མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / རྒྱུན་ཤེས། > ནང་དོན་དངོས།

༄༅།།ཧོར་གྱི་དཔོན་པོའི་གདུང་བརྒྱུད་དང་དགོན་སྡེ་བཅུ་གསུམ་ཆགས་ཚུལ་ཀུན་གསལ་མེ་ལོང་བཞུགས་སོ།།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2016-09-01 07:21:17     རྩོམ་པ་པོ།   ལམ་བྲག་སྐུ་ཕྲེང་དང་པོ་བསྐལ་བཟང་རྣམ་རྒྱལ་གྱིས་མཛད།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

༄༅།།ཨོཾ་བདེ་ལེགས་སུ་གྱུར་ཅིག།གང་གི་གསང་གསུམ་ཡིད་ལ་དྲན་ཙམ་གྱིས།།རྨོངས་པའི་དྲི་མ་མཐའ་དག་འཕྲོག་མཛད་ཅིང་།།ཤེས་བྱ་ཐོགས་མེད་རྣམ་འབྱེད་ཤེས་རབ་མཆོག།སྩོལ་མཛད་འཇམ་དབྱངས་དབྱངས་ཅན་ཡབ་ཡུམ་རྒྱལ།།བླ་མ་དུས་གསུམ་སངས་རྒྱས་བྱང་སེམས་དང་།།རྒྱ་ཧོར་བོད་སོགས་ཡུལ་གྲུ་མཐའ་དག་ལ།།བྱོན་པའི་སྐྱེས་ཆེན་ཆོས་རྒྱལ་མེས་དབོན་སོགས།།རྒྱལ་བསྟན་འཛིན་སྐྱོང་སྤེལ་ལ་མགོས་ཕྱག་འཚལ།།ངག་གི་དབང་ཕྱུག་འཇམ་མགོན་བླ་མའི་བསྟན།།ཕུན་ཚོགས་ཡོན་ཏན་ཀུན་གྱི་འབྱུང་གནས་སུ།།མཐོང་ནས་ལུས་སྲོག་མི་ལྟ་འཛིན་སྐྱོང་སྤེལ།།ལྷ་དབང་ཕྱོགས་ལས་རྣམ་རྒྱལ་ཞབས་ལ་འདུད།།འགྲོ་ལ་བརྩེ་བའི་ལྷག་བསམ་ཁུར་ཁྱེར་ཞིང་།།རྣམ་དཔྱོད་བརྩོན་པའི་རླུང་ཤུགས་དྲག་པོ་ཡིས། །རྒྱལ་བསྟན་དར་ཆེན་གྱེན་དུ་འདེགས་མཛད་པ།།སྐྱེས་མཆོག་རྣམས་ལ་བཏུད་ནས་དཔེ་ཡིག་བརྗོད།།ཅེས་ཤིས་པར་བརྗོད་པའི་ཚིག་གི་མེ་ཏོག་སྔོན་དུ་འཐོར་ཏེ།དེ་ཡང་བཤད་པར་བྱ་བ་ནི་ཧོར་མ་ཟུར་གྱི་དཔོན་བརྒྱུད་རགས་རིམ་ཙམ་གྱི་འབྱུང་ཁུངས་ཏེ།དེ་གང་ཞེ་ན།ཡུལ་འདིའི་སྟོད་སྨད་ཀྱི་སྐོར་ལ་ཧོར་ཁོག་ཞེས་ཧོར་གྱི་ཡུལ་དུ་འཇོག་པའི་རྒྱུ་མཚན་གྱི་གཙོ་བོ་ནི་འདིའི་སྐོར་གྱི་ཁང་སར་མ་ཟུར།ཏྲེ་བོ།བྲག་འགོ་སོགས་དཔོན་ཆེ་བ་རྣམས་རྒྱ་ནག་ཧོར་གྱི་རྒྱལ་པོའི་གདུང་རྒྱུད་དུ་འཁྲུངས་པས་ཧོར་ཡུལ་དུ་འཇོག་པ་ཡིན།དེ་ཡང་ལོ་རྒྱུས་ཅུང་ཟད་བརྗོད་ན།རྒྱ་ནག་ཧོར་གྱི་རྒྱལ་རིགས་ལའང་འཕོ་འགྱུར་སྣ་ཚོགས་བྱུང་བ་འཇིག་རྟེན་སྤྱིའི་ཆོས་ཉིད་ཡིན་པ་ལས།དེ་ཡང་སྐབས་ཤིག་ན་རྗེ་བཙུན་འཇམ་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་ཞིང་།འཛམ་གླིང་ནོར་འཛིན་ཡངས་པའི་ཤར་ཕྱོགས་གནས་མཆོག་རི་བོ་རྩེ་ལྔའི་ཉེ་འདབས་སའི་ཚངས་པ་ཆེན་པོ་ཚེ་རིང་གནམ་གྱི་ཤེ་མོང་བཙན་པོ་ཡངས་པའི་གསེར་ལྡན་ནོར་འཛིན་སའི་ཁྱོན་མཐའ་དག་ན་འདོད་རྒུར་དབང་བསྒྱུར་བའི་སྟོབས་ཀྱིས་འཁོར་ལོ་བསྒྱུར་བ།ཧོར་ཇིང་གིར་གནམ་གྱི་རྒྱལ་པོ་ཞེས་བྱ་བ་བྱུང་།དེའི་གདུང་རྒྱུད་ཧོར་གོ་དོན་རྒྱལ་པོ་བྱུང་།དེའི་སྐབས་ལ།རྗེ་བཙུན་འཇམ་དཔལ་དབྱངས་དེ་ཉིད་ཀྱི་རྣམ་འཕྲུལ་དཔལ་ལྡན་ས་སྐྱ་གོང་མ་རྣམ་ལྔ་ཞེས་པ།དང་པོ་ས་ཆེན་ཀུན་དགའ་སྙིང་པོ།གཉིས་པ་རྗེ་བཙུན་བསོད་ནམས་རྩེ་མོ།གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན།བཞི་པ་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན།ལྔ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ།དེ་ཡང་གསུམ་པ་གྲགས་པ་རྒྱལ་མཚན།བཞི་པ་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གཉིས་ཁུ་དབོན་དང་བླ་སློབ་ཡིན་ཏེ།གྲགས་པ་རྒྱལ་མཚན་ཞིང་ལ་གཤེགས་ཁར་ས་པཎ་ལ་ལུང་བསྟན་མཛད་དེ་རི་དྭགས་ཀྱི་པགས་པ་འདོམ་གང་ཡོད་པ།སྤུ་རྣམས་ལ་གསེར་གྱི་ཟེའུ་འབྲུ་ཡོད།ཟེའུ་འབྲུ་རེ་རེ་ལ་བསྐལ་བཟང་གི་སངས་རྒྱས་རེ་རེ་སྟེ་སངས་རྒྱས་སྟོང་ས་ལེར་ཚང་བ།ཙནྡན་ས་མཆོག་ལས་གྲུབ་པའི་མགོན་པོའི་སྐུ་རང་བྱོན་ཙནྡན་གོ་ཤིཪྵ་ལས་གྲུབ་པའི་དཔལ་གསང་བ་འདུས་པའི་སྐུ་རང་བྱོན།རྡོ་ནག་ལས་གྲུབ་པའི་རྣམ་སྣང་སྐུ་རང་བྱོན།བྲམ་ཟེ་མཆོག་སྲེད་ཀྱི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ།བྱིན་རྟེན་དེ་དག་གནང་ནས་ཁྱོད་ཚེ་མཇུག་ལ་ཞྭ་ཁྲ་འཕུར་བ་ལྟ་བུ།ལྷམ་ཕག་གི་སྣ་འདྲ་བ་གྱོན་པ།སྐད་རིགས་མི་གཅིག་པའི་ཡུལ་ཞིག་ནས་འབོད་མཁན་སླེབས་ཡོང་།དེ་དུས་རྟེན་འདི་རྣམས་དྲངས་ནས་སོང་དང་འགྲོ་དོན་རྒྱ་ཆེ་ཡོད་ཅེས་ལུང་བསྟན།དེ་ནས་ཧོར་གོ་དོན་རྒྱལ་པོའི་སྐབས་ལ་ཧོར་དམག་བྱུང་ནས་བལ་ཡུལ་མན་ཆད་དབང་དུ་བསྡུས།གོང་མ་རྒྱལ་པོས་བོད་ཀྱི་ཡུལ་དེ་ནས་ཆོས་ལ་ཤིན་ཏུ་མཁས་པའི་བླ་མ་ཞིག་སྤྱན་དྲོངས་ཤོག་གསུངས་ནས་བཀའ་ཕེབས།དེ་བཞིན་དུ།ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན་རྒྱ་ཡུལ་དུ་སྤྱན་དྲངས།འགྲོ་དོན་རྒྱ་ཆེར་མཛད།སྐུ་ཚེ་མང་རབས་མ་བཞུགས་ནས་སྐུ་ཞི་བར་གཤེགས།དེ་ནས་ཧོར་གོ་དོན་རྒྱལ་པོའི་གདུང་རྒྱུད་དུ་ཧོར་སེ་ཆེན་རྒྱལ་པོ་བྱུང་།དེའི་སྐུ་རིང་ལ་ས་པཎ་གྱི་སྐུ་ཚ་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ཡུལ་དུ་གདན་འདྲེན་ཞུ་སྐབས།མར་ཕེབས་ལམ་དུ་སྒ་ཁོག་ནས་སྒ་ཨ་མྱེ་དམ་པ་མགོན་པོ་ཉིད་ཀྱི་རྣམ་འཕྲུལ་བྱོན་པར་མཁྱེན་ཏེ་ཕྱག་ཕྱི་ཁྲིད་དེ་ཡུལ་ཕྱོགས་འདིར་མགོན་པོ་བཞེངས་པ་ལུང་བསྟན་བཞིན་ཐུགས་ལ་དགོངས་ཏེ་ཧོར་སེ་ཆེན་རྒྱལ་པོའི་བཀའ་ལས་མི་འདའ་བར་བསྒྲུབ་པར་དགོངས་ནས་རྒྱ་ཡུལ་དུ་བྱོན།གོང་མ་རྒྱལ་པོའི་དབུ་བླ་མཛད།དེ་ནས་སྔར་ས་པཎ་གྱི་དུས་སུ་གནང་བའི་བྱིན་རྟེན་དང་།གཞན་ཡང་བྱིན་རྟེན་ཁྱད་པར་ཅན་དཀར་ཆག་ལྟར་ན་མང་པོར་བཞུགས་པར་མངོན།དེ་ལྟར་གོང་མ་རྒྱལ་པོའི་སྲས་ཝང་ཞིག་ལ་བྱིན་རྟེན་དང་དངོས་པོ་མང་པོ་དང་།དམག་དཔུང་ཆེན་པོ་དང་བཅས་ཡུལ་འདི་ཉིད་དུ་བྱོན་ནས།དཔལ་ལྡན་གུར་མགོན་རྣམ་རོལ་སྒ་ཨ་མྱེ་དམ་པ།སྦྱིན་བདག་ཧོར་གྱི་གདུང་རྒྱུད་སྲས་ཝང་ཆེན་པོ་དེ་ཉིད་ཀྱིས་གོང་མའི་བཀའ་བཞིན་དུ་འཛམ་གླིང་སའི་ལྟེ་བ་ནོར་འཛིན་ཡངས་པའི་ཐིག་ལེ།མདོ་ཁམས་སྨད་ཕྱོགས་སུ་ཏྲེ་ཤོད་ཀྱི་མཐིལ་དུ་མཚོ་ཆུང་ངུ་ཞིག་ཡོད་པ་དེའི་སྟེང་དུ་སྡེ་མགོན་ཁང་གསར་དུ་བཞེངས་སྐབས་གོང་གི་བྱིན་རྟེན་རྣམས་གཟུངས་བཞུགས་སུ་ཕུལ་ཞིང་།སྒ་ཨ་མྱེ་དམ་པ་དང་།རྒྱའི་བཟོ་བོ་དང་བཅས་པའི་གུར་མགོན་ལྷ་བརྒྱད་ཀྱི་སྐུ་ཡོངས་