མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / གསུང་རབ། / བཅའ་ཡིག > ནང་དོན་དངོས།

༄༅།། དཔའ་རིས་ཡར་ལུང་དགོན་པའི་བཅའ་ཡིག་ཆེན་མོ།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-12-17 10:12:14         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

         ཇི་སྐད་དུ། ཇི་ལྟར་འདི་ནི་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀའི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་།།རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་བསྟན་པའི་རྩ་བའམ་གཞི་མ་ལུང་སྡེ་བཞི་སོགས་ལ་བརྟེན་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ནན་ཏན་བྱས་པས་གནས་སྐབས་སུ་མངོན་མཐོ་ལྷ་མིའི་ཡང་སྲིད་བརྒྱུད་མར་ཐོབ་ཅིང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཡུལ་ལས་རྣམ་པར་རྒྱལ་ཏེ།བྱང་ཆུབ་གསུམ་པོ་གང་རུང་ཐོབ་ནས་ཕྱིར་མི་ལྡོག་པའི་འབྲས་བུ་ལྷུན་གྱིས་གྲུབ་པ་ནི། སུམ་བརྒྱ་བར། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ།།དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། །འཆི་བའི་འཚེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན།།ཞེས་དང་། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་ལྷ་དང་མེ་ཏོག་མདའ་ཅན་འཇོམས།།ཞེས་ཡོན་ཏན་ཕུན་སུམ་ཚོགས་པའི་སུམ་ཆ་ཚུལ་ཁྲིམས་དེའང་གངས་གཡག་གི་རྔ་མའི་ཉག་མ་གཅིག་ཤིང་ལ་ཐོགས་ན་ནམ་འཆིའི་བར་སྡོད་པ་དེ་བཞིན་དུ་ཉེས་བྱས་ཕྲ་མོ་ཡན་ཆད་ལའང་ལུས་སྲོག་ལ་མི་བལྟ་བར་གསུངས་པའི་ཕྱིར།སོ་ཐར་འགྲེལ་བར། ཇི་ལྟར་བསིལ་རུམ་གངས་ཁྲོད་ལ་གནས་པའི་གཡག་རྔ་མ་བག་ཡོད་པས་བསྲུང་བ་ཝ་མཇུག་ལྟར་མི་སྐྱོང་བར་རྩེ་མོ་ལྡང་དུ་གཟར་ཏེ་འགྲོ་བ་དེ་བཞིན་དུ་ཚུལ་ཁྲིམས་འདི་ཡང་བག་ཡོད་པར་བསྲུང་བར་གྱིས་ཤིག་ཅེས་པའི་ཐ་ཚིག་གོ།ཞེས་བསྲུངས་ན་ཕན་ཡོན་ཆེན་པོ་དང་ལྡན་ཞིང་། མ་བསྲུངས་ན་ཉེས་དམིགས་ཀྱང་དགེ་སློང་ལ་རབ་ཏུ་གཅེས་པའི་མདོར། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ།།ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །ཞེས་དང་། སྲོག་དང་བྲལ་ཞིང་ཤི་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི།ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཤིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་མྱོང་བར་འགྱུར་རོ།།ཞེས་ལེགས་པར་བསྲུང་དགོས་ཤིང་སྒོས་དབང་གིས་བསྲུང་མ་ནུས་ན་འཆབ་སེམས་ཀྱིས་གནས་པ་ལས་སྡོམ་པ་ཕུལ་བ་ཕན་ཡོན་ཆེ་སྟེ།དེ་ཉིད་ལས། གང་ཞིག་བསླབ་ལ་མི་གནས་པས། །བདེ་གཤེགས་རྒྱལ་མཚན་འཛིན་པ་ལས། །བསླབ་པ་མི་གནས་སྐད་ཅིག་ལ། །གཟུགས་བོར་ཁྱིམ་པར་གནས་པ་བཟང་།།ཞེས་དང་། ལུང་རྣམ་འབྱེད་དུ། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས།།ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