མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།སྙན་མོ་དགོན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-16 11:57:45         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

005.jpgPLLརྗེ་ཙོང་ཁ་པའི་དྲ་བ།

        དཔལ་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་ནམ་༼སྙན་མོ་དགོན་ནི༽རྗེ་བཙུན་འཇམ་དཔལ་དབྱངས་གསུམ་ལྡན་མིའི་རྣམ་པར་བྱོན་པ་རྗེ་བཙུན་འཇམ་དཔལ་རོལ་བའི་བློ་གྲོས་མཆོག་གིས་ཕྱག་བཏབ་པ་ཡིན་ལ། ཁོང་གི་རྣམ་ཐར་ནི། དམ་པ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་ཆེ་བོའི་སྤྲུལ་སྐུའི་མཛད་པའི་རྣམ་ཐར་ཆེན་མོ་དང་། རྣམ་ཐར་ཚིགས་བཅད་མ་སོགས་སུ་གསལ་བས་འདིར་མ་སྤྲོས་སོ། ། མདོ་ཁམས་སྒང་དྲུག་གི་ནང་ཚན་མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་པའི། མགོ་ལོག་འབུམ་པ་ཁག་གསུམ་གྱི་ཡ་གྱལ་སྟོད་དབང་ཆེན་འབུམ་གྱི་སའི་ཆར། དར་གྱི་སྙན་མོ་རི་ཞེས་ཡུལ་ལ་དགེ་བཅུ་དང་། ས་ལ་སྲུང་བཞི་སོགས་རང་ཆས་སུ་གྲུབ་པའི་དབེན་པའི་གནས་མཆོག་ཉམས་དགའ་བ་དེར། རབ་བྱུང་བཅུ་བཞི་བའི་ནང་ཚན་མི་ཟད་ཞེས་པ་མེ་ཕོ་ཁྱི་སྟེ། བོད་རྒྱལ་ལོ ༡༩༥༣ ཕྱི་ལོ 1826 ལོ་ནས་བཟུང་ལེགས་མཛད་ཕྲིན་ལས་ཀྱི་འོད་སྣང་དཀར་པོ་ཕྱོགས་ཀུན་ཏུ་གསལ་བའི་ཨ་བྱམས་རྟོགས་ལྡན་ཚང་དང། རྭ་སྒང་གཅོད་པ་གྲུབ་དབང་དྷརྨ་སེངྒེ། མཚོ་ཕུ་གྲུབ་ཆེན་སོགས་དམ་པ་དུ་མ་རིམ་བཞིན་གནས་འདིར་བཞུགས་ནས་སོག་པོ་བླ་མ་དང་། གནས་མགོའི་ཨ་ལགས། གྱི་ལུང་ཐུགས་མཆོག་རྡོ་རྗེ་སོགས་ལ་བཀའ་བཏང་ནས་རག་གྲམ་གནས་མགོ་ཡན་ཆད་དང། གནས་ཆེན་པདྨ་རི་མཐོ་སོགས་གོང་འོག་གི་ས་ཆ་ཀུན་ཏུ་རི་རྒྱ་ཀླུང་རྒྱ་བསྡམས་པ་སོགས་དགེ་བཅུའི་སྲོལ་བཞག སྟོད་དབང་ཆེན་འབུམ་དུ་ནག་སྒར་བཙུགས་ནས་སྤྱི་སྲུང་དང་ཞག་བརྒྱ་སོགས་ཆད་མེད་མཛད་དེ་ལུས་ཅན་འགྲོ་བ་ཡོངས་ཀྱི་བསོད་ནམས་དགེ་བའི་ཚོགས་ཀྱི་ས་བོན་བསྐྲུན་པའི་ཞིང་ས་བླ་ན་མ་མཆིས་པའི་དགོན་སྡེ་འདི་ཉིད་ཐོག་མར་དབུ་བརྙེས། དེའི་རྗེས་རིགས་རུས་ཀྱི་དཔལ་གྱིས་མངོན་པར་མཐོ་བའི། དབང་ཆེན་དཔོན་མདོ་སྡེ་མཆོག་གི་ཐུགས་དགོངས་སུ། ཡུལ་འདིའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་དམ་པར་དགེ་འདུན་པའི་སྡེ་ཞིག་དགོས་པར་ཐུགས་ལ་དགོངས་ནས་བྲག་དཀར་སྐུ་ཕྱོགས་རིན་པོ་ཆེའི་མདུན་དུ་བང་ཆེན་བཏང་སྟེ། དགོན་སྡེ་ཞིག་འདེབས་དགོས་ཚུལ་ཞུས་བར་བརྟེན། ཁོང་གིས་ཨ་མདོ་དགེ་བཤེས་རིན་པོ་ཆེ་ལ་ཆེད་དུ་བཀའ་ཕབས་སྟེ་འདིར་མངགས། དགེ་བཤེས་རིན་པོ་ཆེ་མཆོག་གིས་དཔོན་དབང་ཆེན་མདོ་སྡེའི་གཙོས། ཚོ་སེར་ཉེར་གཅིག་གི་བླ་དཔོན་མི་དྲག་ཆེ་དགུ་ཐམས་ཅད་ལ་གྲོས་མོལ་བྱས་མཐར་ཐམས་ཅད་གྲོས་མཐུན་བྱུང་། དེ་ནས་དགེ་བཤེས་རིན་པོ་ཆེ་དང་དཔོན་དབང་ཆེན་མདོ་སྡེ་མཆོད་ཡོན་ཟུང་གིས་ཐབས་མཁས་ཀྱི་སྒོ་སྣ་ཚོགས་ལ་བརྟེན་ནས། ༧ གོང་ས་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་དང་། རྒྱ་ནག་གོང་མའི་སྐུ་ཞབས་སུན་ཀྲུང་ཧྲན། རྣམ་གཉིས་ལ་དགོན་སྡེ་གསར་འཛུག་དགོས་ཚུལ་སྙན་གསན་ཕུལ་རྗེས། ཁོང་རྣམ་གཉིས་ནས་བཀའི་གནང་བ་ཐོབ། དེ་ནས་ཡུལ་འདིའི་སྐྱེ་འགྲོ་སྤྱིའི་བསོད་ནམས་དང་། དམ་པ་ཁོང་རྣམས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་ཏེ། རང་བྱུང་བཅོ་ལྔ་བའི་ནང་ཚན། དོན་འགྲུབ་ཞེས་པ་ས་མོ་ལུག་གི་ལོ་སྟེ། བོད་རྒྱལ་ལོ། ༢༠༤༦ སྤྱི་ལོ 1919 ལོའི་ནག་པ་ཟླ་བའི་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་སུ། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་དང་། རྡོ་བླ་འཇམ་དབྱངས་ཉི་མ། ཆེ་བོས་སྤྲུལ་སྐུ་བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོ། གླིང་བླ་མ་ཆོས་ཀྱི་རྡོ་རྗེ། ལྕགས་ཤུལ་བླ་མ་ལྷུན་གྲུབ་རྒྱ་མཚོ་སོགས་བླ་གྲྭ་བཅུ་ལྷག་གིས་དགོན་སྡེ་གསར་འཛུགས་ཀྱི་རྐྱེན་སེེལ་མཐུན་གྲུབ་ཀྱི་སྐུ་རིམ་དུ། འཇམ་དཔལ་ཁྲོས་པའི་རང་གཟུགས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པ་དང། ཐུན་མིན་བསྟན་པའི་སྲུང་མ་དམ་ཅན་ཆོས་ཀྱི་རྒྱལ་པོའི་སྒོ་ནས་དྲུག་བཅུ་བའི་གཏོར་བསྔོས་སོགས་མཛད་དེ། སྔར་ཡོད་ཀྱི་ནག་སྒར་དེ་ཉིད་འཇམ་མགོན་རྒྱལ་བ་གཉིས་པའི་ཐུགས་བསྐྱེད་ལས་གྲུབ་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ། ཚང་ལ་མ་ནོར་བ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་པར་བྱེད་པའི་དགོན་སྡེ་ངོས་གཙང་ཞིག་དུ་ཕྱག་བཏབ། དེར་མ་ཟད་ལོ་དེ་ཉིད་དུ་དམ་ཆོས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དངོས་གཙང་མཛད། དབྱར་ཆོས་སུ་མདོ་སྔགས་ཡོངས་སུ་རྫོགས་པའི་གནད་བསྡུས་པའི་བྱང་ཆུབ་ལམ་གྱི་རིམ་པ་མྱོང་ཁྲིད་གནང་བ་སོགས་མགོ་ལོག་དབང་སྟོད་ཀྱི་ཡུལ་གྲུ་འདིར། སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པའི་དབུ་བརྙེས་ཏེ། འགྲོ་བའི་སྡུག་བསྔལ་གྱི་ཚ་གདུང་སེལ་བར་བྱེད་པའི་གྲིབ་བསིལ་གྱི་གདུགས་དཀར་པོ་ཡུག་གཅིག་གིས་ཁྱབ་པར་བྱས་སོ། །PLLརྗེ་ཙོང་ཁ་པའི་དྲ་བ།

