མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །དམ་ཚིག་རྡོ་རྗེའི་སྒོམ་བཟླས།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-02-13 13:57:03         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

2.pngSqsརྗེ་ཙོང་ཁ་པའི་དྲ་བ།
༄༅། །བློ་བཟང་རྒྱལ་དང་བླ་མ་རྡོ་རྗེ་འཆང༌། །དབྱེར་མེད་ཞབས་ཀྱི་པདྨོར་ཕྱག་བྱས་ནས། །དམ་ཚིག་སྡོམ་པ་དག་བྱེད་ཐབས་མཁས་འཕྲུལ། །དགའ་ལྡན་སྙན་བརྒྱུད་ལས་འོངས་འདིར་དགོད་བྱ། །དེ་ཡང་དམ་ཚིག་དང་སྡོམ་པ་དག་བྱེད་སྙན་བརྒྱུད་ཡིག་ཆུང་ལས་འབྱུང་བ་ལ་གཉིས་ལས། དམ་ཚིག་རྡོ་རྗེའི་བཟླས་པ་རྒྱུན་ཁྱེར་ཤིན་ཏུ་འཁྱེར་བདེ་མདོར་བསྡུས་སུ་དགོད་པ་ལ། སྐྱབས་སེམས་འདིར་གསང་འདུས་དང་འབྲེལ་ཆེ་བས་ཡིད་ཀྱི་རོལ་པ་སོགས་སམ། སྤྱི་ལྟར་སངས་རྒྱས་ཆོས་ཚོགས་མ་སོགས་སྔོན་དུ་བཏང་ནས། རང་ཉིད་ལྷར་གསལ་ཐུགས་ཀར་པད་ཟླའི་སྟེང༌། །ཧ་ལས་རལ་གྲི་འཆང་བཟུང་ཧས་མཚན་པ། །དེ་ལས་དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང༌། །ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་པ། །དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད། །ལྷག་མ་གཡས་གཉིས་རྡོ་རྗེ་རལ་གྲི་དང༌། །གཡོན་གཉིས་དྲིལ་བུ་དང་ནི་པདྨ་འཛིན། །ཡབ་ཡུམ་གཉིས་ཀ་རིན་ཆེན་རྒྱན་གོས་ལྡན། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་འོད་ཀྱིས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ནས། །ཛཿཧཱུཾཿབཾ་ཧོཿདམ་ཡེ་དབྱེར་མེད་གྱུར། །དབང་ལྷས་དབང་བསྐུར་ཡབ་ལ་མི་བསྐྱོད་པ། །ཡུམ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་ཅིང༌། །ཐུགས་ཀར་ཟླ་སྟེང་སྣ་ཚོགས་རྡོ་རྗེའི་ལྟེར། །ཧ་ཡིག་ལྗང་གུ་སྔགས་ཀྱིས་བསྐོར་བ་ལས། །བདུད་རྩིའི་རྒྱུན་བྱུང་རྡོ་རྗེའི་རྭ་རྒྱུད་ནས། །ལུས་ཀུན་གང་བས་དམ་སྡོམ་ཉམས་ཆག་ཀུན། །ནག་ཉིལ་ཕྱིར་ཐོན་སངས་ཀྱིས་དག་པར་གྱུར། །པར་མོས་ལ། ཨོཾ་ཨཱཿཔྲ་ཛྙཱ་དྷྲིཀ་ཧ་ཧཱུཾ། ཞེས་ཅི་ནུས་བཟླ། མཇུག་ཏུ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །དམ་ཚིག་རྡོ་རྗེའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ །ཞེས་གསུངས་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་དམ་ཚིག་རྡོ་རྗེའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་པར་བསམ་མོ། །འདི་ནི་ནགས་ཤོད་འབྲི་རུ་དགེ་བཤེས་དངོས་གྲུབ་རྒྱལ་མཚན་ནས། །ཁུལ་དེར་ཉམས་ཆག་སྐོང་བའི་བཟླས་པ་འཛུགས་ཕྱིར་མདོར་བསྡུས་འཁྱེར་བདེ་ཞིག་དགོས་ཞེས་བསྐུལ་ངོར། །ཕ་བོང་ཁ་པས་སྦྱར་བའོ།། །།Sqsརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K