མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-02-13 14:06:55         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

         ༄༅། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གསུམ། རང་གི་སྤྱི་བོར་པད་དཀར་ཟླ་བའི་སྟེང༌། །རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་པས་ཤེལ་འཕྲེང་གཡོན་པས་པད་དཀར་འཛིན། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་ཀླུབས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གནས་གསུམ་ཨོཾཨཱཿཧཱུཾ་མཚན་འོད་ཟེར་གྱིས། །རང་བཞིན་གནས་ནས་བླ་མ་སྤྱན་རས་གཟིགས། །སྤྱན་དྲངས་སྐྱབས་གསུམ་ཀུན་འདུས་ངོ་བོར་གྱུར། ། ༈ རྩ་བའི་བླ་མ་སྤྱན་རས་གཟིགས་དབང་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་འཁོར་མ་ལུས་བསྐོར་དུ་གསོལ། །དགེ་ཀུན་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ས་གཞི་སྤོས་ཀྱི་ཞེས་སོགས་མནྜལ་ཕུལ་ལ་གསོལ་བ་འདེབས་པ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ། །ལན་གསུམ། དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །འཕགས་པའི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །ཡི་གེ་དྲུག་པས་བསྐོར་ལས་བདུད་རྩིའི་རྒྱུན། །བབས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུས། །རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀའི་འོད་ཀྱིས་སྣོད་བཅུད་སྐྱོན་སྦྱངས་ཏེ། །སྣང་གྲག་རེག་གསུམ་འཕགས་པའི་གསང་གསུམ་དུ། །འཁྱེར་བའི་རྣལ་འབྱོར་མཆོག་ལ་གནས་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ། བརྒྱ་སྟོང་བཟླ། འདིས་མཚོན་རང་གཞན་དུས་གསུམ་དགེ་བའི་མཐུས། །བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ། །སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་བ་རྣམས། །འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །བདག་སོགས་ཚེ་འདིའི་སྣང་བ་འགགས་མ་ཐག །འོད་དཔག་མེད་མགོན་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཉེར་དྲངས་བདེ་བ་ཅན་དུ་པདྨ་ལས། །སྐྱེས་ནས་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །གནས་སྐབས་ཚེ་རིང་ནད་མེད་ལུས་སེམས་བདེ། །ཆོས་མིན་བསམ་སྦྱོར་ངན་པ་མི་སྐྱེ་ཞིང༌། །ཆོས་འབྱོར་བདེ་དགེས་རྟག་ཏུ་འཚོ་བ་སོགས། །བདེ་སྐྱིད་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་དགེ་སློང་དྷརྨ་བྷ་དྲས་བྲིས་པས་ཕན་ཐོགས་པར་གྱུར་ཅིག། །།སརྦ་མངྒ་ལཾ། །xCOརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K