་བསླབ་པ་དང་མི་ལྡན་པའི་གང་ཟག་གིས་དཀོར་ལ་ལོངས་སྤྱོད་པ་དང་། དེར་མ་ཟད་ཁྱིམ་པས་སྤྱད་ཀྱི་དེ་དང་ཆ་འདྲ་བའི་ཉེས་དམིགས་བཟོད་པར་དཀའ་ཞིང་།ཉི་མའི་སྙིང་བོའི་མདོར། ལྷུན་པོ་དང་ནི་འདྲ་བའི་མི། །བླང་བར་བྱ་སྟེ་བཟོད་པ་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱོད་པར་ནི་མི་བྱའོ།།ཞེས་དགེ་སྐྱོན་ཕྲ་རགས་ཐུགས་ལ་འཇོག་དགོས་པ་ཡིན་ཅིང་། ཚུལ་ཁྲིམས་ཀྱི་བསླབ་པ་ནི་བསམ་གཏན་ཤེས་རབ་གཉིས་འཕེལ་ཞིང་ཡུན་རིང་བོར་གནས་པའི་རྟེན་དུ་རྒྱལ་བ་སྲས་དང་བཅས་པས་ལན་གྲངས་མང་བོར་བསྔགས་པ་དེ་ཉིད་ལས་བརྩམས་ཏེ་ཀུན་སྤྱོད་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་དངོས་དོན་གཙོ་བོར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཀུན་མཁྱེན་གཉིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རིང་ལུགས་ཞྭ་སེར་ཅོད་པན་འཛིན་པའི་བསྟན་པ་བསླབ་གསུམ་རིན་ཆེན་རྒྱན་གྱིས་སྦས་པའི་གདུགས་དཀར་པོ་གཅིག་གིས་བོད་དང་བོད་ཆེན་པོ་རྒྱ་ཧོར་ཨ་མདོ་སོགས་འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀྱིས་མཚོན་པའི་ཁྱོན་ཐམས་ཅད་ཡོངས་སུ་ཁེངས་པའི་གྲིབ་བསིལ་གྱིས་བདེ་ཞིང་སྐྱིད་པར་བཀོད་པ་ལ།ཀུན་གྱིས་ཕྱི་འདུལ་བའི་ཀུན་སྤྱོད་ཚུལ་ཁྲིམས་གཙང་མ་དང་ལྡན་ཞིང་། ནང་འདོད་ཆུང་ཆོག་ཤེས་བསྟེན་ཏེ་རྒྱུད་ཞི་ཞིང་དུལ་བར་གནས་པ་དགོས་པས།ཐོག་མར་གསར་དུ་གྲྭར་ཞུགས་པའི་ཚེ་སྡོམ་པ་མ་ཐོབ་པ་དག་ཐོབ་པར་བྱ་བ་ལ། བར་ཆད་དད་མི་ལྡན་པ་དགོས། བར་ཆད་དང་ལྡན་པ་སྡོམ་པ་མི་སྐྱེ་བའམ།སྐྱེས་ཀྱང་རིང་བར་མི་གནས་པ་སོགས་ཀྱི་ཉེས་པ་ཡོད་པས་ལེགས་པར་བརྟག བར་ཆད་མེད་པ་རྣམས་ལ་བླ་གོས། ཐང་གོས་གདིང་བ་ལྷུང་བཟེད།ཆུ་ཚགས་སོགས་རབ་བྱུང་གི་རྟགས་རྣམས་བརྙན་པོའི་ཚུན་གྱིས་ཚང་བར་བྱས་ཤིང་། ལོ་ཚིགས་སུམ་སླེབ་པ་དང་བསྲུང་མཚམས་མི་ཟིན་པའི་དགག་བྱ་དང་ལྡན་པ་རྣམས་མི་འཇུག ཐོག་མར་གཞན་དག་ལས་མཁོ་བའི་ཡོ་བྱད་གཡར་དགོས་བྱུང་ཡང་།དེ་ནས་བཟུང་སྟེ་ཟླ་གསུམ་ཚུན་ལ་རང་ཉིད་དབང་བའི་རབ་བྱུང་གི་རྟགས་འགྲིགས་པར་བྱེད། སྡོམ་པ་དང་མི་ལྡན་པའམ། ལྡན་ཀྱང་རྟགས་ཆ་ལུགས་མ་ཚང་བ་ཚོགས་སུ་མི་འཇུག སྔོན་ནས་རབ་ཏུ་བྱུང་ཟིན་ཡུལ་ཕྱོགས་གཞན་དག་ནས་འོངས་པ་གསར་དུ་འཇུག་ན།དེ་གཞན་དུ་བསླབ་སྐྱོན་གནས་དབྱུང་སོགས་རིས་ཕོག་མ་ཕོག་ལེགས་པར་བརྟག བསྙེན་པར་རྫོགས་འདོད་པ་རྣམས་ཀྱང་བར་ཆད་བརྟག་པ་སོགས་རབ་བྱུང་གི་སྐབས་དང་མཚུངས།དེའང་གནས་བརྟན་རྣམས་དང་གསར་བུ་རྣམས་ཚུལ་ཁྲིམས་ཉམས་པར་གྱུར་པ་ལ་ངེས་པར་སྤྲོད་དགོས་པས། དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་དེས་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་གང་བསླབ་པ་དེ་ལ་བསླབ་དགོས་པར་བསྟན་པའི་ཤུགས་ལ།དགེ་ཚུལ་བར་མ་སོགས་ལའང་འདྲ་བས་གྲྭ་སར་ཞུགས་ནས་གནས་ཀྱི་སློབ་དཔོན་བསྟེན་ཏེ། ཤེས་རབ་ཆེ་ཆུང་དང་བསྟུན་པའི་ཟླ་གྲངས་ཇི་ལྟར་འོས་པའི་ཁོངས་སུ།ལུང་རྣམ་འབྱེད་ལས་གསུངས་པའི་སྡོམ་གྱིས་བསྡུས་པའི་བསླབ་ཁྲིམས་དང་། ལུང་གཞི་དང་ཕྲན་ཚེགས་སྐབས་ཀྱི་འབྱུང་ཉེ་བའི་བླང་དོར་རགས་པ་རྣམས་ལ་བསླབས་ཏེ་གསར་རྙིང་ཐམས་ཅད་ཀུན་སྤྱོད་མཐུན་པར་བྱེད་དགོས་ལ།མདོ་ལས། དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །ཚུལ་ཁྲིམས་འདི་ནི་ཐར་བའི་ལམ།།ཚུལ་ཁྲིམས་འདི་ནི་ཡོན་ཏན་གཞི། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཞེས་དང་། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོས། །སྡོམ་པ་དེ་དག་བསྲུང་བ་ལས།།གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །ཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །བརྩོན་ལྡན་རྣམས་ཀྱིས་སོ་སོར་ཐར།།རྟག་ཏུ་གུས་པས་འབད་དེ་སྲུངས། །ཞེས་ཕན་ཡོན་དང་བཅས་གསུངས་པ་བཞིན་ཡིན་པས་དོན་ཚིག་ཙམ་དུ་མ་སོང་བར་ཉམས་སུ་བསྟར་བ་དགོས་ལ།དེ་ལྟར་ཉམས་སུ་ལེན་པ་ལ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་་རག་ལས་པས། མཛའ་བཤེས་ཀྱི་ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་།།ཐད་ཀར་བབས་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་ལ། །དེ་ཕྱིར་བདག་བས་གཙོར་གྱུར་བསྟེན་པར་བྱ།།ཞེས་གསུངས་པ་བཞིན་རང་ལས་ཡོན་ཏན་ལྷག་པའི་མཁན་སློབ་བམ་དགེ་རྒན་བསྟེན་ནས་ཡི་གེ་ཀློག་པ་ནས་བརྩམས་ཏེ་བསླབ་སྦྱངས་ལ་ནན་ཏན་བྱེད་དགོས་ཤིང་།རྒྱལ་བ་མ་ཕམ་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་།།དེ་སེམས་པ་དང་བསྒོམ་པའོ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་བོ་དཔག་ཏུ་མེད། །ཅེས་ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པའི་བསོད་ནམས་ཀྱི་ཕུང་བོ་དཔག་ཏུ་མེད་པར་གསུངས་པས།སློབ་དཔོན་ཐུ་མིས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ།།ཞེས་ཡི་གེ་འབྲི་བ་དང་ཀློག་པ་སོགས་ཡོན་ཏན་ཀུན་གྱི་གཞི་མར་དང་བོར་གལ་ཆེ་བར་གསུངས་པ་ལྟར། ཚང་མ་ཡི་གེ་འབྲི་ཀློག་བསླབ་པ་སོགས་ལ་བརྩོན་པ་དང་།ཆོས་སྤྱོད་ཆོ་ག་བསྐང་གསོ་སོགས་ཞལ་འདོན་གྱི་རིམ་པ་རྣམས་རང་རང་གི་དགེ་རྒན་དང་དགེ་བསྐོས་རྣམས་ཀྱིས་རྟིང་བསྐུལ་སྐབས་སུ་གང་བབས་དང་།རྟོག་འཇུག་ཞིབ་མོ་བྱས་ཏེ་ལེ་ཤོར་དུ་མ་སོང་བར་ལེགས་པར་བཟུང་ནས་སྦྱངས་ཏེ་ལོ་གསུམ་ཚུན་འགྲིལ་བ་བྱེད་དགོས་པ་གལ་ཤིན་ཏུ་ཆེའོ།། དེ་ནས་ཚོགས་འདུ་གྲོལ་གྱི་རིམ་པ་ནི། ཉིན་ཞག་གཅིག་གི་ཚོགས་འདུ་གྲོལ་ལྟ་བུ་ལ་མཚོན་ན། ཞོགས་ཀའི་ཚོགས་ལ་དུང་ཐེངས་དང་པོའི་ཚེ་མ་འགྱངས་པར་ཞྭ་མོ་ཟླ་གམ་སོགས་ཚུལ་མཐུན་གྱིས་བཞེས་ཏེ་ཞི་འདུལ་གྱིས་དམིགས་བརྩེ་མ་སོགས་རང་རང་གི་ཁ་འདོན་སྐོར་གསུང་བཞིན་འདུ་བ་ལས།རྒྱུག་མཆོང་འཕྲོས་པ་ལོང་གཏམ་ཀུ་ཅོ་སོགས་མི་བྱེད་པར་སྤྱོད་ལམ་མཛེས་པས་འདུ། དུང་ཐེངས་གཉིས་པའི་ཚེ་འདུ་ཁང་གི་སྒོ་འབྱོར་དུ་ཆད་ལུས་མེད་པར་འཚོགས་ནས་ཞུགས།ཐམས་ཅད་འཛོམས་པ་དང་དུང་ཐེངས་གསུམ་པ་བཏང་བ་དང་མཉམ་དུ་དམིགས་བརྩེ་མ་གསུང་བཞིན་པར་ནང་དུ་ཕེབས། གྲལ་འགོར་བསླབ་པ་རྒན་པ་དཀའ་རབ་འབྱམས་མཚན་བཏགས་དང་།དེ་འཕྲོ་ལ་དགེ་སློང་དགེ་ཚུལ་རབ་བྱུང་རྣམས་རང་རང་གི་བསླབ་པའི་རྒན་གཞོན་གྱི་གོ་རིམ་བཞིན་དུ་བཞུགས་པ་ལས། གྲྭ་བ་གཞོན་པ་རྣམས་རྒན་པའི་གོང་དུ་མི་འཚང་།རྒན་པ་རྣམས་གཞོན་པའི་མཐའ་ལོགས་སུ་མི་འདུག འཚང་ག་དང་རྐང་མགྱོགས་ཧབ་ཐོབ་བྱེད་མི་ཆོག གྲལ་དུ་བཞུགས་ཚུལ་ཡང་། ཧ་ཅང་དགྱེ་བ་དང་སྒུར་བ་མ་ཡིན་པར།མུ་ཏིག་བསྟར་ལ་བརྒྱུས་བཞིན་འབར་འབུར་ཡ་ཡོ་འཁྱག་འཁྱོག་མེད་པར་སྐུ་དྲང་བོར་བསྲངས་ཤིང་དབུ་ཅུང་ཟད་སྒུར་ཏེ་ལོ་ཡག་གི་སྙེ་མ་ལྟར་བཞུགས་དགོས།དགེ་བསྐོས་ཀྱིས་གྲལ་འགྲིག་ཚར་བ་དང་། དུང་མཁན་གྱིས་དུང་འཕྲོ་བཞག་པ། བྱང་འདྲེན་གྱིས་ཞལ་འདོན་འགོ་བསྐུལ་བ། ཆབ་རིམ་པས་སྒོ་ཡོལ་ལམ་སྒོ་བརྒྱག་པ་གསུམ་གྱིས་དུས་མཉམ་དུ་འོང་བ་བྱེད།དེ་ནས་ཆབ་རིམ་པས་ཆབ་བྲིམ་པའི་འཕྲོ་དགེ་བསྐོས་ཀྱིས་སྤོས་སྐོར་བྱེད། ཞལ་འདོན་གསུང་བའི་ཚེ་དལ་བྲེལ་འཚམ་ཞིང་དབྱངས་རྟ་གདངས་འདུར་གང་ཡིན་སླར་རྒྱུན་མ་ཉམས་པ་དང་།སྐད་མཐོ་དམན་ཕྲ་སྦོམ་གཡས་འཐེན་གཡོན་འཐེན་མ་སོང་བར་དབུ་མཛད་དང་བསྟུན་ནས་མགྲིན་གཅིག་དབྱངས་གཅིག་ཏུ། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་བ།དེའི་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་ཤིང་ཞབས་པད་བརྟན་པ། དགེ་འདུན་འདུས་སྡེ་རིན་པོ་ཆེའི་འཁོར་ལོ་གསུམ་གྱི་བྱ་བ་འཕེལ་བ།མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་བདེ་བ། ཁྱད་པར་དམིགས་ཡུལ་གྱི་རྒྱུ་འབྱོར་བ་ལ་ཕན་འདོད་ཀྱི་ལྷག་བསམ་བཟང་པོས་མཐའ་དབུས་མེད་པར་མཉམ་པ་འུར་ཆེམ་ཆེམ་གྱིས་གསུངས་པ་ལས།དེ་མིན་གཞན་དུ་ཚོགས་ལ་བཞུགས་རིང་མི་བདོན་པར། ཁ་རོག་འདུག་པ། ཁ་གཏུམ། གཞོག་གཅུས། འཇིང་བ་བསྒྱུར་བ། གཡས་གཡོན་ཡར་མར་དུ་བལྟ་བ།ཀ་བ་དང་རྩིག་པ་སོགས་ལ་སྙེ་བ། ལོང་གཏམ་སྨྲ་བ། ཁ་གཡེངས་མི་གཡེངས། གཉིད་ལོག་པ། བཞད་གད་རྩེད་མོ། མགོ་ཧ་ཅང་དགྱེ་བ་དང་སྒུར་བ།གཞན་ལ་མིག་བརྡ་དང་། མཆུ་ཚུགས་བྱེད་པ། ཁ་སྣ་མ་བཀབ་པར་མཆིལ་སྣ་བས་འདོར་བ་དང་སྤྲིད་པ་གླལ་བ། ཟླ་གམ་གྱི་མདུན་ཕྱེ་ནས་སྡོད་པ་སོགས་སྤྱོད་ལམ་མི་ལེགས་པའི་རིགས་གཏན་ནས་སྤངས་ཏེ་ཚུལ་དང་མཐུན་པར་བཞུགས་དགོས།ཚོགས་ལ་ལྷམ་མི་གྱོན། མཆིལ་ལྷམ་ཁྱམས་སུ་འཇོག་པ་མ་གཏོགས་འདུ་ཁང་ནང་དུ་མི་ཕུད། བཟའ་བཏུང་གི་ཚེའང་ཧུ་ཧུ་ཕུ་ཕུ་ཅག་ཅག་ཁ་འཕྲོ་བཅད་དེ་ཟ་བ།ཚོགས་ཕོར་ལྕེས་ལྡག་པ་སོགས་འདུལ་བ་ནས་བཀག་པ་རྣམས་མི་བྱེད། ཇ་ཐུག་བཞེས་མཚམས་སུ་གླེང་མོ་བཞད་གད་རྩེད་མོ་སོགས་མི་བྱེད།ཕྱག་བདེ་བས་ཇ་ཐུག་སོགས་འདྲེན་སྐབས་གྲལ་བར་དུ་འབོར་ཟག་མེད་པ་བྱེད་དགོས། ཚོགས་སུ་ཡང་གྲྭ་བ་རྒན་གཞོན་ཆེ་ཆུང་གང་ཡིན་ཀྱང་དོན་མེད་ཀྱི་གཡེང་བའི་དབང་དུ་མ་སོང་བར་འདི་ཕྱིའི་ཚོགས་བསོག་སྒྲིབ་སྦྱོང་བསམས་ནས་རྒྱུན་ཚོགས་དང་སྨོན་ལམ་དུས་བཟང་རྣམས་ལ་མ་ཆག་པར་ཕེབས་དགོས།གནང་བ་མ་ཞུས་པར་ཚོགས་སུ་མི་འོང་མི་བྱེད་པས་དགེ་བསྐོས་དང་དགེ་གཡོག་པས་དོ་དམ་ཡག་པོ་བྱེད། ཚོགས་གྲོལ་བའི་ཚེའང་ཆབ་བླངས་ནས་དགེ་བསྐོས་ཀྱི་བརྡ་ཕུལ་བ་དང་བསྟུན་གྲལ་གཤམ་ནས་དལ་བུས་འགྲོ་བ་ལས་མཆོང་རྒྱུག་རྒོད་བག་གི་རིགས་མི་བྱེད།གཙུག་ལག་ཁང་གི་ཉེ་སྐོར་དང་ཆུ་འགོ་ལམ་སྲང་རྣམས་སུ་མཆིལ་སྣབས་དང་མི་གཙང་བ་མི་འདོར། ལོ་གཅིག་གི་ཆོས་ཐོག་དང་ཞལ་འདོན་གྱི་རིམ་པ་ནི།ཟླ་བ་དང་པོའི་ཚེས་གཅིག་གི་ཐོ་རངས་ཚོགས་བརྡ་བཏང་ཚེ་ཐམས་ཅད་འཚོགས་འཕྲལ་ཚེ་རབས་ཀུན་ཏུ་མ། སྐྱབས་སེམས་ལྟུང་བཤགས།སྤྱི་བཤགས་བཅས། མང་ཇ་དང་པོའི་མཇུག་ཏུ་བསྟན་འགྲོ་སྤྱི་བྱེ་བྲག་ལ་གནོད་ཅིང་འཚེ་བར་བྱེད་པ་རྣམས་ཞི་བའི་ཕྱིར་དུ་ཤེར་སྙིང་བཟློག་བཅས།འཇིགས་བྱེད་དཔའ་བོ་གཅིག་པ་བདུད་ལས་རྣམ་རྒྱལ་དང་། འདོད་ཁམས་དབང་མོའི་བསྐང་བཤགས་སོགས་ཚེས་གཏོར་རྒྱས་པར་ཕུལ།འདིའི་སྐབས་སུ་དབྱངས་རྟ་རོལ་མོ་སོགས་ཕྱག་ལེན་གང་ཡོད་སླ་ཆོས་ཁྲལ་ཆོས་སུ་མ་སོང་བར་ཚད་ལྡན་བྱ་དགོས། དེ་ནས་ཁྲི་བའི་བླ་བྲང་ནས་གནམ་ལོ་གསར་བའི་དགའ་སྟོན་བྱ།ཡར་འཚོགས་ནས་རྒྱུན་ཇའི་ཞལ་འདོན་གཏོར་མ་བརྒྱ་རྩ་གདུགས་ཤེར་སྒྲོལ་གསུམ། གཏོར་འབུམ་རྣམ་གསུམ་སོགས་གསུངས་རྗེས་བླ་མ་ལས་སྣེ་བ་རྣམས་འདུ་སྡེ་དང་བཅས་ཚོགས་བཞིན་པར་འོས་ཐོ་ཕྱེ་སྟེ་དགེ་བསྐོས་གསར་བ་བསྐོས་ནས་ཚོགས་གྲོལ།ཚེས་གཉིས་ལ་དུང་བརྡས་འཚོགས་ནས། སྐྱབས་འགྲོ་ནས་ཤེར་སྙིང་བཟློག་བཅས་ཀྱི་བར་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་གང་མང་དང་།དམ་པ་གོང་མ་རྣམས་ཀྱི་ཞབས་བརྟན་གསོལ་འདེབས། །གདུགས་དཀར་སེང་གདོང་མ་སོགས་གསུངས་ནས་ཚོགས་གྲོལ། ཡང་དགོངས་མོ་བཙན་ཁང་ལ་རྔ་བརྡ་རྡུང་ཚེ་འཚོགས་ནས་རྒྱལ་གསོལ་གཟབ་རྒྱས་གཏོང་།ཚེས་གསུམ་གྱི་སྔ་དྲོ་ལྷ་ཚེས་སྐུ་བབས་བྱ། བླ་བྲང་རྣམས་ནས་ཚོགས་འདུ་བ་རྣམས་ལ་དགའ་སྟོན་གཏོང་། ཚེས་བཞི་ལ་རྒྱུན་ཚོགས་གྲོལ་བ་ན།ལས་སྣེ་བ་དགེ་བསྐོས་རྙིང་བ་དང་བཅས་དགེ་བསྐོས་གསར་བ་ལ་བཅའ་ཡིག་རྩེ་སྤྲོད་བྱས་ཏེ་གྲྭ་མང་གི་རྩེད་མོ་འདུ། ཚེས་བརྒྱད་ལ་ཆོ་འཕྲུལ་སྨོན་ལམ་གྱི་གྲལ་འཛིན།ཚེས་དགུའི་སྔ་དྲོ་རྒྱུན་ཇའི་ཞལ་འདོན་གསུངས་ནས་ཚོགས་གྲོལ། དེ་མ་ཐག་སྙན་གསན་གྱིས་འཚོགས་ནས། བླ་མས་གསུངས་ཆོས་གནང་ནས་ཚོགས་གྲོལ།ཡང་དུང་བརྡས་འཚོགས་ནས་སྐུ་རིམ་རྣམ་གསུམ་གསུངས་ནས་ཚོགས་གྲོལ། ཡང་དུང་གིས་སྨོན་ལམ་འཚོགས་ནས་ལེགས་བྲིས་མ། སྐྱབས་འགྲོ།སྤྱན་འདྲེན་ཁྲུས་གསོལ། ལྟུང་བཤགས། གསང་བའི་རྣམ་ཐར། བཟང་སྤྱོད་སོགས་སྨོན་ལམ་རྣམ་བཞི། བླ་མས་བསྔོ་སྨོན། བསྟན་འབར་མ།བདེ་ཅན་སྨོན་ལམ་ཤིས་བརྗོད་སོགས་གསུངས་ནས་ཚོགས་གྲོལ། དེ་བཞིན་དུ་བཅུ་བཞིའི་བར་འདྲ་ལ། བཅོ་ལྔར་གསུང་ཆོས་གྲོལ་ནས་གར་འཆམ་དང་དགོངས་མོ་སེམས་བསྐྱེད་མཆོད་པ་རྒྱས་པར་འབུལ།བཅུ་དྲུག་ནས་ཉེར་གཅིག་གི་བར་སྔར་བཞིན་ལ། འདི་ཉིན་བྱམས་པ་ཆོས་སྐོར་མཆོད་སྤྲེང་དང་བཅས། ཉེར་གཉིས་མཚམས་སྦྱོར་སྨོན་ལམ་གྱིས་ཚོགས་གྲོལ་ལོ།།ཟླ་བ་རེ་རེའི་ཡར་ངོའི་གསོ་སྦྱོང་གི་ཚེ་གནྜིའི་བརྡ་བྱུང་མ་ཐག་ན་བ་དང་