མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཡ་ཐོག་བོད་ཀྱི་རྒྱལ་རབས་ངོས་འཛིན་ཚུལ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-03-24 11:21:06     རྩོམ་པ་པོ།   ཆོས་རྒྱལ་ནམ་མཁའ་ནོར་བུ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        གནའ་རབས་ལོ་རྒྱུས་ཀྱི་དུས་སྐབས་གསུམ་པའི་ནང་བོད་ཀྱི་ཆོས་པའི་ལོ་རྒྱུས་མཁན་པོ་ཕལ་མོ་ཆེས་བོད་ཀྱི་ཐོག་མའི་རྒྱལ་པོ་དེ་རྒྱ་གར་གྱི་རྒྱལ་བརྒྱུད་ནས་བྱུང་བར་བཤད་ཡོད་ལ། ཆོས་པའི་ལོ་རྒྱུས་མཁན་པོ་རྣམས་ཀྱི་ཤན་དེ་བོན་གསར་མ་བ་རྣམས་ལའང་ཞུགས་ནས་དེ་དང་ཆ་འདྲ་བའི་བཤད་པ་འགའ་རེ་ནི་བོན་ཀྱི་ཁུངས་སུའང་བྱུང་ཡོད་འདུགབུ་སྟོན་རིན་ཆེན་གྲུབ༼༡༢༩༠༡༣༦༤༽ཀྱིས་མད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད། ལྷ་ཞོལ་ཡ་ཤ༡༢༣ན༡ལས། བོད་ཀྱི་རྒྱལ་རྒྱུད་ནི་ཁ་ཅིག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་རོ། ། ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཡིན་ཟེར་རོ། ། ཁ་ཅིག་བོད་རྣམས་བདུད་དང་གནོད་སྦྱིན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་གནའ་བའི་དུས་སུ་པད་ས་ལའི་རྒྱལ་བོ་འཆར་བྱེད་ཀྱི་བུ་མིག་མས་འགེབས་པ་སོར་མོ་དྲ་བས་འབྲེལ་བ་མཚན་དང་ལྡན་པ་ཞིག་བྱུང་བས་སྐྲག་སྟེ་ཟངས་ཁ་སྦྱོར་དུ་བཅུག་སྟེ་གང་གྰ་ལ་བསྐྱུར་བ་ཞིང་པས་རྙེད་དེ་གསོས་ཏེ་ཆེར་སྐྱེས་པ་ན་སྔར་གྱི་གཏམ་བཤད་པས་ཡིད་སྐྱོ་སྟེ་གངས་རིའི་བྲག་ཏུ་བྲོས་པ་ན་་རིམ་གྱིས་ལྷ་རི་ཡོལ་བའི་ཁར་བྱུང་སྟེ་བཙན་ཐང་སྒོ་བཞིར་བྱོན་པ་ལ་བོན་པོ་རྣམས་དམུ་ཐག་དང་དམུ་སྐས་ལ་ཡོངས་པས་ལྷ་ཡིན་ཟེར་རོ། ། དེ་ནས་ཁྱེད་སུ་ཡིན་དྲིས་པས་བཙན་པོ་ཟེར། གང་ནས་བྱོན་དྲིས་པས་ནམ་མཁའ་ལ་མཛུབ་མོ་བསྒྲེང་ཞིང་སྐད་མ་གོ་ནས་ཤིང་གི་ཁྲི་ལ་བཞག་སྟེ་མི་བཞིའི་གཉའ་བ་ལ་ཁུར་ནས་འདི་ལ་ཁོ་འོ་ཅག་གི་ཇོ་བོ་བྱའོ་ཟེར་ཏེ་མིང་ཡང་གཉའ་ཁྲི་བཙན་པོར་བཏགས། རྒྱལ་པོ་སྔ་ཤོས་ཡིན་ནོ། ། ཞེས་རྒྱ་གར་གྱི་རྒྱལ་རྒྱུད་མི་འདྲ་བ་གསུམ་ལ་ཞལ་འཕངས་ནས། དེ་གསུམ་གང་རུང་ཞིག་ལས་མ་འདས་པའི་ཚུལ་དུ་བསྟན་ཡོད་ལ། པཎ་ཆེན་བསོད་ནམས་གྲགས་པས༼14781554༽མད་པའི་༼རྒྱལ་རབས་འཕྲུལ་གྱི་ལྡེའུ་མིག༽ལྷ་ས་ཤ་༡༦ཕ༥ལས། རྒྱལ་རྒྱུད་ནི་བུ་སྟོན་ཆོས་འབྱུང་དུ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་སམ། གཟུགས་ཅན་སྙིང་བོའི་བུ་སྟོབས་ཆུང་གི་སྲས་ལྔ་ཚིགས་སམ་པད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞིག་བྱུང་བ་དེ་ཡིན་ནམ་ཞེས་བཤད་དེ་གསུམ་ཀ་རྗེ་གཉའ་ཁྲི་བཙན་པོ་ཡིན་པར་མཐུན། དེ་ཡང་ཤྰཀྱའི་རིགས་སུ་གསུངས་པས་སྔ་མ་གཉིས་མིན་པར་ངེས་ལ། ཕྱི་མ་ཤྰཀྱའི་གདུང་རབས་ཡིན་ན་ཕྱོགས་འགྲིག་གོ། ། ཞེས་ཤཱཀྱའི་གདུང་བརྒྱུད་ཡིན་དགོས་པར་ཐག་བཅད་ནས་དེ་དང་འགྲིག་ཐབས་མད་ཡོད་པ་དང་ཡང༼དེབ་ཐེར་སྔོན་པོ༽ཟི་ཁྲོན་ཤ61ཕ2ལས། དེ་ལ་གཉའ་ཁྲི་བཙན་པོ་ཤཱཀྱ་ཆེན་པོ་དང་། ཤྰཀྱ་རི་བྲག་པ་དང་ཤཱཀྱ་ལི་ཙ་བྱི་གསུམ་པོའི་རིགས་གང་ཡིན་པ་ལ་མཐུན་པ་ཡོད་ཀྱང་། འཇམ་དཔལ་རྩ་བའི་རྒྱུད་ན་སྲོང་བཙན་ནས་དར་མ་ཡན་ཆོད་དུ་ལུང་བསྟན་ན་ཤིན་ཏུ་གསལ་བ་ཞིག་སྣང་ལ། ། དེའི་སྐབས་སུ་རྩ་བའི་རྒྱུད་ལས། ལི་ཙ་བྱི་རྣམས་རིགས་སུ་བྱུང་ཞེས་འབྱུང་བས་ལི་ཙ་བྱིའི་རིགས་ཡིན་པ་དག་གོ། ཞེས་པས་ཤཱཀྱའི་རིགས་ཡིན་པ་གཞིར་བཞགཤྰཀྱའི་རིགས་ཙམ་དུ་མ་ཟད། ཤཱཀྱ་ལི་ཙ་བྱིའི་རིགས་ཡིན་པར་བཤད་པ་སྟེ། དོན་དུ་རྒྱ་གར་ནས་བྱུང་བའི་རྒྱལ་བརྒྱུད་ཆེན་པོ་ཞིག་ལས་ཆད་པ་དང་། དེ་ཙམ་དུ་མ་ཟད་སྟོན་པ་ཤཱཀྱའི་རྒྱལ་པོ་དང་གདུང་བརྒྱུད་གཅིག་པར་བསྟན་ཐུབ་པའི་ཐབས་ལ་བརྩོན་པ་གང་དྲག་གནང་ཡོད་པའང་གསལ་པོར་མངོན་ཐུབ་པ་ཡོད། དོན་གནད་འདི་སྐོར་ཞིབ་འཇུག་ཁ་གསལ་ཞིག་བྱས་ཡོད་པ་ནི། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རྩོམ་བྲིས༼སྤུ་རྒྱལ་གདུང་རབས་ཀྱི་རྩ་བའི་འབྱུང་ཁུངས་སྐོར་ལ་ཅུང་ཟད་དཔྱད་པ༽ཞེས་བྱ་བ་བོད་ལྗོངས་ཞིབ་འཇུག1986ཨ4ཤ29ཕ25ལས། ༼རྒྱལ་པོའི་བཀའ་ཐེམས་ཤོག་གྲིལ་ལས་ངོས་བཤུས་པ༽ཟེར་པའི་ནང་རྒྱ་གར་གྱི་ཤྰཀྱའི་རིགས་རྒྱུད་རྒྱས་པར་དྲངས་པའི་མཇུག་ཏུ། བུ་རམ་ཤིང་པའི་རྒྱུད་ནི་རྒྱལ་རིགས་ཞེས་བྱ་སྟེ། དེའི་རིགས་མང་དུ་གནས་སོ། ། དེ་ཡང་རྒྱལ་བོ་དོན་གྲུབ་ཀྱི་དུས་སུ། རབ་ཏུ་གྲགས་པའི་རྒྱལ་པོ། ། རྒྱལ་པོའི་ཁབ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ། ཀོ་ས་ལ་ན་གསལ་རྒྱལ། པད་མ་ཅན་ན་པདྨ་ཆེན་པོ། སད་མ་ས་ལ་ན་ཆར་འབེབས། འཆར་བྱེད་ཀྱི་བུ་ཤར་པ། ཤར་པའི་བུ་དམག་རྒྱལ། དེའི་བུ་ཡངས་པ་ཅན་དུ་སྤྱུགས་པས་དེ་གངས་ཀྱི་ནང་ནས་མར་བྲོས་ནས། ལྷ་རི་གྱང་ཐོར་བྱོན་གཉའ་ཁྲི་བཙན་པོ་བྱ་བར་གྲགས་སོ། བོད་ཀྱི་བཙན་པོ་ལ་སྔ་བ་དེ་ཡིན་ནོ། ། ཞེས་༼དཔེ་རྙིང་བྲིས་མ་ཤོག་གྲངས་9ཡོད་པར༽འཁོད་འདུགཡང་དེ་ལས་ཅུང་རྒྱས་པ་ནི༼རྒྱལ་པོའི་བཀའ་ཐེམས་བཀའ་བཀོལ་མ། ༽ཟེར་བའི་ནང་རྒྱལ་པོ་འཆར་བྱེད་ཀྱི་སྲས་ཤར་བ། ཤར་པ་ལ་སྲས་གཉིས་ཏེ་སྐྱབས་སེང་དང་དམག་བརྒྱ་པའོ། ། རྒྱལ་པོ་དམག་བརྒྱ་པ་ལ་སྲས་གཅིག་སྐྱེས་པ་མིག་བྱ་མིག་ལྟར་དུ་མས་འགེབས་པ། གཡུའི་སྨིན་མ་ཅན་དུང་སོ་འཁོར་བ་ཡོད་པ། ལག་པ་བྱ་ངང་པ་ལྟར་དྲ་བས་འབྲེལ་བ་གཅིག་བྱུང་ངོ་། ། ཡབ་ཀྱིས་མཐོང་པས། འདི་ལྟས་ངན་ཡིན་པས། འདི་གསོས་ན་རྒྱལ་ཁམས་བཤིག་ངེས་གསོད་ཅིག་ཟེར་རོ། ། དེར་བློན་པོ་རྣམས་ཀྱིས་གསོད་མ་ཕོད་ནས། ཟངས་ཁ་སྦྱར་དུ་བཅུག་