006.jpgPLLརྗེ་ཙོང་ཁ་པའི་དྲ་བ།

        སྐབས་དེར་ས་སྐྱོང་མི་ཡི་དབང་པོ་དཔོན་མདོ་སྡེ་མཆོག་གི་རྟེན་འབྲེལ་གྱི་སྒོ་དུ་མར་དམིགས་ཏེ་མང་ཇ་སོགས་ཀྱི་ཆ་རྐྱེན་སྦྱར་ནས་བསྟན་པའི་སྦྱིན་བདག་ཐོག་མར་མཛད། སྔར་སི་ཏུ་རིན་པོ་ཆེས་དབང་སྟོད་ཕྱོགས་འདིར་རི་བོ་དགེ་ལུགས་པའི་བསྟན་དགོན་རྣམ་དག་ཞིག་འབྱུང་ངེས་ལུང་བསྟན་དང་བཅས་རྒྱལ་བའི་བསྟན་པའི་གཞི་མ་ཚུལ་ཁྲིམས་རིན་པོ་ཆེའི་སྲུང་མ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཞལ་ཐང་ཁོང་ཉིད་ཀྱིས་ཕྱག་བྲིས་སུ་མཛད་པ་ཞིག་གནང་ཡོད་པ་དེ་དང། དབང་ཆེན་བླ་མ་དངོས་གྲུབ་རྒྱ་མཚོས་མཛད་པའི་སྤྱི་སྲུང་དང་ནག་སྒར་ཀྱི་བཅའ་ཡིག་ཐམ་ལྡན་དང་། ཁྲིམས་ཡིག་དམར་ལྡང་མ་སོགས་དགོན་འདིའི་རྟེན་ཀྱི་ཐོག་མར་ཕུལ། དེ་ནས་རིམ་བཞིན་དགེ་བཤེས་རིན་པོ་ཆེའི་གཟིམ་ཆུང་དང་། དཔོན་མདོ་སྡེའི་རྒྱལ་ཁང་སོགས་བཞེངས། ཚོ་བ་སོ་སོའི་གྲྭ་ཤག་གི་ས་གཏན་ཁེལ་བྱས་ནས་བཞེངས་འགོ་བརྩམས་ཏེ་བཞེངས་སྐྲུན་མཛད། ༧ རྒྱལ་དབང་བཅུ་གསུམ་པ་ཆེན་པོས་དགོན་འདིར་དཔལ་ལྡན་འབྲས་སྤུངས་དང་། སྨན་རྒྱུད་གྲྭ་ཚང་གཉིས་ཀྱི་ཕྱག་ལེན་དཀྱུས་གཅིག་ཏུ་དྲིལ་ནས་མདོ་སྔགས་ཟུང་འབྲེལ་གྱི་འཇམ་མགོན་བླ་མའི་རང་ལུགས་འཛིན་པ། དཔལ་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་ཞེས་མཚན་གྱི་ཅོད་པན་གསོལ།PLLརྗེ་ཙོང་ཁ་པའི་དྲ་བ།

