གསུམ་དུ་ཐིམ། ཐིམ་པ་ལས་ཀྱང་ཚེའི་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཐིམ་པས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་གཞན་གྱི་སྲོག་བཅད་པ་སོགས་ལུས་ངག་ཡིད་གསུམ་ལ་བརྟེན་པའི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། སྒོ་གསུམ་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཅེས་དང་། སྔགས་དང་བདེན་བརྗོད་གོང་བཞིན་བྱ། མི་འགྱུར་ལྷུན་པོ་སོགས། གསུམ་པ་ཚེ་བསྟིམ་པ་ནི། བླ་མ་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་བཞུགས་པ་ལ། ངེད་ཀྱིས་གསོལ་བ་བཏབ་པའི་ཚེ་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྗེ་བཙུན་མའི་སྐུའི་ཆ་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། ཁྱེད་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ། ལུས་ཀྱི་ནང་ཐམས་ཅད་གང་བས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དང་། ཁྱད་པར་དུ་ཚེ་ཐུང་འགྱུར་གྱི་སྡིག་སྒྲིབ་དང་ཚེའི་བར་ཆད་ཐམས་ཅད་དུད་ཁུ་དང་སོལ་ཁུ་ལ་སོགས་པའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ནག་འདུར་གྱིས་ཐོན་ནས་བྱང་ཞིང་དག །ལུས་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། མཐར་ངེད་ཀྱིས་ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པའི་ཚེ་སྟེང་གི་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། མཐའ་སྐོར་གྱི་ཞི་ཁྲོ་རབ་འབྱམས་ཐམས་ཅད་རྗེ་བཙུན་མ་ལ་ཐིམ། དེ་ཉིད་ཀྱི་སྐུ་ལས་རང་འདྲ་གཉིས་པ་རེ་ཆད་དེ་འཆི་མེད་བདུད་རྩིའི་རང་བཞིན་དུ་ཞུ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་གྱུར་ཏེ། འཆི་མེད་ཚེའི་རིག་འཛིན་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག ། ཅེས་བརྡ་སྤྲད་དེ་གཏོར་མ་མགོར་བཞག་ལ། ཕྱོགས་བཅུ་དུས་གསུམ་གྱི་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྒྱལ་བ་ཚེ་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །རྒྱལ་ཡུམ་ཡིད་བཞིན་འཁོར་ལོས་བྱིན་གྱིས་རློབས་ཤིག །མཉམ་མེད་སྒྲེ་པ་ཆེན་པོས་བྱིན་གྱིས་རློབས་ཤིག །སྒམ་པོ་པ་ཟླ་འོད་གཞོན་ནུས་བྱིན་གྱིས་རློབས་ཤིག །ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་བྱིན་གྱིས་རློབས་ཤིག །གྲུབ་ཆེན་ལས་ཀྱི་རྡོ་རྗེས་བྱིན་གྱིས་རློབས་ཤིག །རྗེ་བཙུན་འཇམ་དཔལ་སྙིང་པོས་བྱིན་གྱིས་རློབས་ཤིག །ཕྱག་ན་པདྨོ་དགེ་འདུན་གྲུབ་པས་བྱིན་གྱིས་རློབས་ཤིག །མཁས་གྲུབ་ནོར་བཟང་རྒྱ་མཚོས་བྱིན་གྱིས་རློབས་ཤིག །རྒྱལ་དབང་དགེ་འདུན་རྒྱ་མཚོས་བྱིན་གྱིས་རློབས་ཤིག །པཎ་ཆེན་བསོད་ནམས་གྲགས་པས་བྱིན་གྱིས་རློབས་ཤིག །ཨེ་པ་ཤེས་རབ་རྒྱལ་པོས་བྱིན་གྱིས་རློབས་ཤིག །མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བྱིན་གྱིས་རློབས་ཤིག །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བྱིན་གྱིས་རློབས་ཤིག །རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་བྱིན་གྱིས་རློབས་ཤིག །པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་བྱིན་གྱིས་རློབས་ཤིག །རྒྱལ་དབང་བསྐལ་བཟང་རྒྱ་མཚོས་བྱིན་གྱིས་རློབས་ཤིག །རྒྱལ་མཁན་ཆེན་སྐལ་བཟང་རབ་རྒྱས་ཀྱིས་བྱིན་གྱིས་རློབས་ཤིག །སྤྲུལ་སྐུ་བློ་བཟང་འཕྲིན་ལས་རྒྱ་མཚོས་བྱིན་གྱིས་རློབས་ཤིག །མང་ཐོས་སྐལ་བཟང་ཡོན་ཏན་གྱིས་བྱིན་གྱིས་རློབས་ཤིག །མཁན་ཆེན་གྲགས་པ་མཁས་གྲུབ་ཀྱིས་བྱིན་གྱིས་རློབས་ཤིག །བཤེས་གཉེན་གྲགས་པ་ཀླུ་སྒྲུབ་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་འཆང་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་དཔལ་བཟང་པོས་བྱིན་གྱིས་རློབས་ཤིག །འཇོག་རི་ངག་དབང་འབྱོར་ལྡན་གྱིས་བྱིན་གྱིས་རློབས་ཤིག །དྲིན་ཅན་རྩ་བའི་བླ་མ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོས་བྱིན་གྱིས་རློབས་ཤིག ། ཅེས་པ་ལྟ་བུ་རང་རང་གིས་གང་ལས་ཐོབ་པའི་བླ་མ་བརྒྱུད་པའི་རིམ་པ་ཇི་ལྟ་བ་བཞིན་སྦྱོར། དེ་ནས། བཅོམ་ལྡན་འདས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སློབ་མ་འདི་རྣམས་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བར་ཆད་དང་ཆགས་སྒོ་ཉམ་ང་ཡོད་པ། སྟེང་འོག་བར་གསུམ་གྱི་གདོན་བགེགས་འབྱུང་པོའི་གནོད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་སོགས་ཉེ་བར་ཞི་ཞིང་དེ་དག་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པ་དང་སྦ་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། ཏཱ་རེ་སྤེལ་ཚིག་ཅན་གྱི་མཐར། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་དེ་བསྟིམ་ལ། སུ་པྲ་ཏིཥྛས་བརྟན་པར་བྱ། དེས་ཚེ་གཏོར་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། གཉིས་པ་ཚེའི་བདུད་རྩི་ལ་བརྟེན་ནས་དབང་བསྐུར་བ་ནི། ཕྱིའི་བདུད་རྩི་རྣམ་ལྔ་སྦྱངས་རྟོགས་སྦར་གསུམ་བྱས་པའི་དམ་རྫས་ཁྱད་པར་ཅན་འདི་ཉིད་ཁྱེད་རང་རྣམས་ཀྱིས་ཞལ་དུ་གསོལ་བས་ལུས་ཀྱི་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་། རྩ་རླུང་ཐིག་ལེའི་ནུས་པ་ཉམས་པ་ཐམས་ཅད་སོར་ཆུད། ལུས་སེམས་བདེ་བས་ཁྱབ། ཚེའི་བར་ཆད་ཐམས་ཅད་ལས་གྲོལ་ཏེ། འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་བའི་མོས་པ་མཛོད། བྱས་ལ། འགྱུར་མེད་ཡེ་ཤེས་ལྔ་ཡི་རང་བཞིན་གྱི། །དམ་རྫས་འཆི་མེད་ཚེ་ཡི་བདུད་རྩི་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་པས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་གྱུར་ཅིག ། ཅེས་དང་། སྙིང་པོ་བརྗོད་ལ་བྱིན། དེས་ཚེའི་བདུད་རྩི་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། གསུམ་པ་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། སྨན་སྣ་བཞི་བརྒྱ་རྩ་བཞིའི་རང་བཞིན་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་པའི་འཆི་མེད་ཚེའི་བཅུད་ལེན་གྱི་རིལ་བུ་འདི་ཉིད་ཁྱེད་རང་རྣམས་ཀྱིས་གསོལ་བ་ལ་བརྟེན་ནས། ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་སྦྱོང་ཞིང་། ལུས་ཀྱི་ཟུངས་སྲོག་གི་རྟེན་རྒྱས། དུས་མ་ཡིན་པའི་འཆི་རྐྱེན་ལས་གྲོལ་ཏེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། བྱས་ལ། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་ཟ་བར་གྱིས། །འདི་ཟོས་རྒྱལ་ཡུམ་ཚེ་སྦྱིན་མ། །ཞལ་ཟས་བསྟེན་པས་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། ། ཞེས་དང་སྙིང་པོ་བརྗོད་ལ་སྦྱིན། དེས་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། བཞི་པ་ཚེ་སྤེལ་བའི་ཕྱིར་བདེན་ཚིག་གི་ཤིས་པ་བརྗོད་པ་ནི། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁར་རྒྱལ་ཡུམ་ཡིད་བཞིན་འཁོར་ལོ་ལ་ཆོས་འདིའི་བརྒྱུད་པའི་བླ་མ་རྣམས་དང་། གཞན་ཡང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་དང་མིའི་རིག་འཛིན་བརྙེས་པ་རྣམས་ཀྱིས་བསྐོར་ནས་བཞུགས་པ་རྣམས། ཁྱེད་རྣམས་ཀྱི་ཚེ་སྤེལ་བའི་ཕྱིར་སློབ་དཔོན་དང་ལྷན་ཅིག་མེ་ཏོག་གི་ཆར་འབེབས། རོལ་མོའི་སྒྲ་སྒྲོག །སྙན་པའི་གླུ་དབྱངས་ཀྱིས་ཤིས་བརྗོད་མཛད་པའི་མོས་པ་མཛོད། བྱས་ལ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག ། ཅེས་དང་། དེ་བཞིན་དུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཅེས་རིམ་བཞིན་སྦྱར་ཏེ་བདེན་སྟོབས་བརྗོད་ལ་མེ་ཏོག་གི་ཆར་དབབ་བོ། །བསྡུ་ན། ཕྱིན་དྲུག་སྟོབས་ཀྱིས་ཞེས་སོགས་སྤྱི་ལྟར་བྱའོ། ། འོ་དེ་ལྟར་ཁྱེད་རྣམས་ཀྱིས་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་དགའ་སྤྲོ་ཆེན་པོ་མཛད་པ་དང་། ད་ནས་བཟུང་སྟེ་རྒྱལ་ཡུམ་ཡིད་བཞིན་འཁོར་ལོ་ཡི་དམ་དུ་བཟུང་ཞིང་། སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་བར་བྱའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བྱས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། ། ཞེས་ལན་གསུམ་བརྗོད་དུ་གཞུག ། དེས་བྱིན་རླབས་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ལུགས་ཀྱི་རྗེ་བཙུན་འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བརྟེན་པའི་ཚེ་དབང་ཟབ་མོ་བླ་མ་དམ་པའི་ཕྱག་བཞེས་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན་པས་གཏང་རག་གི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྤྲད་ལ་མཎྜལ་འབུལ་དུ་གཞུག་གོ །གསུམ་པ་མཇུག་གི་བྱ་བ་ནི། སློབ་དཔོན་གྱིས་གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ་མདུན་བསྐྱེད་ཀྱི་ལྷ་ལ་མཆོད་ཅིང་བསྟོད། ཡིག་བརྒྱ་བཟླས་ལ། མ་རྙེད་ཡོངས་སུ་མ་ཤེས་དང་། ། ཞེས་སོགས་བརྗོད་དེ་ནོངས་པ་བཟོད་པར་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །རྒྱལ་ཡུམ་སྒྲོལ་མ་འགྲུབ་གྱུར་ནས། ། ཞེས་སོགས་དང་། རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། ། ཞེས་སོགས་དང་། དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཡིད་བཞིན་འཁོར་ལོའི་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག ། ཅེས་བསྔོ་སྨོན་ཅི་རིགས་སུ་བྱ། ཚེ་བུམ་གྱི་ཡེ་ཤེས་པ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། ཅེས་སོགས་ཀྱིས་གཤེགས་སུ་གསོལ་བའམ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། ། ཞེས་སོགས་ཀྱི་མཐར། སུ་པྲ་ཏིཥྛ་བརྗོད་དེ་རྟེན་ལ་བརྟན་བཞུགས་བྱས་ལ། དམ་ཚིག་པ་བདག་ཉིད་ལ་བསྟིམ། ཤིས་བརྗོད་གང་རིགས་ཀྱིས་མཐའ་བརྒྱན་པར་བྱའོ། ། སྨྲས་པ། གང་གི་མཚན་སྙན་རྣ་བར་ལྷུང་བའི་མོད། །འཆི་བདག་སྡེ་བཅས་མིང་གི་མཐར་མཛད་པའི། །ལྷག་པའི་ལྷ་མོ་གངས་རིའི་མདངས་འཕྲོག་མས། །ཚེ་ཡི་དཔལ་སྟེར་ཤིས་པའི་མཆོག་སྩོལ་ཅིག །གང་དེའི་འཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཚུལ། །ཐུགས་ཀྱི་ཡོལ་གོར་གཏམས་པའི་བདུད་རྩིའི་དཔྱིད། །བརྒྱུད་ལྡན་བླ་མའི་ཞལ་ཆབ་མངར་བོའི་རྒྱུན། །ཅི་དགར་མྱོང་བའི་སྐལ་བཟང་འདི་ན་ཀོ །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །བླ་མ་ལྷ་ཡི་སྤྱན་སྔར་མཐོལ་བཤགས་ནས། །དགེ་བའི་འབྲས་བུས་བསྟན་འཛིན་མཆོག་རྣམས་དང་། །འགྲོ་ཀུན་འཆི་མེད་དཔལ་ལ་སྤྱོད་གྱུར་ཅིག ། ཅེས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྐུར་ཚུལ་བླ་མ་དམ་པའི་མན་ངག་འཆི་མེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། མང་ཐོས་གདམས་པའི་མངའ་བདག་ལྷ་བཙུན་མཆོག་སྤྲུལ་རིན་པོ་ཆེས་ཆོག་སྒྲིག་ཅིག་དགོས་ཞེས་བཀའ་སྩལ་བའི་ཐོག །ལུང་རྟོགས་ཡོན་ཏན་དུ་མའི་མཛོད་འཛིན་བྱང་རྩེ་ཆོས་རྗེ་ལྷུན་གྲུབ་བརྩོན་འགྲུས་རིན་པོ་ཆེ་ནས་ཀྱང་ནན་ཏན་ཆེན་པོས་བཀའ་སྩལ་དང་དུ་བླངས་ཏེ། ཁྲི་ཆེན་ངག་དབང་ཆོས་འཕེལ་གྱི་སྐྱེ་མིང་འཛིན་པ་ངག་དབང་གསུང་རབ་མཐུ་སྟོབས་ཏུ་འབོད་པས་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ལ་བརྟེན་ནས་གྲུབ་རྒྱལ་ལུགས་ཚེ་དབང་གི་རྒྱས་འགེབས་མཛད་པའི་ཕྱག་བཞེས་མ་ཉམས་པ་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེའི་གསུང་རྒྱུན་བླ་མ་དམ་པའི་ཞལ་ལུང་ལྟར་ནོར་གླིང་རང་ཤག་ཏུ་བཀོད་པ་ཛ་ཡནྟུ།།znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