ནས་ཆུ་བོ་གང་ག་ལ་བསྐྱུར་རོ། དེ་གྲོང་ཁྱེར་ཡངས་པ་ཅན་གྱི་ཆུ་ཁའི་མི་ཞིང་པས་རྙེད་ནས་ནགས་ཁུང་དུ་གསོས་སོ། ། དེར་རྒྱལ་བུ་ན་རེ། ངའི་ཕ་མེས་ཇི་ལྟ་བུ་ཡིན་ཟེར་བ་ལ། ། རྒྱལ་པོ་དམག་བརྒྱ་པས་ཆུ་ལ་བསྐྱུར་བའི་ལོ་རྒྱུས་བཤད་པས་དེར་རྒྱལ་པོ་རི་ལ་བྲོས་པས། ལྷ་རི་རྒྱང་མཐོའི་ཁར་སླེབས། དེ་ནས་བྱང་ཕྱོགས་ཁ་བ་ཅན་དུ་ཁ་བ་བལྟས་འོངས་པས། ལྷ་རི་རོལ་མོའི་རྩེར་བྱོན། དེ་ནས་དམུ་སྐས་ཐེམས་དགུ་ལ་འབབ། བཙན་ཐང་སྒོ་བཞིར་བྱོན་་་ཞེས་སོགས༼ས་སྐྱའི་དཔེ་རྙིང་་བྲིས་མ་ཤོག་གྲངས16—17བར༽གསལ་ཞིང་། ད་དུང་དེ་བས་མང་བ་ཞིག་༼བཀའ་ཆེམས་ཀ་ཁོལ་མ༽རྒྱས་ཤོས་ཡིན་ཟེར་བའི་ཤིང་པར་མ་གཅིག་ནང་གསལ་རུང་། ནང་དོན་གོང་དང་ཕལ་ཆེར་འདྲ་བས་འདིར་མ་བཀོད།qJXརྗེ་ཙོང་ཁ་པའི་དྲ་བ།

        ཡང༼མ་ཎི་བཀའ་འབུམ༽ནང་དེ་ཚེ་བོད་ལ་རྗེ་འབངས་ཀྱི་རྣམ་དབྱེ་མེད་པ་ལས། ཤྰཀྱའི་རིགས་ལ་ཤྰཀྱ་ཆེན་པོ་དང་། ཤྰཀྱའི་རིགས་ལ་ཤྰཀྱ་ཆེན་པོ་དང་། ཤྰཀྱ་ལི་ཙ་བྱི། ཤྰཀྱ་རི་བྲག་པ་གསུམ་ལས། ཐ་མ་ལ་རྒྱལ་པོ་སྐྱབས་སེང་ཞེས་བྱ་བའི་བུ་ཆུང་བ་ཅིག་དཔུང་གི་ཚོགས་དང་བཅས་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས། བོད་ཡུལ་དུ་སླེབས་ནས་ཡར་ལུང་ལྷ་རི་རོལ་པོའི་རྩེ་ནས། ལྷ་སྐས་ལས་བཙན་སྒོ་བཞིར་བབས་པ་དང་། གནམ་ནས་འོངས་པའི་བཙན་པོ་ཅིག་འདུག་པས་རང་ཅག་རྣམས་ཀྱི་རྗེར་ཞུའོ་ཟེར་ནས་གཉའ་བར་ཁྲི་ལ་བཏེགརྒྱལ་པོར་བཀུར་བས་རྗེ་གཉའ་ཁྲི་བཙན་པོ་ཞེས་གྲགས་སོ། ཞེས་ཤིང་པར་སྟོད་ཆའི་ཤོག་གྲངས་161བདུན་པར་འཁོད་པ་སོགས་དེ་དག་ནི་བོད་དུ་བཤད་ཚུལ་འདི་རིགས་དར་བའི་གཞི་འཛིན་ས་ཡིན་ཞིང་། དེ་རྗེས་རིམ་བཞིན་བརྩམས་པའི་༼ཆོས་འབྱུང་བསྟན་པའི་རྒྱལ་མཚན༽དང་༼བུ་སྟོན་ཆོས་འབྱུང༽༼ཚལ་པའི་དེབ་དམར༽༼རྒྱལ་རབས་གསལ་བའི་མེ་ལོང༽༼