007.jpgPLLརྗེ་ཙོང་ཁ་པའི་དྲ་བ།

        དགོན་འདིའི་མཁན་དགེ་ཕྱག་གསུམ་ལ་དཔལ་ལྡན་འབྲས་སྤུངས་དགོན་གྱི་མཁན་དགེ་ཕྱག་གསུམ་གྱི་གོ་གནས་དང་ཐོབ་རྟགས་བཅའ་ཡིག་གོས་སེར་ལ་བྲིས་པ་ཐམ་ལྡན་སོགས་གནང་། ཆེ་བོས་སྤྲུལ་སྐུ་གསུང་རབ་ཚང་ལ་སན་འོ་རུལ་ཐུ་ཞེས་མཁན་པོ་ཆེན་པོའི་གོ་གནས་དང་འཇའ་ས་གནང། དགོན་སྡེ་འདིར་ཡིག་ཆ་ཆེན་པོ་བཞིའི་ནང་ཚན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་གཞིར་བཞག་སྟེང་། རིག་ལམ་ཆུང་འབྲིང་ཆེ་བ། གྲུབ་མཐའ། གཞུང་གསར། སྐབས་དང་པོ། ཕར་ཕྱིན། དབུ་མ། འདུལ་བ།མཛོད་བཅས་འཛིན་གྲྭ་བཅུར་བྱས། ཨ་མདོ་དགེ་བཤེས་རིན་པོ་ཆེས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་བླ་མ་འོད་ཟེར་ཆོས་གྲགས་དགོན་པ་འདིར་མངགས་ནས། ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་མཛད། 1936 ལོའི་ཟླ་དགུ་བའི་ཚེས་བཅུ་དགུ་ལ། ༧ ཀུན་གཟིགས་པཎ་ཆེན་དགུ་བ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་རིམ་གྱིས་རྨ་ཆུ་བཅད་ནས། ཚེས་ཉེར་གཅིག་ལ། གཙང་བླ་དྲུང་བསྟན་འཛིན། དབང་སྟོད་བླ་མ་དྲུང་བཀྲ་ཤིས་རྣམ་རྒྱལ། འབོས་པ་བླ་མ་རྩེ་མགོན་ནོར་ཆུང། པདྨ་འབུམ་བླ་མ་དཀའ་ཆེན་བསྟན་འགྱུར་སོགས་བླ་དཔོན་སོགས་བླ་དཔོན་འགོ་དམངས་བཅས་རྟ་བ་སུམ་བརྒྱ་སྐོར་གྱིས་ཕེབས་བསུ་དང། དེ་ཁུལ་གྱི་གྲྭ་རིགས་རྣམས་ཀྱིས་མཆོད་རོལ་སེར་སྦྲེང་བཅས་དར་གྱི་སྙན་མོའི་མདོར་བཞུགས་སྒར་དུ་ཞབས་སོར་འཁོད་འཕྲལ་བླ་དཔོན་སྡེ་ཤོག་བཅས་ནས་བརྟེན་གསོལ་འདེགས་འབུལ་ཞུས། ཚེས་ཉེར་བཞིར་སྙན་མོ་དགོན་པའི་སྤྲུལ་སྐུ་གསུང་རབ། ཝ་ཤུལ་ཆོས་སྐྱོང་མགོན་གཉིས་ཀྱིས་གཙོས་སེར་སྐྱ་སྤྱི་ནས་ཞུས་ངོར། དགའ་ལྡན་འབུལ་བླ་ངོ་འཁོར། དཔལ་ཡུལ་མཆོག་སྤྲུལ་སོགས་སེར་སྐྱ་བཞི་སྟོང་སྐོར་ལ་དུས་འཁོར་ལྷན་སྐྱེས་ཀྱི་རྗེས་གནང་བསྩལ། ཚེས་ཉེར་ལྔའི་ཉིན་སྙན་མོ་དགོན་དུ་སྤྱན་དྲངས་པར་སེར་སྦྲེང་བཅས་འདུ་ཁང་ཡང་སྟེང་གཟིམ་ཆུང་དུ་ཞབས་སོར་འཁོད་འཕྲལ་གསོལ་བཞེས་འདེགས་འབུལ་ཐོག་དགོན་གནས་བཀྲ་ཤིས་ལྷུན་པོའི་དགོན་ལག་ཏུ་ཕུལ་བར། དགའ་ལྡན་ལྷ་བརྒྱ་མ་དང་། དམིགས་བརྩེ་མ། དུས་འཁོར་སྨོན་ལམ་བཅས་ཀྱི་ལྗགས་ལུང་བསྩལ། སྤྲུལ་སྐུ་གསུང་རབ་དང་། མཁན་པོ་ཐབས་མཁས་གཉིས་ཀྱི་གཞུང་ཆེན་བཀའ་བོད་ལྔ་ལ་བགྲོ་གླེང་མཛད་པས་ཁོང་ཐུགས་དགྱེས་པ་མཛད་དེ། སྔར་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་མཁན་དགེ་ཕྱག་གསུམ་ལ་གནང་པའི་ཐོབ་རྟགས་སོགས་སླར་ཡང་གཏན་ཁེལ་བྱས་ནས་རྒྱ་བོད་སོག་གསུམ་གྱི་དེ་ལྟར་ཁས་ལེན་དགོས་པ་དང། བརྩི་བཀུར་བྱེད་དགོས་པའི་བཀའ་ཤོག་ཀྱང་གོས་སེར་ལ་མཚལ་གྱི་ཡི་གེ་དང་ཕྱག་ཐམ་གྱིས་མནན་ཏེ་བསྩལ། ཚེས་ཉེར་བརྒྱད་ལ་ཆིབས་བསྒྱུར་བསྐྱངས་ཏེ་བཞུགས་ཞག་འཁེལ་ཡུལ་ས་གནས་སོ་སོས་ཕེབས་བསུ་སྐྱེལ་དང་བཅས་རང་འཁོར་དང་བསྟུན་པའི་བསྙེན་བཀུར་ཞབས་ཏོག་དང་བླང་ཞུས་ཤིང་། དེ་འབྲེལ་བརྟེན་གསོལ་འདེགས་འབུལ་བ་ཁག་དང་དད་འདུས་སྐྱེ་བོ་བྱུང་ཚད་ལ་ཕྱག་དབང་གི་བྱིན་རླབས་བསྩལ་ཅིང་ཞལ་དཀྱིལ་མིག་གི་བདུད་རྩིར་སྨིན་པར་མཛད།PLLརྗེ་ཙོང་ཁ་པའི་དྲ་བ།

