མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །རྗེ་ཙོང་ཁ་པ་ཆེན་པོའི་བསྒོམ་བཟླས་བྱ་ཚུལ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-02-13 14:01:26         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

     ༄༅། །ན་མ་སུ་མ་ཏི་ཀཱིརྟི་ཤྲི་བྷ་དྲཱ་ཡ། །ཐུགས་རྗེའི་བྱིན་རླབས་ཆུ་འཛིན་འཁྲིགས་པ་ལས། །འདོད་རྒུའི་དངོས་གྲུབ་ཆར་དུ་སྙིལ་མཛད་པ། །འཇམ་དབྱངས་བླ་མའི་ཞབས་ལ་གུས་བཏུད་ནས། །གང་དེའི་བསྒོམ་བཟླས་ཉམས་སུ་ལེན་ཚུལ་བྲི། །དེ་ཡང་གནས་ཁང་བྱི་དོར་བྱས་ལ་རྗེའི་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། དེའི་མདུན་དུ་དཀར་གཏོར་ཟླུམ་པོ་པད་འདབ་བཞིས་བསྐོར་བ་དང༌། བདག་མདུན་གྱི་མཆོད་པ་འབུལ་ཡུལ་གྱི་གཡས་ནས་བརྩམས་པའི་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་སོགས་གཤམ། རང་ཉིད་སྟན་བདེ་བ་ལ་དགེ་སེམས་ཀྱིས་འཁོད་ནས། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ལན་གསུམ་དང༌། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ། །ཞེས་སེམས་བསྐྱེད་ལན་གསུམ་བྱ། རང་སྐད་ཅིག་གིས་རྗེ་བླ་མར་གསལ་བའི་ཐུགས་ཀའི་དྷཱིཿཡིག་གི་འོད་ཟེར་གྱིས་བླ་མ་དང་གཉིས་སུ་མེད་པའི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མསྶུ་མ་ཏི་ཀཱིརྟི་ས་པ་རི་ཝཱ་ར་བྷྱཿ ཞེས་ཕྱག་བྱ། ཨོཾ་གུ་རུ་སུ་མ་ཏི་ཀཱིརྟི་ས་པ་རི་ཝཱ་ར་ཨརྒྷཾཾ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། པདྱཾ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། བཛྲ་པུཥྤེ། ནས། ཤཔྟ་ཨཱཿཧཱུཾ་གིས་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་པའི་བར་ལན་གསུམ་གྱིས་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་གྱུར་ཅིག །བདེ་བ་དང་མི་འབྲལ་བར་གྱུར་ཅིག །བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ་ལ། ཚོགས་ཞིང་རྣམས་འོད་དམར་སེར་གྱི་རྣམ་པར་རང་གི་སྨིན་མཚམས་སུ་ཐིམ་པར་གྱུར། ཨོཾ་ཤཱུ་ནྱ་ཏས་རང་ཉིད་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་གོ་སར་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་བཾ་ལས་པདྨ་དང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་དྷཱིཿཡིག་དམར་སེར་རིང་ཆ་ཚེག་དྲག་དང་བཅས་པ་ལས་རལ་གྲི་དྷཱིཿཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་ཀུན་གྱི་ངོ་བོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསུམ་མཛེས་པར་གསོལ་ཞིང༌། དབུ་ལ་གསེར་གྱི་མདོག་ཅན་གྱི་པན་ཞྭ་སྣེ་རིང་གསོལ་བ། ཞལ་གྱི་དཀྱིལ་འཁོར་ལྷག་པར་འཛུམ་ཞིང་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ་ལྟ་བུ། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱིས་ཨུཏྤལའི་ཡུ་བ་གཟུང་བའི་མེ་ཏོག་སྙན་གཡས་གཡོན་གྱི་ཐད་དུ་ཁ་ཕྱེ་བའི་གཡས་ཀྱི་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང༌། གཡོན་གྱི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། མཚན་དཔེས་མཛེས་ཤིང་དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དཀྱིལ་ན་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་དྷཱིཿདམར་སེར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དགའ་ལྡན་ཆོས་ཀྱི་ཕོ་བྲང་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿརང་དང་གཉིས་སུ་མེད་པར་གྱུར། བདག་བསྐྱེད་ཀྱི་མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ཨོཾ་གུ་རུ་སུ་མ་ཏི་ཀཱིརྟི་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། རྣམ་དག་གངས་རིའི་འཕྲེང་བས་ཡོངས་བསྐོར་བའི། །ཕྱོགས་འདིར་བདག་ཅག་མགོན་མེད་རྣམས་ཀྱི་མགོན། །བློ་དམན་བསམ་པའི་ངོ་དང་འཚམས་པའི་སྐུ། །སྟོན་མཛད་བླ་མ་མཆོག་ལ་བདག་ཕྱག་འཚལ། །ཞེས་བསྟོད། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྷཱིཿཡིག་གི་མཐར་དམིགས་བརྩེ་མའི་འཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ཐམས་ཅད་རྗེ་བླ་མའི་གོ་འཕང་ལ་བཀོད། དེ་རྣམས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་རྗེ་བླ་མའི་སྐུ་དང༌། གསུང་དམིགས་བརྩེ་མ་དང༌། ཐུགས་ཕྱག་མཚན་དང༌། བདུད་རྩི་འོད་ཟེར་སོགས་ཀྱི་རྣམ་པར་བསྡུས་ཏེ་ས་བོན་དམིགས་བརྩེ་མ་དང་བཅས་པ་ལ་ཐིམ་པས། བདག་ཉིད་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པར་བསམ་ལ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བཟླ་བ་ནི་སྤྱིའི་དམིགས་པ་ཙམ་དང༌། ས་བོན་སྔགས་འཕྲེང་འོད་ཟེར་དཀར་པོ་འཕྲོ་བ་ལས་ལྷ་མོ་དཀར་མོ་བདུད་རྩི་དཀར་པོས་གང་བའི་བུམ་པ་ཐོགས་པ་སྤྲོས་པས་དྷཱིཿཡིག་གི་མདུན་དུ་ཟླ་བ་དཀར་པོ་ལ་གནས་པའི་བསྒྲུབ་བྱ་ལ་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར་པར་བསམ་པ་ནི་ཞི་བ་དང༌། གཞན་སྔར་ལྟར་ལ་འོད་ཟེར་ལྷ་མོ་བདུད་རྩི་བུམ་པ་རྣམས་སེར་པོ། ཟླ་གདན་སེར་པོ་ལ་གནས་པའི་བསྒྲུབ་བྱ་ལ་ཁྲུས་བྱས་པས་ལུས་ཀྱི་ནང་བདུད་རྩི་སེར་པོས་གང་བས་ཚེ་བསོད་ཤེས་རབ་སོགས་རྒྱས་པར་བསམ་པ་ནི་རྒྱས་པ་དང༌། ས་བོན་སྔགས་འཕྲེང་འོད་ཟེར་དམར་པོ་འཕྲོ་བ་ལས་ལྷ་མོ་དམར་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས་པས་དབང་དུ་བྱ་རྒྱུའི་མགྲིན་པ་ནས་ཞགས་པས་བཅིངས། ཕོའི་སྙིང་ག་དང་མོའི་སྐྱེ་གནས་ནས་ལྕགས་ཀྱུས་བཟུང་སྟེ་བཀུག་ནས་རང་དང་སྦྱིན་བདག་གི་རྐང་པའི་དྲུང་དུ་དྲན་པ་ཉམས་ཤིང་འགྱེལ་ཏེ་དབང་དུ་འདུས་པར་བསམ་པ་ནི་དབང་དང༌། ས་བོན་སྔགས་འཕྲེང་འོད་ཟེར་ནག་པོ་འཕྲོ་བ་ལས་མཚོན་ཆ་སྣ་ཚོགས་པ་ཐོགས་ཤིང་སྐུ་ལས་མེ་དཔུང་འབར་བ། ཞལ་ནས་འཇིགས་པའི་ང་རོ་དུ་མ་སྒྲོག་པའི་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམ་པ་ནི་དྲག་པོ་སྟེ་གཞན་ཡང་གང་ལ་གང་དགོས་ཀྱི་དམིགས་པའི་བསྒྱུར་ཚུལ་ཤེས་པར་བྱ་ཞིང་བསྙེན་ཚད་ནི་འབུམ་ཕྲག་གཅིག་དང་གསུམ་ལ་སོགས་པའོ། །དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་སྔར་བཞིན་བྱིན་གྱིས་བརླབས་ལ། གཏོར་མ། ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་པའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་སུ་མ་ཏི་ཀཱིརྟི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། སྔར་ལྟར་མཆོད་ཅིང་བསྟོད་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ཨོཾ་བཛྲ་སཏྭ་ཨཱཿ ལན་གསུམ། མ་རྙེད་ཡོངས་སུ་མ་ཤེས་དང༌། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་བཛྲ་ས་མ་ཡ་ཛཿ གཏོར་མགྲོན་གྱི་ལྷ་ཚོགས་རྣམས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་ཐིམ། དེ་ཉིད་མཐེབ་སོར་ཙམ་དུ་གྱུར་བ་རང་གི་ཚངས་བུག་ནས་དབུ་མའི་ལམ་བརྒྱུད་དེ་སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་གདན་ལ་བཞུགས། པད་འདབ་ཁ་ཟུམ་པའི་ནང་འོད་ཟེར་ལྔའི་ཞལ་ཞལ་དང༌། ཕྱི་དམིགས་བརྩེ་མའི་འཕྲེང་བས་བཅིངས་ནས་བརྟན་པར་གྱུར། ཅེས་བསམ་ལ། དགེ་བ་འདི་ཡིས་མྱུར་དུ་བདག །བློ་བཟང་གྲགས་པ་འགྲུབ་གྱུར་ནས། །ཞེས་སོགས་དང༌། དེང་ནས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རྗེ་བཙུན་བླ་མ་བློ་བཟང་གྲགས་པ་དང༌། །མི་འབྲལ་རྒྱལ་བའི་ཆོས་ཚུལ་ཀུན་བཟུངས་ནས། །བསྟན་དང་འགྲོ་བའི་དོན་ཆེན་ལྷུར་ལེན་ཤོག །ཅེས་དང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་པ་བཞི། །ཞེས་སོགས་ཀྱིས་བསྔོ་སྨོན་ཤིས་བརྗོད་རྣམས་བྱའོ། །ggMརྗེ་ཙོང་ཁ་པའི་དྲ་བ།
སྨྲས་པ། མཁྱེན་བརྩེ་ནུས་པའི་བདག་ཉིད་རིགས་གསུམ་མགོན། གཅིག་བསྡུས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །འདི་ཉིད་ཁོ་ན་སྙིགས་དུས་བསྟན་འགྲོ་ཡི། །བསླུ་མེད་སྐྱབས་ཀྱི་དམ་པ་གཅིག་ཏུ་ངེས། །ཚུལ་དེ་རྨོངས་པའི་འགྲོ་ལ་འདོམས་པའི་ཕྱིར། །སྣང་བ་མཐའ་ཡས་བསྟན་པའི་ཉི་མ་ཡིས། །རྗེ་འདི་ལྷག་པའི་ལྷ་ཡི་རྩེར་བཞེས་ཏེ། །སྐུ་ཡི་བཀོད་པ་མི་འདྲ་གསར་དུ་མཛད། །དེ་ལྟ་ན་ཡང་རྟོག་དཔྱོད་དང་བྲལ་བའི། །མི་མཁས་མཁས་རློམ་བཏུང་བས་མྱོས་པ་འགའ། །བསྟན་འགྲོའི་གེགས་ཆེན་ཞི་བའི་ཐབས་ཀྱི་ཚུལ། །གཞན་དང་གཞན་གྱི་ང་རོ་ཆེར་སྒྲོག་མོད། །མཁས་དང་གྲུབ་པ་གཞན་གྱི་བསྟན་པའི་སྲོལ། །སྤྲིན་པར་ཉི་མ་འདྲ་དབུས་ཞྭ་སེར་བསྟན། །རྒྱལ་མཚན་ཏོག་ལྟར་མཐོ་བ་རྗེ་འདི་ཡི། །མཁྱེན་བརྩེ་ནུས་པའི་མཐུ་ལས་གཞན་དུ་ཅི། །དེ་ཕྱིར་རྨད་བྱུང་ལམ་འདིར་ལུས་ངག་གིས། །འབད་ལས་ཐོབ་པའི་རླབས་ཆེན་དགེ་ཚོགས་མཐུས། །ཡིད་ཅན་ཀུན་གྱི་མཚུངས་མེད་བློ་བཟང་གྲགས། །བསླུ་མེད་སྐྱབས་ཀྱི་མཆོག་ཏུ་ངེས་རྙེད་ཤོག །ཅེས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྒོམ་བཟླས་བྱ་ཚུལ་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ཞེས་བྱ་བ་འདི་ཡང༌། རྗེ་འདི་ལ་མི་ཕྱེད་པའི་དད་པ་བླ་མའི་དྲིན་ལས་རྙེད་པའི་བཙུན་པ་དབྱངས་ཅན་གྲུབ་པའི་རྡོ་རྗེས་རང་གཞན་ལ་ཕན་དུ་རེ་བའི་བསམ་པས་ཉམས་སུ་བླང་བདེ་བར་ཞི་བའི་ལོ་ཟིན་བྲིས་སུ་བགྱིས་པ། སླར་ཡང་མཚར་པའི་ཕྱག་མཛོད་ཡེ་ཤེས་རྒྱལ་མཚན་ལགས་ཀྱི་ཉམས་བཞེས་སུ་འདི་ལྟ་བུ་ཞིག་དགོས་ཚུལ་ལྟར། རྣམ་བྱུང་གི་མགོ་ཟླའི་དཀར་ཕྱོགས་སྟོང་པ་དང་པོའི་ཉིན་ཞུས་དག་དང་གསར་སྣོན་ཕྲན་བུ་བཅས་བགྱིས་པ་དགེ་ལེགས་འཕེལ། །ggMརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K