ཡིག་ཚང་མཁས་པ་དགའ་བྱེད༽༼དེབ་ཐེར་སྔོན་པོ༽༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽ལ་སོགས་པ་ཅུང་ཡོངས་གྲགས་ཆེ་བའི་ལོ་རྒྱུས་ཡིག་ཆ་དང་། དེ་མིན་གྲུབ་མཐའ་སོ་སོའི་ཆོས་འབྱུང་ངམ་ཡིག་ཚང་ཕལ་མོ་ཆེའི་ནང་དུ་གཉའ་ཁྲིའི་འབྱུང་ཁུངས་གླེང་སྐབས། གོང་དུ་གསལ་བའི་ལུང་གང་རུང་ལ་བརྟེན་ནས་དོན་ལ་རྒྱ་གར་ནས་བྱུང་བ་དང་ཤྰཀྱའི་རྒྱལ་རྒྱུད་ཡིན་ཟེར་བའི་བཤད་ཚུལ་དེ་རྒྱ་ཆེར་སྤེལ་ཡོད། ཅེས་པ་དེ་རྣམས་ཀྱིས། ཆོས་ལུགས་ཀྱི་ལོ་རྒྱུས་མཁན་པོ་ཚོས་ལོ་རྒྱུས་ཀྱི་རྨང་གཞི་གང་ལ་བཟུང་ཡོད་པ་དང་། དེ་ལས་འཕྲོས་པའི་ཤོད་སྟངས་མི་འདྲ་བ་ཇི་སྙད་ཅིག་བྱུང་ཡོད་པ་རྣམས་མངོན་གསལ་བསྟན་པ་ཡིན།qJXརྗེ་ཙོང་ཁ་པའི་དྲ་བ།

        ཆོས་ཀྱི་ལོ་རྒྱུས་མཁན་པོ་ཚོས་བོད་ཀྱི་ཡ་ཐོག་གི་རྒྱལ་པོའི་གདུང་དེ་རྒྱ་གར་ནས་བྱུང་བ་དང་། ཤྰཀྱའི་རྒྱལ་བརྒྱུད་ཡིན་ཚུལ་གྱི་བཤད་པ་ཇི་སྙེད་ཅིག་སྤེལ་བའི་རྒྱུ་མཚན་གྱིས། བོན་གསར་མའི་ལུགས་ལའང་དེའི་ཤན་ཞུགས་ནས། བོད་ཀྱི་ཐོག་མའི་རྒྱལ་པོའི་ཁུངས་དེ་མང་པོ་བཀུར་པའི་རྒྱལ་པོར་གཏུག་སྲོལ་བྱུང་ཡོད་པའང་། ༼ལེགས་བཤད་རིན་པོ་ཆེའི་མཛོད༽པེ་ཅིན་ཤ128པ4ལས། རྗེ་གཉའ་ཁྲི་བཙན་པོའི་ཡབ་ལ། གཞན་སྡེ་ནས་ཁ་ཅིག་གིས་གསལ་རྒྱ་གྱི་བུ་ཡིན་ཟེར། ཁ་ཅིག་གིས་སྒྲ་ངན་གྱི་བུ་ཞེས་འདོད། ཁ་ཅིག་གིས་ཤྰཀྱའི་རྒྱལ་རྒྱུད་དང་། ཁ་ཅིག་གིས་དམག་རྒྱལ་གྱི་སྲས་ཡིན་པར་བཤད་པ་ལ་རང་ལུགས་སུ་བསྒྲགས་བྱང་དང་ཉི་སྒྲོན་མཐུན་པར། མཐོ་ཐོག་དང་རྩ་འགྲེལ་མཐུན་པར། ཨུ་རྒྱན་གྱི་རྒྱལ་པོ་དམག་རྒྱལ་གྱི་སྲས་སུ་བཤད་དོ། ། དེ་ལྟར་མི་མཐུན་པ་མང་ཡང་། དོན་དུ་དེ་རྣམས་གང་གི་སྲས་མ་ཡིན་པར་ཡང་བཏགས་སུ་རུང་གི། ངེས་པ་ནི་དེ་རྣམས་རྗེ་བོར་བྱོན་པ་སྟེ། བྱམས་མ་རིགས་གྱི་འཇིགས་སྐྱོབ་