མཚམས་པ་བ་སོགས་དམིགས་བསལ་ཅན་འགའ་རེ་མ་གཏོགས་དགེ་ཚུལ་སློང་ཐམས་ཅད་བྱོན་ནས་རང་རང་གི་གསོ་སྦྱོང་མཛད།ཟླ་བ་དྲུག་པའི་ཡར་ངོའི་གསོ་སྦྱོང་མཛད་ཅིང་ཚུལ་ཤིང་བླང་སྟེ་བཅུ་དྲུག་གྱི་སྐྱ་རེངས་ཤར་མ་ཐག་དབྱར་གནས་པའི་ཁས་ལེན་བྱེད།གུང་ཚིགས་ཀྱི་ཚོགས་ལ། འདུལ་བ་རྒྱ་མཚོ། སྐབས་གསུམ་པ། གནས་བཅུ་སོགས་སྨོན་ལམ་ཆོས་སྤྱོད་ཀྱི་རིགས་གང་རྒྱས་གསུངས།ཡང་ཕུད་མཆོད་དང་དཀོན་མཆོག་རྗེས་དྲན། ཡོན་བསྔོ་ཤེར་སྙིང་སོགས་གཏོང་། དབྱར་ཞལ་བཞེས་མཛད་པ་ནས་བཟུང་། བདུན་པའི་དགག་དབྱེ་བའི་བར་ཚང་མས་བསླབ་པ་ཡོངས་སུ་སྦྱོང་བའི་ཐབས་གསོ་སྦྱོང་དབྱར་གནས་དགག་དབྱེ་སྟེ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་དང་།དམ་ཚིག་རྣམས་ཀྱང་ཚུལ་བཞིན་དུ་བསྲུང་བ་དགོས། དབྱར་གྱི་ནང་དུ་རྩོད་འཁྲུག་སློང་གི་གླེང་བརྗོད་སོགས་དབྱར་རལ་བའི་བྱ་བ་བྱེད་མི་ཆོགདཔྱིད་དབྱར་སྟོན་དགུན་རྣམས་ཀྱི་ཆོས་རྭའི་ཆོས་ཐོག་འཚོགས་ལུགས་སོགས་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་འགྲིག་ལམ་ནང་ལྟར་ཡིན་ལགས།ཟླ་བ་བཅུ་པའི་ལྔ་མཆོད་ཆོས་ཐོག་འཚོགས་ལུགས་དང་ཞལ་འདོན་གྱི་སྐོར་སྔར་བཞིན། ཉེར་ལྔའི་སྲོད་དུས་ལྷ་ཁང་དང་གྲྭ་ཤག་སོ་སོར་མཆོད་མེ་གང་རྒྱས་སྦོར།ཧོར་ཟླ་བཅུ་གཉིས་པའི་གནམ་གང་ལ་ཚེས་གཏོར་བཟོ་དབྱིབས་ཚད་སོགས་བསྒྱུར་བཀོད་མེད་པར་གཟབ་རྒྱས་ཕུན་སུམ་ཚོགས་པར་བྱ་ཞིང་བཀོད་པ་མཛེས་པར་བཤམས་ཏེ་དགོང་མོ་སྲོད་དུས་སུ་འཚོགས་ནས་གཏོར་མ་བྱིན་འབེབས་དང་རྔ་ཆིངས་བྱའོ།།R1Pརྗེ་ཙོང་ཁ་པའི་དྲ་བ།
        ཆོས་ཐོག་གི་སྐབས་དགེ་འདུན་ཞལ་གྲངས་འཛོམས་དགོས་ཤིང་།དེ་དག་གི་ཚེ་སྙུན་པ་ནད་གཡོག་མཚམས་པ་འགྲོ་འདུག་མི་ཐུབ་པའི་བགྲེས་པ་སོགས་སྒྲིགས་ལམ་མ་ཕེར་བའི་རིགས་དང་། བླ་དཔོན་དགེ་འདུན་སྤྱི་དོན་ལ་འགྲོ་བ་དང་།ཕ་མ་ན་བའི་རྐྱེན་ལྟ་བུ་དང་། སྦྱིན་བདག་གཙོ་ཆེ་བའི་རིགས་དང་ནད་པ་ཚབས་ཆེན་གྱི་རིམ་གྲོ་བྱེད་མཁན་ལྟ་བུ་གལ་ཆེན་བྲེལ་བ་ཅན་ཡོད་ཚེ་དགེ་བསྐོས་ལ་གནང་བ་ཞུས་ནས་འགྱེད་ཚ་ར་གང་ལའང་ཐེལ་རྟགས་ལེན་དགོས།ཐེལ་ཙེ་ཅན་མ་གཏོགས་ཚོགས་སུ་མ་ཡོང་ཕྱིན་སྐལ་བ་མི་གཏོང་། མདོར་ན་བསྟན་པའི་གཞི་མ་ཆོས་འདུལ་བའི་ཀུན་སྤྱོད་ལ་རག་ལས་པས།ཉིན་རེ་བཞིན་ཐུབ་དབང་གི་སྐུའི་མདུན་དུ་དུས་དྲན་བསྟེན་ནས་མེ་ལ་རེག་པ་སོགས་ཀྱི་ཚེ་དེ་དྲན་པར་བྱེད་པ། རུང་ཁང་བྱིན་རླབས།དགུང་རེ་བཞིན་ཡོ་བྱད་གང་བྱུང་བརྟག་སྟེ་བྱིན་རླབས་བྱེད་པ། ནུབ་ལྷག་བསྲུང་བ། བཟའ་བཏུང་ཟག་པ་དོར་རྗེས་ཆབ་ལེན་པ།རུང་ཆུ་འདེབས་པ། འགྲོ་ཚེ་གཟན་སྐྱོར་བྱས་ནས་ཟླུམ་པོར་བགོ་བ་སོགས་སྤྱོད་ལམ་གང་གི་ཚེའང་སྟོན་པའི་བཅས་པ་རྗེས་སུ་དྲན་པའི་ཤེས་བཞིན་གྱིས་ཟིན་པ་བྱས་ན་ཚོགས་གསོག་སྒྲིབ་སྦྱོང་རླབས་པོ་ཆེ་ཞོར་ལ་འགྲུབ་པས་དོན་ཆེ་བ་ཡིན།གཞོན་པ་རྣམས་ཀྱིས་ཆོས་སྤྱོད་འཛིན་སྐྱོར་གཤར་སྦྱངས་ལ་ནན་ཏན་དང་། རྒན་པ་རྣམས་ཀྱིས་བློ་ནུས་དང་བསྟུན་པའི་ལམ་རིམ་བློ་སྦྱོང་བསྐྱེད་རྫོགས་སོགས་ཀྱིས་མཚོན་ཉམས་ལེན་སྐབས་སུ་གང་བབས་སྐྱོང་བ་དང་།ཕྱག་མཆོད་བསྐོར་བ་མདོ་རྒྱུད་ཀློག་པ་སོགས་ཆོས་སྤྱོད་ཉམས་ལེན་གྱི་རིམ་པ་ལ་འབད་པས་དུས་འདའ་བ་མ་གཏོགས་སོས་དལ་བག་མེད་དུ་སྡོད་པ་སོགས་མི་བྱེད།གཞོན་པ་རྣམས་ཀྱིས། ལས་སྣེ་བ་རྣམས་དང་བསླབ་པ་རྒན་པ་དང་། ཡོན་ཏན་ཅན་དང་། རང་ལས་བློ་ཁ་མཐོ་བའི་རིགས་ལ་ཞྭ་ཕུད།གཟན་འབེབས་སོགས་གོ་རིམ་དང་བསྟུན་པའི་བཀུར་སྟི་གང་ཆེ་བྱེད། གླིང་ཁྲོད་དུ་ཟུར་འཆང་བླ་མ་སློབ་དཔོན་སོགས་དམིགས་བསལ་ཅན་མ་གཏོགས་རྟ་མི་བཞོན།དགོན་པ་ནས་དུང་གི་སྒྲ་ཐོས་པའི་ཉེ་སྐོར་ཚུན་ཆད་དུ་བྱ་དང་རི་དྭགས་ཀྱི་རིགས་བརྔོན་མི་དང་འབྲོག་པ་མི་གནས། བླ་མ་སློབ་དཔོན་དང་དགེ་བསྐོས་གླིང་བར་དུ་འགྲོ་ཚེ་བར་དུ་ཡོད་པ་རྣམས་གཡས་གཡོན་དུ་བྱོལ་བ་ལས་གདོང་ཐུག་པ་མི་བྱེད།བཙུན་ཆུང་གིས་དགེ་རྒན་མེད་པར་ཐབ་འཛིན་མི་བྱེད། གཟན་ཤམ་མེད་པར་སྒོའི་ཕྱིར་མི་འགྲོ། དགོན་པའི་ནང་དུ་རྟ་དྲེལ་བྱ་ཁྱི་ར་ལུག་སོགས་དུད་འགྲོའི་རིགས་མི་གསོ།སྐོར་ལམ་ནང་དུ་བཤས་ར་བྱེད་མི་ཆོག ཆང་ནི་ཉེས་པ་ཀུན་གྱི་གཞི་ཡིན་པས་ཐ་ན་རྩྭ་རྩེའི་ཟིལ་བ་ཙམ་ཡང་འཐུང་མི་ཆོག ཐ་མ་ཁའི་རིགས་གཏན་ནས་འཐེན་མི་ཆོགསྨོན་ལམ་ལྟ་བུའི་གནང་ཆེད་སྐབས་གནས་མཇལ་བ་དང་བསྙེན་བཀུར་ཞུ་མི་བུད་མེད་ཡིན་ཚེ་གནང་བ་ཞག་གསུམ་ལས་ལྷག་པ་མི་སྟེར།གླིང་ནང་དུ་སྐད་རྒྱངས་འབོད་པ། མཆོངས་རྒྱུག་བྱེད་པ། ཀུ་ཅོ་འདོན་པ། སྐད་ལོག་རྒྱག་པ། བཞད་གད་བྱེད་པ། རོལ་ཆ་འབུད་པ་དང་དཀྲོལ་བ་གླུ་ལེན་པ་སོགས་བྱེད་མི་ཆོགརང་རང་གི་ཤག་སོ་སོར་བཞུགས་སྐབས་བློ་ནུས་དང་བསྟུན་པའི་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ལས། ཤག་དང་རྭ་སྐོར་སྐོར་ལམ་སོགས་སུ་ཕར་ཚོགས་ཚུར་ཚོགས་ཀྱི་འདུ་ལོང་དང་།རྒྱན་འགྱེད་པ། རྡོ་བ་རྩེ་བ། ཤོ་མིག་མངས། མདའ་འུར་རྡོ་རྡོ་སྐོར་འཕེན་པ་སོགས་རྩེད་མོ་རྩེ་བ་དང་གཤག་རྒྱག་པ་དང་། ལོང་གཏམ་བྲེ་མོའི་འཆལ་གཏམ་སོགས་ངག་ཀྱལ་མང་ན་ཆགས་སྡང་སྣ་ཚོགས་དྲངས་ཏེ་ཉེས་པ་ཆེན་པོ་གསོག་པས་མི་བྱེད།གཞན་ལ་མིང་ངན་འདོགས་པ། ཉེས་མེད་ཀྱི་བསྐུར་བ་འདེབས་པ། གཞན་གྱི་སྐྱོན་བརྗོད་ཅིང་དམའ་འབེབས་ཀྱི་མཚང་འབྲུ་བ། ངག་འཆལ་སུན་འབྱིན་གྱི་ཚིག་དང་ངན་སྨྲ་བྱས་པ་སོགས་ཕ་རོལ་པོ་ལ་ཞེ་སེམས་མི་མཐུན་པར་སོང་ན་བདེན་བརྫུན་ལ་མ་ལྟོས་པར་དབྱེན་གྱི་ཉེས་པ་འབྱུང་ཞིང་དགེ་འདུན་ཐུགས་མི་མཐུན་པ་སོགས་ཀྱི་དགག་བྱ་ཆེ་བས་དེ་རིགས་གཏན་ནས་མི་བྱེད།དེ་ལྟར་ཁྲིམས་སུ་བཅའ་བ་ལས། རྩ་བ་བཞི་བོ་གང་རུང་ལས་ཉེས་པ་འཆབ་མེད་བྱུང་བའི་རིགས་ནས་བཤགས་སྡོམ་ཆད་ལས་འདུལ་པ་ནས་བྱུང་བ་ལྟར་བྱེད་ཅིང་།ཕམ་པའམ་ཕམ་འདྲའི་ཉེས་བྱས་འཆབ་བཅས་བྱུང་བ། དགེ་བསྐོས་སོགས་ཚོགས་འདུ་བ་རྣམས་ལ་ལག་ལན་སློགས་བྱུང་བ། གྲི་མཚོན་རྒྱབ་པ།ཡུལ་ཚན་སྡེ་རིས་སུ་བཅད་དེ། མི་དཔུང་དགྲ་སྡེབས་ཀྱི་འཐབ་རྩོད། དགེ་འདུན་དབྱེན་ཆེན་པོར་འགྲོ་རིགས་བྱུང་ཚེ་དཀྲུགས་ཤིང་གི་རྩ་བ་བྱེད་མཁན་གྱི་གཏེ་བོ་སུ་ཡིན་ལ་ཕྱོགས་གཏོགས་དང་།དགེ་བསྐོས་སོགས་ཀྱི