མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / དུས་ཆེན། > ནང་དོན་དངོས།

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་པའི་གསོལ་འདེབས།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-01-10 22:39:23         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0110_3.jpgN69རྗེ་ཙོང་ཁ་པའི་དྲ་བ།

0110_2.jpgN69རྗེ་ཙོང་ཁ་པའི་དྲ་བ།

0110_4.jpgN69རྗེ་ཙོང་ཁ་པའི་དྲ་བ།

         ༄༅། །ཨོཾ་སྭ་སྟི། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག །རབ་མང་སྟོབས་བཅུའི་རྩལ་གྱི་དཔལ་ཡོན། །རབ་རྫོགས་བཀའ་དྲིན་གསུམ་ལྡན་བླ་མ། །རབ་མཛེས་ངུར་སྨྲིག་འཆང་བའི་མགོན་པོ། །བློ་ཆེན་བསྐལ་བཟང་རྣམ་འདྲེན་སྟོང་གི། རླབས་ཆེན་འཕྲིན་ལས་ལྷུན་གྱིས་གྲུབ་པས། །མདོ་སྔགས་ཆོས་ཀྱི་རྒྱལ་མཚན་འཛིན་ཅིང༌། །དཔལ་ལྡན་མཁས་བཙུན་བཟང་པོའི་དབང་ཕྱུག །འཁོར་མཐའ་བྲལ་བའི་བཀའ་དྲིན་ཟླ་མེད། །སྙིང་ནས་དྲན་པས་གསོལ་བ་འདེབས་སོ། །ད་དུང་བྱང་ཆུབ་མ་ཐོབ་བར་དུ། །ནམ་ཡང་ཐུགས་རྗེས་མི་གཏོང་མཛོད་ཅིག །འདས་དང་ད་ལྟ་འཚོ་གཞེས་སངས་རྒྱས། །མང་དུ་བྱོན་ཀྱང་འདུལ་བར་མ་ནུས། །ཤིང་རྟ་ཆེན་པོ་རྣམ་གཉིས་ལ་སོགས། །སྔོན་བྱོན་དམ་པའི་ཞབས་ཀྱིས་མ་ཟིན། །མགོན་སྐྱབས་མེད་པའི་ཉམ་ཐག་འགྲོ་ལ། །འཕྲལ་ཡུན་ཕན་བདེ་ཡིད་བཞིན་སྩོལ་མཛད། །བཀའ་དྲིན་མཚུངས་མེད་སྐྱབས་ཀུན་འདུས་ཞལ། །འགྱུར་མེད་དད་པས་གསོལ་བ་འདེབས་ན། །བདག་ཅག་ལྔ་བདོའི་འགྲོ་བ་མ་ལུས། །འདི་ཕྱི་བར་དོའི་འཇིགས་པ་ཀུན་ལས། །མྱུར་བར་བསྒྲལ་ཏེ་གཏན་བདེའི་ལམ་བཟང༌། །མ་ལུས་ཇི་བཞིན་གསལ་བར་མཛོད་ཅིག །ཐུབ་བསྟན་ཉིན་མོར་བྱེད་པའི་དབང་པོ། །དུས་ཀྱི་ནུབ་རིར་སྒྲིབ་ལ་ཕྱོགས་ཤིང༌། །སྙིགས་མའི་རྒུད་ཚོགས་སྨག་རུམ་འཐིབས་པོས། །ལེགས་ཚོགས་སྣང་བ་འགོག་པར་གྱུར་ཚེ། །ཁྱོད་ཀྱི་སྙིང་སྟོབས་ཤར་རིའི་ཕྲག་ལས། །རླབས་ཆེན་འཕྲིན་ལས་ཟླ་ཟེར་འཕྲོ་བས། །ཕན་བདེའི་ཀུ་མུད་ཆེས་ཆེར་བཞད་མཛོད། །བསྟན་འགྲོ་ཡོངས་ཀྱི་རྩ་ལག་དམ་པ། །ཁྱད་པར་དེང་དུས་མི་སྲུན་སྐྱེ་བོ། །མི་བཟད་ཕྱོགས་ལྷུང་གདོན་གྱིས་བརླམས་རྣམས། །བྱིན་རླབས་བདུད་རྩིས་རྒྱུད་རབ་བརླན་ཏེ། །ཐར་པའི་ས་བོན་གྲུང་པོར་ཐེབས་མཛད། །བླ་ན་མེད་པའི་བཀའ་དྲིན་དྲན་ཏེ། །རྒྱུན་ཆད་མེད་པར་གསོལ་བ་འདེབས་ན། །སེམས་ཅན་བྱ་སྤྱོད་ཇི་ཙམ་ཞན་ཡང༌། །ཆེས་ཆེར་ཐུགས་རྗེའི་མཐུ་དཔུང་སྐྱེད་མཛོད། །ཞི་བསིལ་ཆོས་ཆར་འབེབས་པའི་སྤྲིན་ཕུང༌། །བླང་དོར་ཇི་བཞིན་གསལ་བྱེད་སྒྲོན་མེ། །ཟབ་མོའི་དེ་ཉིད་ལྟ་བའི་བློ་མིག །དངོས་གྲུབ་འདོད་རྒུ་འཇོ་བའི་གཏེར་ཆེན། །སྲིད་ཞིའི་གཡང་ལས་སྒྲོལ་མཛད་འདྲེན་པ། །སྐུ་གསུམ་གླིང་དུ་ཁྲིད་པའི་ས་མཁན། །དེ་ལྟའི་ཡོན་ཏན་ཟད་མི་ཤེས་པ། །སྙིང་ནས་དྲན་པས་གསོལ་བ་འདེབས་སོ། ༈། དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ། །བཀའ་དྲིན་སངས་རྒྱས་ཡོངས་ལས་ལྷག་པ། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས། །འབད་མེད་བདེ་བླག་ཉིད་དུ་སྩོལ་མཛད། །དུལ་བ་ཞི་བ་ཉེ་བར་ཞི་སོགས། །མཚན་ཉིད་ལྡན་པའི་ཐེག་མཆོག་བཤེས་གཉེན། །མགོན་ཁྱོད་ལེགས་ཚོགས་རྩ་བར་མཐོང་ནས། །ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས་ཤིག །མནོག་ཆུང་ཚེ་འདིའི་བདེ་ལ་ཞེན་ནས། །ཆོས་བརྒྱད་རེ་དོགས་དྲ་བའི་སྦུབས་ཚུད། །དལ་རྟེན་སྟོང་ལོག་ཆུད་ཟོས་གྱུར་ཚེ། །ཡང་དག་སྙིང་པོ་ལེན་པར་བསྐུལ་བའི། །དལ་འབྱོར་རྙེད་དཀའ་དེ་ཡང་མྱུར་འཇིག །ངན་འགྲོའི་སྡུག་བསྔལ་བཟོད་དཀའ་ཡུན་རིང༌། །མནར་བའི་ངང་ཚུལ་ལེགས་པར་འདོམས་པས། བདེ་འགྲོའི་ལམ་བཟང་གསལ་བར་མཛོད་ཅིག །གཏིང་ཟབ་མཐའ་མེད་འཁོར་བའི་རྒྱ་མཚོར། །དུཿཁ་མི་བཟད་ཆུ་སྲིན་གྱིས་ཟོས། །ཉམ་ང་སྲིད་པའི་འགྲོ་ཚོགས་སྒྲོལ་བའི། །དེད་དཔོན་ཆེན་པོར་གསོལ་བ་འདེབས་སོ། །བསླབ་གསུམ་རྣམ་དག་ཡངས་པའི་གྲུ་གཟིངས། །རྟག་གུས་སྦྱོར་བའི་རླུང་གིས་བསྐུལ་བས། །འཇིགས་རུང་སྲིད་མཚོའི་འཇིང་ལས་བརྒལ་ཏེ། །རྣམ་གྲོལ་ཐར་པའི་གླིང་དུ་ཁྲིད་མཛོད། །གཅེས་འཛིན་གཅོང་ནད་དྲག་པོས་བཟིར་བས། །དམན་པའི་གཡང་སར་ལྷུང་ལ་ཕྱོགས་ཚེ། །བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་གྱིས། །ཐེག་མཆོག་ལམ་གྱི་ལུས་ཟུངས་བརྟས་མཛད། །མ་ནོར་ལམ་བཟང་སྟོན་པའི་བཤེས་གཉེན། །བཀའ་དྲིན་སྙིང་ནས་དྲན་པས་གསོལ་འདེབས། །རྨད་བྱུང་ལྷག་བསམ་སྙིང་སྟོབས་བརྟན་པའི། །རིན་ཆེན་སེམས་མཆོག་སྐྱེ་བར་མཛོད་ཅིག །རྒྱལ་དང་དེ་སྲས་ཀུན་གྱི་བཤུལ་ལམ། །རྣམ་དག་བྱང་ཆུབ་སེམས་ཀྱི་སྡོམ་པ། །རང་རྒྱུད་སྨིན་བྱེད་ཕ་རོལ་ཕྱིན་དྲུག །རྒྱལ་སྲས་སྤྱོད་ལ་སློབ་པར་མཛོད་ཅིག །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་ཀྱིས། །སེམས་གནས་ཡིད་བྱེད་བཞི་ལྡན་ཉིད་དུ། །རྩེ་གཅིག་གོམས་པའི་རྣལ་འབྱོར་དབང་པོ། །ཟླ་མེད་དཔལ་ལྡན་བླ་མར་གསོལ་འདེབས། །དགེ་བའི་དམིགས་པར་རི་དབང་ལྟར་བརྟན། །ཤིན་སྦྱངས་དགའ་བདེའི་དཔལ་ལ་སྤྱོད་པའི། །ཏིང་འཛིན་སེམས་ལ་དབང་སྒྱུར་རྒྱལ་པོ། །རྒྱུད་ལ་བདེ་བླག་བསྐྲུན་པར་མཛོད་ཅིག །སྣང་ཞིང་སྲིད་པའི་ཆོས་རྣམས་མ་ལུས། །མིང་ཙམ་ཉིད་ལ་བྱ་བྱེད་བསྙོན་མེད། །འཁྲུལ་བྲལ་རིགས་པའི་ལམ་ནས་འདོམས་མཁས། །བསྟན་པའི་སྒྲོན་མེར་གསོལ་བ་འདེབས་སོ། །སྲིད་པའི་རྩ་བ་དྲུང་ནས་འབྱིན་བྱེད། །ཆོས་ཀུན་གདོད་ནས་སྟོང་པའི་རང་ཞལ། །མངོན་དུ་གྱུར་བའི་ཡང་དག་ལྟ་བ། །ཇི་བཞིན་ཁོང་དུ་ཆུད་པར་མཛོད་ཅིག །དེ་ལྟར་རང་རྒྱུད་སྨིན་པར་བྱས་ནས། །ཐབས་མཁས་བསྡུ་བཞིའི་དཔལ་གྱི་འབྱོར་པས། །ལྷུན་གྲུབ་གཞན་དོན་ཕུན་སུམ་ཚོགས་པའི། །ཉམས་ལེན་མཐའ་རུ་སོན་པར་མཛོད་ཅིག༈། ཐུན་མོང་ལམ་སྦྱང་སྣོད་རུང་གྱུར་ཚེ། །རྣམ་དག་དབང་བཞིས་སྨིན་པར་མཛད་ནས། །དངོས་གྲུབ་ཀུན་གྱི་རྩ་བ་དམ་སྡོམ། །སྲོག་ལས་གཅེས་པར་འཛིན་པར་མཛོད་ཅིག །ཐ་མལ་གནས་ལུས་ལོངས་སྤྱོད་ཀུན་ཀྱང༌། །ཡོངས་དག་རྣལ་འབྱོར་ཉིན་བྱེད་མཆོག་གིས། །སྐྱེ་ཤི་བར་དོའི་མུན་ཁམས་བཅོམ་སྟེ། །སྐུ་གསུམ་འོད་བརྒྱའི་དྲ་བ་རྒྱས་མཛོད། །སྙིང་གའི་དྷུ་ཏཱིར་ཁྱོད་ཞབས་བཀོད་པས། །ཟབ་ལམ་རྫོགས་རིམ་རིམ་པ་ལྔ་ཡི། །འོད་ཆགས་རིན་ཆེན་ཐེམ་སྐས་འགྲོད་ལས། །སྐུ་བཞིའི་གོ་འཕང་ཚེ་འདིར་སྩོལ་ཅིག །མདོར་ན་དེང་ནས་བྱང་ཆུབ་བར་དུ། །ཁྱོད་ལས་ལྷག་པའི་སྐྱབས་གཞན་མེད་པས། །འབྲལ་བ་མེད་པར་རྗེས་སུ་ཟུངས་ལ། །མཆོག་མཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །ཁྱད་པར་མ་འོངས་རྫོགས་ལྡན་དུས་སུ། །རིགས་ལྡན་དྲག་པོ་འཁོར་ལོར་བཞེངས་ཚེ། །ཐུགས་ཀྱི་གསང་མཛོད་ཡོངས་སུ་འཛིན་པས། །སྲས་ཀྱི་ཐུ་བོར་འགྱུར་བར་ཤོག་ཅིག །དེ་ལྟར་བཀའ་དྲིན་དྲན་པའི་གསོལ་བཏབ། །དགེ་བས་ཞིང་འདིར་རྗེ་བཙུན་བླ་མ། །སྐུ་ཚེ་རྟག་བརྟན་ཆོས་སྲིད་ལེགས་ཚོགས། །གེགས་མེད་ལྷུན་གྱིས་འགྲུབ་པར་ཤོག་ཅིག །མགོན་ཁྱོད་གསང་གསུམ་མཐོང་ཐོས་དྲན་རེག །ཀུན་ཀྱང་ཆོས་འབྱོར་བདེ་སྐྱིད་དཔལ་ལ། །སྤྱོད་པའི་དགེ་ལེགས་སྣང་བས་ཁྱབ་སྟེ། །བསྟན་དང་འགྲོ་བའི་དཔལ་དུ་གྱུར་ཅིག །N69རྗེ་ཙོང་ཁ་པའི་དྲ་བ།
ཅེས་པ་འདི་ནི་སྐྱབས་མགོན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མཛད་པའོ། །N69རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K