མའི་ཐུགས་རྗེས་སྲིད་པའི་ལྷ་དྲུག་དངོས་སུ་བཀུག་ནས་དེ་དག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་པས་སོ། དེའང་མི་ལུས་བསམ་ལེགས་ཀྱི་གདུང་བརྒྱུད་ཡིན་ཞིང་། དེའི་གདུང་ལས་མང་དུ་འདས་པའི་རྗེས་སུ་རྒྱལ་པོ་སྐྱ་བསེང་བྱ་བ་བྱུང་བའི་སྲས་ཡིན་ཏེ། བྱམས་མ་རིགས་ཀྱི་འཇིགས་སྐྱོབ་ལས་གསུངས་པ་ལྟར། རྒྱལ་པོ་སྐྱབས་བསེང་ལ་སྲས་མེད་པས་མཆེད་ཟླ་ཡུལ་འཁོར་སྐྱོང་ཞེས་བྱ་བ་ཡབ་དང་སྲས་མང་དུ་མཆིས་པ་ལ་རྒྱལ་ས་ཤོར་དུ་དོགས་ནས་རྒྱལ་པོ་ཡབ་ཡུམ་ནགས་ཚལ་དབེན་པར་བྱོན་པས། བྱམས་མ་ལས་གྲུབ་པ་བརྙེས་པའི་དྲང་སྲོང་མེའི་ཏིང་ངེ་འཛིན་ལ་ཞུགས་པ་ཞིག་དང་མཇལ། དེར་རྒྱལ་པོ་ཡབ་ཡུམ་གྱིས་གུས་པ་ཕུལ་ཏེ་འཚོ་བ་དྲངས་པས་དྲང་སྲོང་མེ་ལས་ཉིས་འགྱུར་གྱིས་དྲོད་ཆེ་བས་བཙུན་མོའི་ལག་ལ་ཚིག་སྟེ་སྐད་ངན་ཤོར་བས་དྲང་སྲོང་ཏིང་ངེ་འཛིན་ལས་སད་ནས། ཀྱེ་མ་རྒྱལ་པོ་ཡབ་ཡུམ་དཀའ་བ་དང་བཅས་པས་བདག་ལ་འདུན་པོ་དོན་དུ་ཅི་ཞིག་གཉེར་གསུངས་པས། བདག་སྲས་མེད་པས་རྒྱལ་སྲིད་ཉམས་དོགས་པས་བུའི་དངོས་གྲུབ་ཞུ་འཚལ་ཞུས་པས། བྱམས་མ་རིགས་སྔགས་བཅས་པའི་བུམ་པ་གཅིག་གནང་སྟེ་འདི་ནམ་མཁའ་ལ་གཏོར་ཅིག་དང་སྲིད་མངའ་བའི་ལྷ་རྣམས་དབང་དུ་འགྱུར་རོ། ། བཙུན་མོའི་ལག་པ་ལ་བྱུག་ན་སོས་ཞེས་གསུངས་པས། དེར་རྒྱལ་པོས་ནམ་མཁའ་ལ་ཐེངས་དྲུག་གཏོར་བས་ལྷ་དྲུག་ཁུག་སྟེ། ལྷོ་ཕྱོགས་གཡུང་དྲུང་བོན་གྱི་རྒྱལ་བོ། རྒྱལ་བྱིན། ཉི་མ། ཐ་སྐར། ཡབ་བླ། འདོད་པའི་དབང་ཕྱུག་རྣམས་ཀྱིས་བཙུན་མོ་ལ་བྱིན་གྱིས་བརླགས་པས་ཐོག་མར་ནུས་པ་ཆེ་བས་རྒྱལ་པོ་དང་མ་མཇལ་བར་བུ་ཞིག་ཡོད་པ་ནི། རྣ་བར་གཡུང་དྲུང་། མིག་བྱ་མིག་སོ་དུང་སོ་འཁོར་བ། སོར་མོ་རྣམས་དྲྭ་བས་འབྲེལ་བ་ཞིག་བྱུང་བས། བཙུན་མོ་ངོ་ཚ་ནས་རྒྱལ་པོ་ལ་མ་བསྟན་པར་ཟངས་ཁ་སྦྱར་