་ཉེ་འགྱངས་ངོ་ཆེན་ངོ་རྒྱུད་སོགས་རྒྱབ་རྟེན་མི་བྱེད་པར་གཎྡི་བརྡུང་ལ་ཤོག་ཐོད་ཀྱིས་གནས་དབྱུང་བྱེད། དེ་ལས་གཞན་པ་བསྒྲིགས་མནན་པར་མི་རྩི་བའི་རིགས་ལ་བླ་མ་དགེ་བསྐོས་སོགས་ཀྱིས་ཆད་པ་གང་བབས་དང་བསྟུན་ནས་མཆོད་མེ།སྙན་དར་འགྱོད་བཤགས། མང་ཇ། ཐུག་དར་ལྕོག་བརྗེ་བ་སོགས་གང་འོས་ཀྱི་ཆད་པ་འགེལ། མདོར་ན་བཅའ་ཡིག་འདིར་གསལ་བ་དང་མི་གསལ་བ་རྣམས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཅས་པའི་འདུལ་པའི་སྡེ་སྣོད་དཔང་དུ་བཙུགས་ཏེ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་རྣམ་བཞི་དུས་སྐབས་ཐམས་ཅད་དུ་བག་ཡོད་པ་ལ་བརྩོན་པར་བྱས་ནས་བསྟན་པ་རྫོགས་ལྡན་དུས་སུ་བསླབ་གཞི་མཐའ་དག་བསྲུངས་པ་ལས་བསྟན་པ་ཉམས་དམའ་བའི་དུས་སྐབས་འདིར་བསླབ་པ་སྣ་གཅིག་ཙམ་བསྲུངས་པ་ཕན་ཡོན་ལྷག་པར་དུ་ཆེ་བ་ནི།ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། བསྐལ་བ་བྱེ་བ་གངྒའི་བྱེ་སྟེང་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས།།སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་འགྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། ། བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ།།ཉིན་མཚན་དུས་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ཡིན་ཞིང་།དེ་ལྟར་བསླབ་པ་ལ་གཅེས་སྤྲས་བྱས་ན། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་རྟག་ཏུ་བུ་གཅིག་པ་ལྟར་དགོངས་པར་འགྱུར་ཞིང་།དཀར་ཕྱོགས་སྐྱོང་བའི་བསྲུང་མ་རྣམས་ཀྱིས་ཀྱང་གནས་སྐབས་ཀུན་ཏུ་མེལ་ཚེ་མཛད་པས་དགོས་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་དང་།རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་རིང་བོར་མི་ཐོགས་པར་འོང་བར་གྱུར་པས་ན། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་འདི་ལ་དུས་རྟག་ཏུ་འབད་པར་བྱ་དགོས།སྦྱིན་བདག་ཏུ་གཏོགས་པ་ཁྱིམ་པ་རྣམས་ཀྱིས་ཀྱང་། སྤྱིར་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་དཀོན་མཆོག་ལ་དད་པས་རྟག་ཏུ་མཆོད་ཅིང་གསོལ་བ་གདབ་པ་དང་།ཁྱད་པར་གཙུག་ལག་སྡེ་དང་བཅས་ལ་བསྙེན་བཀུར་པའི་ཞིང་སར་བཟུང་ནས་མཆོད་པ་དང་ཕྱག་དང་སྐོར་བ་སོགས་ཀྱི་སྲི་ཞུ་དང་བཀུར་སྟི་ལ་བརྩོན་པར་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་པ་ནི།འཆི་མེད་རྔ་སྒྲའི་གཟུངས་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ།།བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་ཡིན་པས། ཆོས་དང་མཇལ་བའི་རྟེན་བཟང་བོ་རྙེད་པ་འདི་ལ་རྒྱ་མཚོར་བགྲོད་པའི་དེད་དཔོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དོན་དུ་གཉེར་བ་བཞིན་དུ་རང་གཞན་ཐམས་ཅད་ལ་ཕན་པའི་ཆོས་ཀྱི་བྱ་བ་ལ་རྟག་ཏུ་བརྩོན་པར་རིགས་སོ།།R1Pརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K