༄༅། །མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བསྐུར་བའི་ཆོ་ག་ཇི་ལྟར་བྱ་ཚུལ་འཁྱེར་བདེ་བར་བཀོད་པ་བཞུགས་སོ། །znrརྗེ་ཙོང་ཁ་པའི་དྲ་བ།

znrརྗེ་ཙོང་ཁ་པའི་དྲ་བ།
རྗེ་བཙུན་བླ་མ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་དུ་གསོལ། དེ་ལ་འདིར་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བྱ་ཚུལ་དམ་པའི་ཕྱག་ལེན་ནག་འགྲོས་སུ་བཀོད་པ་ལ། ཐོག་མར་རྟེན་གྱི་དྲུང་དུ་སྟེགས་ཀྱི་ཁར་དབུས་སུ་མཉྫི་སོགས་ཀྱི་སྟེང་དུ་ཚེ་བུམ་དང་། དེའི་གཡས་སུ་ཐོད་པའི་ནང་དུ་བདུད་རྩི་རིལ་བུ་བཏབ་པའི་ཚེ་ཆང་། གཡོན་དུ་ཚེ་རྫས་བཏབ་པའི་ཚེ་རིལ། དེའི་མདུན་དུ་མཆོད་གཏོར་རྣམས་ཕྱག་ལེན་ལྟར་ལེགས་པར་བཤམས། རང་གི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་འཐོར་ནས་གུལ་ཡུངས་བཅས་བཤམས། དེ་ནས་རང་ཉིད་སྟན་ལ་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་དབང་བསྐུར། ལུས་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རང་གི་བླ་མ་དང་གཉིས་སུ་མེད་པའི་སྤྲུལ་སྐུ་ཚེ་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། ནང་མཆོད་དང་མཆོད་པ་རྣམས་བླ་མེད་ལྟར་བྱིན་གྱིས་བརླབས། ཨོཾ་ཨ་པཱ་རི་མི་ཏ་ཨ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨ་པཱ་རི་མི་ཏ་ཞེས་སོགས་ལ། ཨོཾ་ཨཱཿཧཱུཾ། བཏགས་པའི་ནང་མཆོད་འབུལ། འཇིག་རྟེན་འདྲེན་པའི་གཙོ་བོ་ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟོད། བཟླས་པ་བྱ་བ་ནི། སྤྱི་བོའི་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོའི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་སྔགས་འཕྲེང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་རང་གི་ཚེ་འཆི་བདག་གཤིན་རྗེ་རྒྱལ་གདོན་ལ་སོགས་པ་རྣམས་ཀྱིས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་ལ་སོགས་པ་རྣམས་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བསྡུས། སྔགས་འཕྲེང་ལ་ཐིམ། དེ་བཞིན་དུ་འབྱུང་བ་རྣམས་ཀྱི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། རྒྱལ་བ་སྲས་བཅས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩིའི་འོད་ཟེར་གྱི་རྣམ་པར་བསྡུས། སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བ་ལས་བདུད་རྩི་དཀར་ཆིལ་གྱིས་ལུད་ནས་རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ཨ་མཱ་ར་ཎི་སོགས་ཀྱི་སྙིང་པོ་དང་གཟུངས་རིང་ཅི་འགྲུབ་བཟླ། མཇུག་ཏུ་ཡིག་བརྒྱ་དང་མཆོད་བསྟོད་མདོར་བསྡུས་བྱ། དགེ་བ་འདི་ཡིས་མྱུར་དུ་བདག ། ཅེས་སོགས་བརྗོད། དེ་ནས་ལས་བུམ་སྒྲུབ་པ་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ། མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་ཨ་མྲྀ་ཏའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་སྔགས་འཕྲེང་ས་བོན་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཞེས་སོགས་གང་མང་བཟླས་ནས། ཉི་དཀྱིལ་སྔགས་འཕྲེང་ས་བོན་དང་བཅས་པ་འོད་དུ་ཞུ་ནས་བུམ་ཆུ་ལ་ཐིམ་པར་གྱུར། ཅེས་བརྗོད། དེ་ནས་མདུན་བསྐྱེད་སྒྲུབ་པ་ལ། ལས་བུམ་གྱི་ཆུ་ནས་ཚེ་བུམ་ལ་འཐོར་བ་དང་བཅས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་དམར་པོ་ལྟོ་བ་ཆེ་བ་མགྲིན་པ་མཐོ་བ་མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པར་དཀྲིས་ཤིང་དཔག་བསམ་ཤིང་གིས་ཁ་བརྒྱན་པ་དྭངས་ཤིང་ཐོགས་པ་མེད་པ། ཕྱི་བུམ་པའི་རྣམ་པ་ཡིན་པ་ལ་ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ། དེའི་དབུས་སུ་པདྨ་ཟླ་བའི་གདན་གྱི་སྟེང་དུ་ཧྲཱིཿལས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་པ་ནས། བདག་མདུན་གྱི་ཚིག་བསྒྱུར་མ་གཏོགས་བསྟོད་པའི་བར་སྔར་བཞིན་བྱ། བཟླས་པའི་དམིགས་པ་ནི། ཚེ་བུམ་ཚེ་དཔག་མེད་དུ་གསལ་བའི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿའི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་དབང་བསྐུར་ཡུལ་གྱི་སློབ་མ་རྣམས་ཀྱི་ཚེ་ཡར་བ་འཐོར་བ་ལ་སོགས་པ་ཐམས་ཅད་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པ་དང་། དེ་བཞིན་དུ་འབྱུང་བ་ལྔའི་བཅུད་དང་སངས་རྒྱས་བྱང་སེམས་ཉན་རང་རྣམས་ཀྱི་སྐུ་ཚེའི་ཡོན་ཏན་དང་། མདོར་ན་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པ་དང་། བཀྲ་ཤིས་རྫས་བརྒྱད་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་འཕྲེང་ས་བོན་དང་བཅས་པ་ལ་བསྟིམ། ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཚེ་དཔག་མེད་ཀྱི་སྐུའི་རྣམ་པ་དཔག་ཏུ་མེད་པ་བྱུང་ནས་ཚེ་དཔག་མེད་ཀྱི་སྐུ་ལ་ཐིམ། དེ་བཞིན་དུ་གསུང་གི་ཡོན་ཏན་ཐམས་ཅད་ཚེ་གཟུངས་རིང་ཐུང་དང་། ཨཱ་ལི་ཀཱ་ལིའི་ཡིག་འབྲུའི་རྣམ་པ་དཔག་ཏུ་མེད་པ་བྱུང་ནས་ཚེ་དཔག་མེད་ཀྱི་མགྲིན་པར་ཐིམ། ཐུགས་ཀྱི་ཡོན་ཏན་ཐམས་ཅད་ས་བོན་ཧྲཱིཿཡིག་དང་ཕྱག་མཚན་བུམ་པའི་རྣམ་པ་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བ་བྱུང་ནས་ཚེ་དཔག་མེད་ཀྱི་ཐུགས་ཀར་སིབ་སིབ་ཐིམ། པའི་མོས་པ་དང་བཅས་གཟུངས་རིང་ཐུང་གང་འགྲུབ་བཟླ། ཡིག་བརྒྱ་དང་མཆོད་བསྟོད་མདོར་བསྡུས་བྱ། དེ་ནས་ཚེ་ཆང་ལ་དམིགས་ཏེ་བུམ་ཆུ་གཏོར་ནས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་སོགས་འཇིགས་བྱེད་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿཧཱུཾ། གང་མང་བཟླ། ཡང་ཚེ་རིལ་ལ་བུམ་ཆུ་གཏོར་ནས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ནད་རིགས་བཞི་བརྒྱ་རྩ་བཞི་སེལ་བའི་སྨན་སྣ་ཚོགས་ལས་གྲུབ་པའི་རིལ་བུ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཏེ་བསྟིམ་པས་འཆི་མེད་ཚེའི་རིལ་བུར་གྱུར། ཅེས་བརྗོད་ཅིང་བསམས་ལ་གཟུངས་རིང་ཐུང་ཅི་རིགས་བཟླའོ། །དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། མདུན་བསྐྱེད་ཀྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨ་པཱ་རི་མི་ཏ་ཞེས་སོགས་ཀྱི་མཇུག་ཏུ། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་ལ་ལན་ལྔ་ཙམ་གྱིས་གཏོར་མ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། སྔགས་ལ་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ། ཅེས་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ་བཟླ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་དང་སློབ་མ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་སློབ་མ་རྣམས་མདུན་དུ་བཀུག་ལ་བུམ་ཆུ་དང་འཐོར་ནས་བཀྱེ། བགེགས་གཏོར་བཏང་མཎྜལ་འབུལ་དུ་བཅུག་ལ་འདི་ལྟར་བརྗོད། འོ་རང་ཅག་རྣམས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་མི་ལུས་རྣམ་པར་དག་པ་ཐོབ། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། ཕྲད་པར་དཀའ་བའི་ལམ་མ་ནོར་བར་སྟོན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་། རང་གི་ངོས་ནས་བླང་དོར་གྱི་གནད་མ་ནོར་བ་ཤེས་པའི་དུས་འདིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་ད་ལྟ་ཉིད་ནས་མ་བྱས་ན། ནམ་འཆི་ལ་ངེས་པ་གཏན་ནས་མེད་ཅིང་སང་དང་འཇིག་རྟེན་ཕྱི་མ་གཉིས་སྔོན་དུ་གང་འོང་ཆ་མ་མཆིས་པས་ངེས་པར་འཆི་བ་ལས་མ་འདས། ཤི་བའི་འོག་ཏུ་མེད་དེ་མི་འགྲོ་བར་སྐྱེ་བ་ཞིག་ནི་ལེན་དགོས། སྐྱེ་ས་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས་གལ་ཏེ་ངན་འགྲོར་སྐྱེས་ན་དམྱལ་བ་རྣམས་ལ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དུད་འགྲོ་རྣམས་གླེན་ཞིང་གཏི་མུག་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཉིན་མཚན་ཁོར་ཡུག་ཏུ་མནར་དགོས་ལ། གལ་ཏེ་བདེ་འགྲོའི་རྟེན་ཞིག་ཐོབ་ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་ཅིང་མདོར་ན་ཁམས་གསུམ་འཁོར་བ་འདིར་སྐྱེས་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ཡིན་པས་འཁོར་བའི་གནས་ངན་འདི་ནས་ཐར་པ་ཞིག་ཅི་ནས་ཀྱང་བྱ་དགོས། དེ་ཡང་རང་གཅིག་པུ་ཐར་པས་མི་ཆོག་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྐྱེ་འཆི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་དོན་དུ་རང་གི་ཕ་མ་མ་བྱས་པ་གཅིག་ཀྱང་ངོས་འཛིན་རྒྱུ་མེད་ཅིང་། དྲིན་ཅན་འདི་རྣམས་འཁོར་བ་ལས་ཐར་པ་ཞིག་བདག་གིས་བྱ་དགོས་པར་འདུག །དེ་ཡང་ད་ལྟ་བདག་ལ་དེ་ལྟ་བུའི་ནུས་པ་མི་འདུག་ནུས་པ་སུ་ལ་ཡོད་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་པས་བདག་གིས་སངས་རྒྱས་ཀྱི་གོ་འཕང་ཞིག་ད་ལྟ་ཉིད་དུ་ཐོབ་པར་བྱ། དེའི་ཆེད་དུ་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་ཟབ་མོ་ཞུས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བདག་གིས་སྒྲུབ་པར་བྱའོ་སྙམ་པའི་བསམ་པ་དུང་དུང་བ་ཞིག་བསྐྱེད་དགོས། དེ་ཡང་ཆོས་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་རྗེ་བཙུན་མིད་ལ་རས་པ་དེ་ཉིད་ཀྱི་ཐུགས་སྲས་རས་ཆུང་རྡོ་རྗེ་གྲགས་པ་རྒྱ་གར་དུ་བྱོན་ནས། བླ་མ་མར་པའི་སྲས་དར་མ་མདོ་སྡེའི་སྐུའི་སྐྱེ་བ་ཏི་ཕུ་པ་གསང་སྔགས་སྡོང་པོའི་དྲུང་དུ་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཟབ་མོ་ཞུས་ནས་བོད་དུ་ཚུར་ཕེབས་ཁར་བླ་མ་ཏི་ཕུ་པས། བུ་ཁྱོད་དེ་རིང་གྲོང་ཁྱེར་གྱི་ཚོང་འདུས་ལ་ལྟད་མོ་བལྟ་བར་སོང་ཞིག་གསུངས་པས། རས་ཆུང་པས་དེ་བཞིན་དུ་ཚོང་འདུས་ཀྱི་དབུས་སུ་སོང་བ་དང་། དེར་རྣལ་འབྱོར་པ་སྔོ་སང་ངེ་བ་རྭ་དུང་བསྣམས་པ་ཞིག་དང་ཕྲད་པས། དེ་ཉིད་ཀྱིས་རས་ཆུང་པ་ལ་སྤྱན་ཆེར་གཟིགས་ནས། བོད་ཀྱི་མི་ཆུང་རྣལ་འབྱོར་པ་ཁྱོད་མཛེས་སྡུག་ལང་ཚོ་དང་ལྡན་པ་ཡིད་འཕྲོག་པ་ཞིག་འདུག་སྟེ་ཚེ་ཞག་བདུན་ལས་མི་འདུག་གོ་གསུངས་ནས་གར་སོང་ཆ་མེད་དུ་ཡལ་བས། རས་ཆུང་པ་ཐུགས་ཤིན་ཏུ་མི་བདེ་བ་གྱུར་ནས་མྱུར་དུ་ཏི་ཕུ་པའི་དྲུང་དུ་སོང་སྟེ། ལོ་རྒྱུས་རྣམས་ཞུས་པས། བླ་མས་བུ་ཁྱོད་ལ་ཚེ་དེ་ལས་མེད་པ་ངས་ཀྱང་ཤེས་པ་ཡིན་ཏེ། ཁྱོད་ཡིད་ཆེས་པར་བྱ་བའི་ཕྱིར་དེར་བཏང་བ་ཡིན། ད་ཁྱོད་རང་འཇིགས་མི་དགོས་ང་ལ་ཐབས་ཡོད་པས་འདི་ནས་ནུབ་ཕྱོགས་སུ་ཙན་དན་དྷེ་བའི་ནགས་ཁྲོད་དེར་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་འཆི་མེད་ཚེའི་རིག་འཛིན་བརྙེས་པ་ལོ་བརྒྱ་སྟོང་མང་པོ་ལོན་ཀྱང་ན་ཚོད་ལོ་བཅུ་དྲུག་གི་ཉམས་ཅན་ཡིད་དུ་འོང་བ་ཞིག་བཞུགས་ཡོད་པས་དེར་སོང་ལ་ཚེའི་གདམས་པ་ཞུས་ཤིག །གསུངས་ནས་གསེར་མང་པོ་གནང་བས། དེར་སོང་ནས་གསེར་སྲང་གསུམ་ཕུལ་ནས་གདམས་པ་ཞུས་ནས། གསེར་སྲང་གང་གིས་ཆ་རྐྱེན་བྱས་ཏེ་སྒྲུབ་པས་སྔར་དགུང་ལོ་བཞི་བཅུ་ལོན་པ་ལ་ཕྱིས་དགུང་ལོ་ཞེ་བཞི་ཚེ་བསྲིངས་ཏེ་དགུང་ལོ་གྱ་བཞི་ཐུབ་པར་གསུངས་པས། དེ་ནས་རས་ཆུང་པ་བོད་དུ་བྱོན་ནས། རང་གི་བླ་མ་རྗེ་མིད་ལ་དང་མཇལ་བས། བླ་མས་ཁྱེད་རྒྱ་གར་ནས་ཁོ་བོ་ཅག་ལ་མེད་པའི་གདམས་པ་ཟབ་མོ་ཡོད་པ་རྣམས་སྟོན་ཅིག་གསུངས་པས། རས་ཆུང་པས་རང་གི་བླ་མ་ལ་གདམས་པ་འདི་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ། རྗེ་བཙུན་གྱིས་ཐུགས་སྲས་མཉམ་མེད་དྭགས་པོ་ལྷ་རྗེ་ལ་གནང་། དེ་ནས་བརྒྱུད་པ་བར་མ་ཆད་པ་བདག་གི་དྲིན་ཅན་རྩ་བའི་བླ་མ་དེ་མོ་ནོ་མི་ཧན་རིན་པོ་ཆེའི་བར་མི་བར་ཁྱིས་མ་ཆོད་ཅིང་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བཞུགས་པ་ཡིན་པས། ད་ལམ་ཁྱོད་རང་རྣམས་ལ་ཁོ་བོ་ནས་ཚེ་དབང་ཟབ་མོ་བྱེད་པ་ལ་ཐུགས་བསམ་འདི་བཞིན་མཛད་པར་ཞུ། དེ་ཡང་གནས་ཁང་འདི་ཉིད་ཀྱང་ཐ་མལ་པའི་རྣམ་པ་ཅན་མ་ཡིན་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟར་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དངོས་ཡིན་སྙམ་པ་དང་། བླ་མ་ཡང་ཐ་མལ་པ་འདི་ལྟ་བུ་མ་ཡིན་པར་གཞལ་ཡས་ཁང་གི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་བཀླུབས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་འོད་ཟེར་ཕྱོགས་བཅུར་འཕྲོ་བཞིན་པ་དང་། མདུན་གྱི་ཚེ་བུམ་འདི་ཉིད་ཀྱང་ཕྱི་བུམ་པའི་རྣམ་པ་ཡིན་པ་ལ་ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པའི་དབུས་སུ་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་འོད་ཟེར་འཕྲོ་བཞིན་པ་དང་། དེ་ཉིད་ཀྱི་སྟེང་གི་ནམ་མཁར་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་དང་། དེ་དག་གི་མཐའ་སྐོར་དུ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པར་བསམས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་པར་ཞུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ངོ་བོ་དཔལ་ལྡན་བླ་མ་ཡིས། །བདག་ལ་ཚེ་དཔག་མེད་མགོན་གྱི། །དབང་བསྐུར་ཟབ་མོ་སྩལ་དུ་གསོལ། ། ཞེས་ལན་གསུམ་དང་། དེ་ནས་བྱང་སྡོམ་བཟུང་བ་ལ་ཁྱེད་རང་རྣམས་བསམ་པ་འདི་བཞིན་གྱིས། དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་འདི་ཕྱི་བར་དོ་ཐམས་ཅད་ཀྱི་རེ་གནས་བླ་མ་དཀོན་མཆོག་གསུམ་ལས་གཞན་དུ་མ་མཆིས་སོ་སྙམ་པའི་སྙིང་ཐག་པ་ནས་སྐྱབས་འགྲོ་དང་། སྔོན་བྱས་ཀྱི་བྱ་བ་མི་དགེ་བ་བྱས་པ་རྣམས་ལ་འགྱོད་སེམས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པའི་སྡོམ་སེམས་ཤུགས་དྲག་པོ་དང་། རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། ཞེས་སོགས་ལན་གསུམ་བྱ། དེ་ལྟར་སྔོན་འགྲོའི་རིམ་པ་རྣམས་ལེགས་པར་སོང་བ་ཡིན། སློབ་མ་སྣོད་དང་ལྡན་པ་བླ་མེད་ཀྱི་དབང་ཐོབ་པ་ཡིན་ན་འདིའི་མཚམས་སུ་ལྷར་བསྐྱེད་བྱ། དེ་མིན་མི་དགོས་གསུངས། ལྷར་བསྐྱེད་བྱེད་ཚེ་སློབ་མ། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཞེས་པ་ནས། ཐུགས་ཀར་ཧཱུཾ། ཞེས་པའི་བར་གོང་གི་བདག་བསྐྱེད་ནས་འབྱུང་བ་ལྟར་བརྗོད་པར་བྱའོ། ། ཚེ་དབང་དངོས་གཞི་བསྐུར་བ་ལ་ཚེ་བུམ་ལ་བརྟེན་ནས་དབང་བསྐུར་བ། ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ། ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ། ཚེ་སྤེལ་བ་དང་བཞི་ཡོད་པ་ལས། དང་པོ་ཚེ་བུམ་ལ་བརྟེན་ནས་དབང་བསྐུར་བ་ལ་ཡང་། ཡར་བ་འགུགས་པ། ཉམས་པ་གསོ་བ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་སྒོ་ནས་ཚེ་ཉམས་པ་གསོ་བ། ཚེ་བསྟིམ་པ་རྣམས་སུ་ཡོད་པ་ལས། དང་པོ་ཚེ་ཡར་བ་འགུགས་པ་ནི། མདུན་བསྐྱེད་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿའི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་འཆི་བདག་གཤིན་རྗེ། རྒྱལ་གདོན་མི་མ་ཡིན་རྣམས་ཀྱིས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་ལ་སོགས་པ་ཐམས་ཅད་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བྱུང་ནས་སྔགས་འཕྲེང་ས་བོན་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར་ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་རྫས་ཀྱི་རྡོ་རྗེ་ཕ་ལམ་བཞིན་དུ་ཕར་ལ་དངོས་པོར་འཛིན་པ་ཐམས་ཅད་འཇོམས་ཤིང་ཚུར་ལ་གང་གིས་ཀྱང་གཞིག་ཅིང་གཞོམ་པར་མི་ནུས་པའི་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛད་པ་ཞུ། ཚེ་བུམ་མགོར་བཞག་ནས་དྲིལ་བུ་དཀྲོལ་བ་དང་བཅས། ཨོཾ་ཨ་མཱ་ར་ཎི་སོགས་གང་མང་དང་། སྐལ་ལྡན་རིགས་ཀྱི་བུ་འདིའི་ཚེ་དབང་དུ་གྱུར་ཅིག །ཚེ་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པ་ཚེའི་རིག་འཛིན་དམ་པ་ཐོབ་པར་གྱུར་ཅིག ། ཅེས་བརྗོད་ལ་མེ་ཏོག་འཐོར་བ་དང་བཅས། རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར། ། ཞེས་སོགས་ཤླཽ་ཀ་གཅིག་བརྗོད། ཚེ་ཡར་བ་འགུགས་པ་དེ་སོང་། ཚེ་ཉམས་པ་གསོ་བ་ལ། འབྱུང་བ་དང་འབྱུང་འགྱུར་གཉིས་ལས། དང་པོ་འབྱུང་བའི་སྒོ་ནས་ཚེ་ཉམས་པ་གསོ་བ་ནི། ཕྱག་མཚན་བུམ་པའི་ནང་གི་སྔགས་འཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འབྱུང་བ་སའི་ཁམས་ཀྱི་ནུས་པ་ཐམས་ཅད་བདུད་རྩི་གསེར་ཞུན་མའི་རྣམ་པ་དང་། ཆུའི་ཁམས་ཀྱི་ནུས་པ་ཐམས་ཅད་བདུད་རྩི་འོ་མའི་མདོག་ཅན་གྱི་རྣམ་པ་དང་། མེའི་ཁམས་ཀྱི་ནུས་པ་ཐམས་ཅད་བདུད་རྩི་བྱི་རུའི་མདོག་ཅན་གྱི་རྣམ་པ་དང་། རླུང་གི་ཁམས་ཀྱི་ནུས་པ་ཐམས་ཅད་བདུད་རྩི་མརྒད་མདོག་ཅན་གྱི་རྣམ་པ་དང་། ནམ་མཁའི་ཁམས་ཀྱི་ནུས་པ་ཐམས་ཅད་བདུད་རྩི་མཐིང་ཞུན་མའི་མདོག་ཅན་གྱི་རྣམ་པ་ནམ་མཁའི་ཁམས་གང་བ་བྱུང་ནས་སྔགས་འཕྲེང་ས་བོན་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བས་ཁྱོད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ཁྱད་པར་འབྱུང་བ་ལྔའི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཚེའི་རིག་འཛིན་དམ་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཨ་མཱ་ར་ཎི་ཞེས་སོགས་གོང་བཞིན་ལ། འབད་དང་རྩོལ་བ་མ་དགོས་པ། ། ཞེས་སོགས་ཤླཽ་ཀ་གཅིག་བརྗོད་ལ་མེ་ཏོག་གཏོར། འབྱུང་བ་ལྔའི་སྒོ་ནས་ཚེ་ཉམས་པ་གསོ་བ་དེ་སོང་། གཉིས་པ་འབྱུང་འགྱུར་གྱི་སྒོ་ནས་ཚེ་ཉམས་པ་གསོ་བ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལས་དང་པོ་འཇིག་རྟེན་པའི་ཚེ་ཉམས་པ་གསོ་བ་ནི་ཕྱག་མཚན་བུམ་པའི་ནང་གི་སྔགས་འཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་སྟེང་ན་ལྷ་ཚེ་རིང་པོ་རྣམས་དང་། དགའ་བོ་དང་ཉེ་དགའ་ལ་སོགས་པ་འོག་ན་ཀླུ་ཚེ་རིང་པོ་རྣམས་དང་། སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པ་བར་ན་མི་ཚེ་རིང་པོ། གཞན་ཡང་འཇིག་རྟེན་ན་མཁས་བཙུན་བཟང་གསུམ་འཛོམས་པ། དབང་ཐང་ལོངས་སྤྱོད་ཆེ་བ་ལ་སོགས་པ་མདོར་ན་འཇིག་རྟེན་གྱི་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རྫས་བརྒྱད་ལ་སོགས་པའི་རྣམ་པར་བཀུག་སྔགས་འཕྲེང་ས་བོན་དང་བཅས་པ་ལ་ཐིམ། ཞེས་པ་ནས། སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་ཁྱད་པར་དུ་ཡང་སྟོབས་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། སྟོང་གསུམ་མི་མཇེད་ཀྱི་བདག་པོ་ཚངས་པ་སོགས་དང་སྐལ་བ་མཉམ་པའི་འཆི་མེད་ཚེའི་རིག་འཛིན་དམ་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས་གོང་བཞིན་ལ། བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། ། ཞེས་སོགས་ཤླཽ་ཀ་གཅིག་བརྗོད་ལ་མེ་ཏོག་གཏོར། དེས་འཇིག་རྟེན་པའི་ཚེ་ཉམས་པ་གསོ་བ་དེ་སོང་། འཇིག་རྟེན་ལས་འདས་པའི་ཚེ་ཉམས་པ་གསོ་བ་ནི། ཕྱག་མཚན་བུམ་པའི་ནང་གི་སྔགས་འཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་སྐུ་གཟུགས་དང་། ཨཱ་ལི་ཀཱ་ལི། རྡོ་དྲིལ་ལ་སོགས་པ་རྣམ་པར་བཀུག །སྔགས་འཕྲེང་ས་བོན་དང་བཅས་པ་ལ་ཐིམ། ཞེས་པ་ནས། སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ཁྱད་པར་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་དམ་ཚིག་དང་སྡོམ་པ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཚེའི་རིག་འཛིན་དམ་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཨ་མཱ་ར་ཎི་ཞེས་སོགས་གོང་བཞིན་ལ། ལུས་ལ་ཆོས་གོས་གསུམ་གྱི་བཀྲ་ཤིས་ཤོག ། ཅེས་སོགས་ཤླཽ་ཀ་གཅིག་བརྗོད་ལ་མེ་ཏོག་གཏོར། དེས་འཇིག་རྟེན་ལས་འདས་པའི་ཚེ་ཉམས་པ་གསོ་བ་དེ་སོང་། ད་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་སྒོ་ནས་ཚེ་ཉམས་པ་གསོ་བ་ནི། ཕྱག་མཚན་བུམ་པའི་ནང་གི་སྔགས་འཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཡོན་ཏན་ཐམས་ཅད་ཚེ་དཔག་མེད་སྐུ་ཆེ་ཆུང་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བ་བྱུང་ནས་བླ་མ་ཚེ་དཔག་མེད་ཀྱི་སྐུ་ལ་ཐིམ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་ཐམས་ཅད་སྙིང་པོ་དང་གཟུངས་རིང་ཨཱ་ལི་ཀཱ་ལི་སོགས་ཀྱི་རྣམ་པ་དཔག་ཏུ་མེད་པ་བྱུང་ནས་ཚེ་དཔག་མེད་ཀྱི་གསུང་ལ་ཐིམ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ཕྱག་མཚན་བུམ་པ་དང་ས་བོན་ཧྲཱིཿཡིག་གི་རྣམ་པ་དཔག་ཏུ་མེད་པ་བྱུང་ནས་ཚེ་དཔག་མེད་ཀྱི་ཐུགས་ཀར་ཐིམ་པ་ལས། བླ་མ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་རྣམས་ལས་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་དཔག་ཏུ་མེད་པ་བྱུང་ཁྱོད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་དཀར་དམར་མཐིང་གསུམ་གྱིས་གང་སྡིག་སྒྲིབ་ཐམས་ཅད་དག་ཁྱད་པར་བླ་མ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས་གོང་བཞིན་ལ། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག ། ཅེས་སོགས་ཤླཽ་གཅིག་བརྗོད་ལ་མེ་ཏོག་གཏོར། དེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་སྒོ་ནས་ཚེ་ཉམས་པ་གསོ་བ་དེ་སོང་། ད་ཁྱེད་རང་རྣམས་ལ་ཚེ་བསྟིམ་པར་བྱེད་པ་ཡིན་པས། ཚེ་བུམ་འདི་ཉིད་བླ་མ་ཚེ་དཔག་མེད་དུ་གསལ་བའི་སྟེང་གི་ནམ་མཁར་མ་གཅིག་གྲུབ་པའི་རྒྱལ་མོ་ལ་སོགས་པ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་། གཞན་ཡང་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྤྲིན་གྱི་ཕུང་པོ་འཐིབས་པ་ལྟར་བཞུགས་པར་བསམས་ལ། ཁོ་བོས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ཀྱི་མཚན་བརྗོད་དེ་བྱིན་གྱིས་རློབས་ཤིག་ཅེས་བརྗོད་པའི་ཚེ་དེ་དང་དེས་བྱིན་གྱིས་བརླབས་བྱུང་སྙམ་པ་དང་། མཐར་ཞི་ཁྲོ་རབ་འབྱམས་ཐམས་ཅད་བླ་མ་ཚེ་དཔག་མེད་ལ་ཐིམ། ཚེ་དཔག་མེད་དེ་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པ་དང་བླ་མ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་རོ་གཅིག་ཏུ་བྱིན་གྱིས་བརླབས་བྱུང་སྙམ་པའི་མོས་པ་བརྟན་པོ་མཛད་པར་ཞུ། ཚེ་བུམ་མགོ་ཐོག་ཏུ་བཞག་ནས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་སྡོང་པོ། སྐྱེ་མེད་རས་ཆུང་རྡོར་གྲགས། དབང་ཕྱུག་མིད་ལ་རས་ཆེན། བཀའ་བརྒྱུད་དྭགས་པོ་ལྷ་རྗེ། བདེ་གཤེགས་ཁམས་པ་རྡོ་རྒྱལ། འབྲི་ཁུང་སྐྱུ་ར་རིན་ཆེན། ཆོས་རྗེ་སྤྱན་སྔ་བ། རྒྱལ་བ་ཡང་དགོན་པ། ཐུགས་སྲས་སྤྱན་སྔ་རིན་ལྡན། ཀུན་མཁྱེན་ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ་བཟང་། རྗེ་རིན་ཆེན་བཤེས་གཉེན། རྗེ་སངས་རྒྱས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ་བཟང་། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། རྒྱལ་བ་ལྔ་པ་ཆེན་པོ། པཎ་ཆེན་བློ་བཟང་ཡེ་ཤེས། རྒྱལ་བ་བསྐལ་བཟང་རྒྱ་མཚོ། རྗེ་ངག་དབང་བྱམས་པ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། རྒྱལ་བ་འཇམ་དཔལ་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་དེ་མོ་ནོ་མི་ཧན་རྗེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོ་སོགས་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སློབ་མ་འདི་རྣམས་ཀྱི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ། བར་ཆད་དང་ཆགས་སྒོ་ཉམ་ང་ཡོད་པ། སྟེང་གདོན་གཟའ། འོག་གདོན་ཀླུ། བར་གདོན་རྒྱལ་པོའི་གནོད་པ་དང་། ཁྱད་པར་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་བསྲུང་དུ་གསོལ། ཨོཾ་ཨ་མཱ་ར་ཎི་སོགས་གཟུངས་བཟླ། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད། ཚེ་དབང་བརྒྱ་རྩ་བྱེད་ན། ཛཿཧཱུཾ་བཾ་ཧོཿ བརྒྱ་ཚར་དང་། དེ་རེ་རེའི་སྐབས་ཚེ་དཔག་མེད་ཀྱི་སྐུ་ལས་རང་འདྲ་གཉིས་པ་རེ་སློབ་མ་ལ་བསྟིམ་པའི་མོས་པ་བྱ། དེས་ཚེ་བུམ་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། ད་ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་ལ། ཚེ་ཆང་འདི་ཉིད་ཀྱང་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། དེ་དག་གི་སྟེང་དུ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་དང་། རྒྱ་མཚོ་ལ་སོགས་པ་ན་གནས་པའི་བདུད་རྩི་རྣམས་ཀྱང་བཀུག་ནས་ཡི་གེ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་བ་ལས་བྱུང་བའི་འཆི་མེད་ཚེའི་བདུད་རྩིར་གྱུར་པ་འདི་ཉིད་ཞལ་དུ་གསོལ་བ་ལ་བརྟེན་ནས་ལུས་ཀྱི་རྩ་ནང་ཐམས་ཅད་གང་། རང་བཞིན་བརྒྱད་ཅུའི་ཀུན་རྟོག་དབྱིངས་སུ་འགགས། རྩ་རླུང་ཐིག་ལེའི་ནུས་པ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད། དམ་རྫས་འཆི་མེད་བདུད་རྩི་འདི། །དེ་རིང་བུ་ཡིས་བཏུང་བར་གྱིས། །ང་ཡིས་བསྒོས་པའི་བཀའ་མ་བཅག །སྒྲུབ་ལ་ནན་ཏན་གཅེས་སུ་གྱིས། ། ཞེས་བརྗོད་ལ་ཚེ་ཆང་སྦྱིན། དེས་ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། ད་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། ཚེའི་རིལ་བུ་འདི་རྣམས་ཀྱང་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོར་གྱུར་པའི་སྨན་སྣ་ཚོགས་པ་སྒྲུབ་པ་ལས་བྱུང་བའི་རིལ་བུ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ལེན་གྱི་ཡོན་ཏན་ཐམས་ཅད་བསྡུས་ནས་ཐིམ་པའི་བདུད་རྩིའི་རིལ་བུ་འདི་ཞལ་དུ་གསོལ་བས་བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད། །བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བསྟེན་ན་ནད་ཀུན་ལས། །གྲོལ་གྱུར་ཐེ་ཚོམ་བྱ་མི་དགོས། ། ཞེས་བརྗོད་ལ་ཚེ་རིལ་སྦྱིན། དེས་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། ད་ཚེ་སྤེལ་བ་ནི། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་རྒྱལ་བ་ཚེ་དཔག་མེད་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ལྷ་མིའི་རིག་འཛིན་རྣམས་ཀྱིས་བསྐོར་བ་བཞུགས་ནས། དེ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་རོལ་མོའི་སྒྲ་སྒྲོག །བཀྲ་ཤིས་དང་གླུ་དབྱངས་ཀྱིས་ཤིས་པར་བརྗོད། ཁྱེད་རང་རྣམས་ཀྱི་ཚེ་སྤེལ་བའི་སྒོ་ནས་བདེན་སྟོབས་ཟབ་མོ་མཛད་བྱུང་སྙམ་པའི་མོས་པ་མཛོད། ཤླཽ་ཀ་རེ་རེའི་མཚམས་སུ་མེ་ཏོག་འཐོར་བ་དང་བཅས། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། ། ཞེས་པ་ནས། ཤེས་རབ་སྟོབས་ཀྱིས་ཚེ་ཡང་འཕེལ་བར་ཤོག ། ཅེས་པའི་བར་བརྗོད། དེ་ལྟར་ཁྱོད་རང་རྣམས་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛད་པར་ཞུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། ། ཞེས་སོགས་ལན་གསུམ་བརྗོད། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་དུ་བཅུག །སློབ་མ་རང་གནས་སུ་བཏང་། དེ་ནས་མཇུག་ཆོག་ནི་ཚེ་བུམ་སྔར་བཞིན་སྟེགས་ཀྱི་ཁར་བཞག་ནས་མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབས། ཨོཾ་ཨ་པ་རི་མི་ཏ་ཨ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟའི་བར་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ། ཅེས་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ་བཟླའོ། ། ལྷག་པ་དང་ནི་ཆད་པ་དང་། ། ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་རྣམ་པར་གྱུར། ཅེས་གཤེགས་གསོལ་བྱ། ཉིན་མོ་བདེ་ལེགས་སོགས་ཀྱི་བཀྲ་ཤིས་བྱའོ། །ཞེས་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བསྐུར་བའི་ཆོ་ག་ཇི་ལྟར་བྱ་ཚུལ་འཁྱེར་བདེ་བར་བཀོད་པ་འདི་ནི་རྩེ་མགྲོན་ཆེན་མོ་དཀོན་མཆོག་ཟླ་བས་ཞེ་བསུན་སྣ་ཚོགས་བཏང་བས་རྐྱེན་བྱས། གྲོང་ཆོག་མཁན་པོ་གཞན་ལ་ཡང་ཕན་པ་སྲིད་སྙམ་ནས་བླ་མའི་ཕྱག་ལེན་བཞིན་ཆུ་བཟང་རི་ཁྲོད་དུ་བྲིས་པའོ། །znrརྗེ་ཙོང་ཁ་པའི་དྲ་བ།

znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
༄༅། །བགེགས་གཏོར་གཏོང་ཚུལ་བཞུགས་སོ། །znrརྗེ་ཙོང་ཁ་པའི་དྲ་བ།

znrརྗེ་ཙོང་ཁ་པའི་དྲ་བ།
རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཁྲོ་བོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཧཱུཾ༑ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། བར་གྱིས་མཆོད། རྗེས་གནང་སོ་སོའི་གཞུང་དུ་ནང་མཆོད་འབུལ་བ་ཡོད་ན་སྔགས་མཐར་འབྲུ་གསུམ་བཏགས་ནས་ནང་མཆོད་དབུལ། ཧཱུཾ༑ ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་བསྡུས་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱངས་བསྐུམས་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། ། ཧཱུཾ༑ འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པའི། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བགེགས་ཀྱི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སྐལ་ལྡན་གྱི་རྡོ་རྗེའི་སློབ་མ་འདི་རྣམས་ལ་རྗེས་གནང་ཟབ་མོ་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རྣམས་བཀུག་པར་གྱུར། གཏོར་མ་གཡས་སུ་ལན་གསུམ་སྐོར་བཞིན། ༀ་སརྦྦ་བིག་ཧྣྰན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ་ཞི་བས་སྦྱངས། ཏིང་ལོའི་མར་མེ་ཆངས་བུ་དང་བཅས་པ་ཕྱིར་སྐོར་བཞིན། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཅེས་ལན་གསུམ་གྱིས་ཞི་དྲག་ཕྱེད་མས་སྦྱངས། ཕྱག་བཞེས་སུ་འབྱུང་པོ་འུར་འདེད་ཀྱི་ཕྱག་རྒྱ་དང་བཅས། ཧཱུཾ༑ རྗེས་གནང་བྱེད་པའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་སློབ་མ་རྗེས་གནང་བྱེད། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཅན་ཐམས་ཅད་དང་། ཁྱད་པར་དུ་ཡང་རྗེས་གནང་གང་ཡིན་གྱི་འདོན་པ་བསྒྱུར་བ་དང་བཅས། ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་སྐལ་ལྡན་གྱི་རྡོ་རྗེའི་སློབ་མ་འདི་རྣམས་ལ་རྗེས་གནང་ཟབ་མོ་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ། ཕན་པ་དང་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་བསྲེག་ཅིང་རྣམ་པར་འཇོམས་པ་གདོན་མི་ཟའོ། །ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཅེས་བགེགས་གཏོར་རྟེན་ལ་གཡོན་སྐོར་གྱིས་ཕྱིར་དོར་ལ་གུ་གུལ་གྱིས་བདུག་ཅིང་ཡུངས་དཀར་གྱིས་བྲབ། རོལ་མོའི་སྒྲ་དྲག་ཏུ་བྱའོ། །དེ་ལྟར་བགེགས་རྣམས་ཕྱིར་བསྐྲད་དེ་སྲུང་འཁོར་བསྒོམ་པ་ནི། དེ་ལྟར་བགེགས་སོགས་ལོག་པར་འདྲེན་པའི་ཚོགས་རྣམས་ཕྱིར་བསྐྲད། ཁྲོ་ཚོགས་མེ་དཔུང་དང་བཅས་པ་ཚུར་འདུས། སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྐལ་ལྡན་གྱི་རྡོ་རྗེའི་སློབ་མ་འདི་རྣམས་ཚུད་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ། ཞེས་བགེགས་གཏོར་གཏོང་ཚུལ་འདི་རང་དགོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཕྱག་བཞེས་ལྟར་བཀོད་པའོ།།znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
znrརྗེ་ཙོང་ཁ་པའི་དྲ་བ།
༄༅། །དགེ་བསྔོའི་སྨོན་ཚིག་ནི།znrརྗེ་ཙོང་ཁ་པའི་དྲ་བ།

znrརྗེ་ཙོང་ཁ་པའི་དྲ་བ།
འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས། །བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་དང་། །སེམས་བསྐྱེད་ཞུས་པའི་བླ་མ་སློབ་དཔོན་དང་། །དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་རྣམས་དང་། །རྒྱུ་ཟས་འབྲེལ་བ་ཡོད་པའི་མི་རྣམས་དང་། །བཞོན་བཀལ་སྲོག་གཅོད་འོ་ཞོ་འཐུང་བ་དང་། །ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག ། ཅེས་པ་འདི་ནི་མཉམ་མེད་ཇོ་བོ་ཆེན་པོས་མཛད་པར་གྲགས་སོ། །མངྒ་ལ་ཤྲཱི་ཛྭ་ལ་ཛམྦུ་དྭཱི་པཱ་ལངྐཱ་རཾ་ཧཱ་ཀ་ར།znrརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K