དུ་བཅུག་སྟེ་ཆུ་བོ་གང་གྰ་ལ་བསྐྱུར་བས། ལས་དབང་གིས་གྲོང་ཁྱེར་ཡངས་པར་ཆགས་པས་ཀུན་གྱིས་ངོ་མཚར་ནས་གསོས། ཡོན་ཏན་ཆེ་བའི་རྟགས་མང་བོ་བྱུང་། ཆེར་སྐྱེས་ནས་བོད་དུ་བྱོན་ཏེ། ལྷ་རི་གྱང་ཏོའི་ཁ་ནས་ཡར་ལུང་སོག་ཀར་བབ། དེའི་ཚེ་སྒམ་ལྷ་བོ་ལྷ་གསས་གནམ་ནས་བབ་བྱ་བའི་བོད་ལ་ལུང་བསྟན་པའང་བྱུང་ངོ་། ། བོད་ཀྱི་འགྲོ་བ་སྐྱོང་བ་དང་། རྒྱལ་བསྟན་གྱི་གཞི་འཛིན་པའི་ཕྱིར། སྟེང་གི་ལྷ་མིའི་རྗེ་བོར་བྱོན་པའི་དོན་ཏོ། ། དེ་ནས་ཐོག་མར་ཕྱུགས་རྫི་འགས་མཐོང་ནས་གང་ནས་འོང་བྱས་པས། གནམ་དུ་མཛུབ་མོ་ཀེར་ཀེར་བྱེད་ཅིང་བགད་པས་ལྕེ་སྟེང་གཡུང་དྲུང་རིས་ཝལ་ཝལ་སྣང་། སུ་ཡིན་བྱས་པས་བཙད་པོ་མི་ཡིན་ཟེར། དེར་མི་རྣམས་ཀྱིས་ཤིང་ལ་ཁྲི་བྱས་ནས་གཉའ་བར་བཏེག་མི་ཐམས་ཅད་ལ་བསྟན་པས་ཐམས་ཅད་འཇིགས་ཤིང་དངངས། གཤེན་གཙོ་ལྡན་མཚོ་མགྲོན་ཞེས་པ་ལ་བསྟན་པས། འདི་བོད་ཀྱི་རྗེ་བོར་འོས་སོ་ཞེས་གསུངས་ཏེ་ཚན་ཁྲུས་བྱས་ཏེ་མིའི་རྗེ་གཉའ་ཁྲི་བཙན་པོར་མཚན་གསོལ་ནས་བོད་ཀྱི་རྒྱལ་སར་ཕྱུང་ངོ་། ཞེས་པའི་ལུང་གིས་གསལ་བར་བསྟན་ཅིང་དེ་ལས་མི་ལུས་བསམ་ལེགས་ཀྱི་གདུང་བརྒྱུད་ཡིན། ཞེས་པའི་མི་ལུས་བསམ་ལེགས་ནི་༼ལེགས་བཤད་རིན་པོ་ཆེའི་མཛོད༽པེ་ཅིན་ཤ་90ཕ8ལས། རྒྱལ་གཤེན་མི་ལུས་བསམ་ལེགས་འཁྲུངས་ཚུལ་ནི་བྱམས་མ་ལས། དབུ་ནག་ཀུན་གྱི་སྤྱི་རྗེ་མང་པོས་བཀུར་བ་ཞེས་བྱ་བའི་མིའི་རྗེ་ལྷས་མད་པའི་རྗེ་དེ་ནི་མི་ལ་རྒྱལ་པོ་བྱུང་བ་ལ་སྔ་བས་མཚན་ཐ་ཚན་ཧི་སངས་རྐྱེས་ཞེས་བྱའོ། ། ཞེས་པ་སྟེ། དོན་དུ་ཡ་ཐོག་བོད་ཀྱི་རྒྱལ་པོའི་ཁུངས་དེ་མང་པོས་བཀུར་བའི་རྒྱལ་བརྒྱུད་ལ་གཏུགས་ཤིང་། སྐྱ་སེང་གི་གདུང་བརྒྱུད་ལས་ཆད་པར་བཤད་པའི་ལུགས་དེ་ལས་མི་འདའ་བ་ཞིག་རེད།qJXརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K