008.jpgPLLརྗེ་ཙོང་ཁ་པའི་དྲ་བ།

    ༼ལོ་རྒྱུས་འདི་དག་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མའི་རྣམ་ཐར་ ལས་བཤུས།༽ དེ་ལྟར་རིམ་བཞིན་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཏེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གནམ་གྱི་ས་བཀབ་པ་ལྟ་བུ་་མང་དུ་བྱོན། ཕྱི་ལོ 1958 དགོན་སྡེ་འདིའི་ཆོས་སྒོ་བརྒྱབ། ཕྱི་ལོ 1962 ལོར་རང་ཁུལ་དུ་སྒོ་ཕྱེས་པའི་དགོན་པ་ཆེ་གྲས་བརྒྱད་ཀྱི་ཡ་གྱལ་གཅིག་ཡིན། སྐབས་དེར་དགོན་པར་གྲྭ་བ་ཉི་ཤུ་ལྷག་ཡོད་ཀྱང་མ་འགོར་བར་དགོན་སྒོ་སླར་བརྒྱབ། རིན་ཐང་གཞལ་མཐའ་བྲལ་བའི་རྟེན་གསུམ་དང་མཆོད་རྫས་མང་ཆེ་བ་རིག་གསར་སྐབས་གར་སོང་ཆ་མེད་དུ་གྱུར། ཕྱི་ལོ 1980 ལོའི་ཟླ 10 ཚེས 21 མགོ་ལོག་ཁུལ་རིམ་པ་དང་། དར་ལག་རྫོང་རིམ་པས་དགོན་ཁག་ཆེ་གྲས་བརྒྱད་ཀྱི་གྲངས་སུ་སྒོ་ཕྱེས། ཨ་མདོ་དགེ་བཤེས་རིན་པོ་ཆེ་ཐུབ་བསྟན་ཆོས་འཛིན་འཇམ་དཔལ་རོལ་བའི་བློ་ལྡན་གཙོས། སྔོན་གྱི་དགེ་བའི་བཤེས་གཉེན་འགའ་ཞིག་གི་བཀའ་དྲིན་ལ་བརྟེན་ནས་དམ་ཆོས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དང་། མདོ་ཕྱོགས་བཀའ་པོད་ལྔ་དང་། སྔགས་ཕྱོགས་རྒྱུད་སྡེ་བཞི་སོགས་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པའི་མེ་རོ་རྨང་ནས་གསོས། ལྷག་པར་ཕྱི་ལོ 2000 ལོར་ཨ་མདོ་དགེ་བཤེས་རིན་པོ་ཆེས་བཀའ་དྲིན་དང་ཐུགས་བསྐྱེད་ལ་བརྟེན་ནས་མདོ་སྨད་མགོ་ལོག་འཇང་ཆོས་ཚོགས་ཆེན་མོ་དགོན་འདིར་ཐོག་མར་ཚུགས་པ་ནས་བཟུང་འཆད་ཉན་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡར་ངོས་ཀྱི་ཟླ་བ་ལྟར་དར་ཞིང་རྒྱས་པར་གྱུར་བའི་སྐབས་ལགས་སོ། །ཞེས་ཙོང་ཁ་དྲྭ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་ངོར་སྤྲུལ་སྐུ་བློ་བཟང་ཟླ་བ་ནས་མཚམས་སྦྱོར་བའོ།PLLརྗེ་ཙོང་ཁ་པའི་དྲ་བ།

009.jpgPLLརྗེ་ཙོང་ཁ་པའི་དྲ་བ།

青海省果洛州达日县华年毛日南杰格丹寺。简称:年毛寺。我寺离县城有23公里,联系人:加华仁增堪布15352991996 达哇活佛18297252229 罗主噶佤 15209757641 PLLརྗེ་ཙོང་ཁ་པའི་དྲ་བ།

 PLLརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K