རྫོགས་རྟེན་དང་བརྟེན་པ་བཅས་པ་ཡེ་ཤེས་པ་དངོས་དང་ཁྱད་པར་མེད་པར་བཞེངས་ཤིང་།ལྟས་བཟང་པོ་དང་།བཀྲ་ཤིས་ཀྱི་དགེ་མཚན་དུ་མ་དང་བཅས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་པོ་བརྗོད་ཀྱིས་མི་ལང་བར་མཛད་ནས་རྒྱུན་རིང་དུ་བཞུགས་སོ།།དེ་ནས་སྒོམ་ཚན་གྲོང་གི་བུད་མེད་མཛེས་མ་མཚར་སྡུག་ལང་ཚོ་ཅན་མཚན་ལྡན་ཞིག་ཡོད་པར་དེ་དང་སྲས་ཝང་གཉིས་མཛའ་བར་གྱུར་ཏོ།།དེའི་ཚེ་སྤྱིར་རྒྱལ་བའི་འཕྲིན་ལས་དང་ལྷག་པར་ཧོར་སེ་ཆེན་རྒྱལ་པོའི་འཕྲིན་ལས་ལས་འབྱུང་བ་ཡིན་ཞིང་།མི་རིང་བ་བུད་མེད་དེ་ལ་སྲས་ཞིག་བསྐྲུན་ཏེ་དེའི་སྐབས་ཡུལ་འདིའི་བདག་པོ་དབྲ་པའི་བླ་མ་ཞིག་ཡིན་འདུག་པས།ཁོ་ལ་ལྷམ་ཞིག་གནང་སྟེ་གདན་ཁ་གང་མ་སོགས་དངོས་ཆས་མང་པོ་གནང་སྦྱིན་མཛད་པ་དང་བཅས།ངེད་ཀྱི་མི་རྒྱུད་འདི་བུ་མོ་ཡིན་ན་བལྟ་རྟོགས་གང་ཡང་མི་དགོས་བུ་ཞིག་བྱུང་ཚེ་ངེད་ཀྱི་དངོས་ཆས་འདི་དང་ཁྱེད་ཀྱིས་ཀྱང་བདག་སྐྱེས་གང་དྲག་དགོས་པའི་རྒྱུ་མཚན་སོགས་བཀའ་ཕེབས་པས།དབྲ་པའི་བླ་མ་ཚང་ནས་ཀྱང་དེ་བཞིན་དུ་བསྒྲུབ་པར་ཁས་བླངས་ནས།རྗེས་སོར་བུད་མེད་དེ་ལ་བུ་གཅིག་བྱུང་།དེ་ལ་སྒོམ་ཚན་གྲོང་།ཀ་རྩི་འགོཆའུ་རྡོ་ཟེར་བའི་གྲོང་པ་གསུམ་དེ་ལ་བུ་ཚར་བཞག་པ་ཡིན་འདུགམ་བསམ་བཞིན་དུ་བུ་གཅིག་བྱུང་ཟེར་ནས།བུ་དེ་ལ་མ་བསམ་བུ་ཞེས་མཚན་གསོལ་ཏོ།།དབྲ་པའི་བླ་མ་དང་དཔོན་པོ་གཉིས་ཁ་སྐད་བཤད་པ་ལ།བླ་མ་ན་རེ།གདན་ཁ་གང་མ་དང་གནང་སྦྱིན་བྱས་པ་འདི་ལ་དཔྱད་ན།ཁོང་ཚོས་རང་ཚང་དབང་དུ་བསྡུས་ནས་ངེད་ཅག་སྡོད་རྒྱུ་མེད་པའི་རྟེན་འབྲེལ་དུ་འདུག་གསུངས་ནས་ཅུང་ཟད་མ་དགའ་བར་བྱས་ཟེར་ཏོ།།དེ་ནས་སྒོམ་ཚན་གྲོང་དུ་ཧོར་གྱིས་ཕོ་བྲང་གསར་རྒྱབ་བྱས་ནས་ཕྱིས་སུ་ཧོར་ཁང་ནང་ཟེར་བ་ཡིན་ནོ།།ཧོར་མ་བསམ་བུ་དེའི་སྲས་ཧོར་ནག་འཇའ་ཟེར་བ་བྱུང་།དེ་གཉིས་ཀྱིས་གསེར་འབུམ་ཞིག་བཞེངས་པར་གྲགས།ཧོར་ནག་འཇའི་སྲས་ཨ་རྒྱས་ཟེར་བ་བྱུང་།ཨ་རྒྱས་ཀྱི་སྲས་འབུམ་དགེ་རྒྱས།དེའི་སྲས་བླ་མ་སྐྱབས།དེའི་སྲས་ནམ་མཁའ་བློ་བཟང་།དེའི་སྲས་ནམ་མཁའ་རྒྱལ་མཚན།དེའི་ནུ་བོ་དཀའ་བཅུ་ནམ་མཁའ་འོད་ཟེར་དེའི་སྐབས་དཔོན་པོ་འགའ་རེ་དང་གྲོང་པ་འགའ་རེ་མགོ་བཏགས་མེད་ཀྱང་།ཡུལ་འདིའི་སྟོད་སྨད་ཐམས་ཅད་དབང་དུ་བསྡུ་བ་པོ་ནི་ཧོར་ནམ་མཁའ་རྒྱལ་མཚན་ཏེ།ཧོར་ནམ་མཁའ་རྒྱལ་མཚན་སྐུ་རིང་ལ་རྫ་གཡུ་གོང་མན་ཆད་དབང་དུ་བསྡུས།དེའི་རྗེས་རྫ་པ་དང་ཏྲེ་ཤོད་ཉིན་སྲིབ་ཀྱི་དམག་རྣམས་བསྡུས་ནས་ཤིང་ཁོགབྲག་འགོ་ཡན་ཆད་ཀྱི་དམག་རྣམས་བསྡུས་ནས་རྟའུ་ནང་སོང་བས།ཚ་བུ་སྟག་གཡག་ཟེར་བའི་འགོ་བྱས་ཏེ་ཡུ་ལོང་རྒྱ་སྒོ་མན་ཆད་ཧོར་ལ་མགོ་བཏགས།དེ་ནས་མཁར་ལོ་ཆོས་ཆེན་ཚང་གི་འགོ་བྱས་ནས་གེ་རི་གྲོང་པ་རྣམས་དང་ཡུ་ལས་ཨ་བརྟན་ཚང་གི་འགོ་བྱས་ཆོ་ལོ་སྣ་ཡན་ཆད་ཀྱིས་ཧོར་ལ་མགོ་བཏགས།དེ་རྣམས་ཐམས་ཅད་དམག་བསྡུས་ནས་ན་ཁྲོད་སྲང་ཐོག་ཡན་ཆད་ཧོར་གྱིས་དབང་དུ་བསྡུས།དེའི་རྗེས་རྟའུ་ཝ་ཞབས་ཤོག་གཉིས་དང་།ལྕགས་ཀང་ཕྱོགས་གཉིས་ཏེ་བཞི་པོ་དེ་རྒྱ་གཟི་སེང་གེའི་མངའ་འོག་ཡིན་པས་དེ་རྣམས་ས་བཙན་ཞིང་མི་རྣམས་བརླིང་ཞིང་ཤོད་ཆེ་བས་རེ་ཞིག་མ་ཐུབ།ཧོར་དང་གཡུལ་འཁྲུགས་བྱས་ཏེ་ཧོར་ཕྱོགས་ཀྱི་མི་བསད་པ་རྣམས་ཀྱི་རོ་སྤུངས་ཏེ་དེའུ་ཙམ་བྱུང་བས་ས་ཆ་དེ་ལ་བོད་དེའུ་ལི་ཟེར།དེ་རྣམས་ཧོར་དམག་གིས་མ་ཐུབ་ནས་རིམ་གྱིས་བློ་ཐབས་བྱས་ནས་ཚོང་པ་མང་པོ་བཏང་ནས་བར་ཟས་༼བག་ཟན་༽དང་ཤག་འཚེངས་༼ཞག་ཚིལ་༽མང་དུ་བྱིན།མི་རྣམས་མགོ་བསྐོར་བཏང་སྟེ་ཧོར་དམག་རྣམས་ཉག་རོང་ནས་སོང་།ཝ་ཞབས་ཀྱི་རྩིབས་བསྐོར་ཏེ་ཚུར་འོང་སྟེ་གློ་བུར་དུ་དམག་བརྒྱབ་ནས་རྒྱ་གཟི་སེང་གེ་བསད།ཕྱོགས་བཞི་པོ་ཧོར་གྱི་མངའ་འོག་བསྡུས།དེ་ནས་ཐམས་ཅད་བདེ་འཇགས་སུ་སོང་།དེ་ནས་ཧོར་ནམ་མཁའ་རྒྱལ་མཚན་གྱིས་སྔོན་ཆད་དབང་དུ་མ་འདུས་པ་འགོ་ལོག་ལྕགས་མོ་ཚང་དང་བླ་དགོན་ཚང་གཉིས་ཡོད་པ་ལས།ལྕགས་ཤོག་ངོས་བརྒྱད་ཀྱི་རྒྱབ།མོ་ཚང་བློན་པོ་མཐུ་རྩལ་ཅན་རྣམས་བློ་ཐབས་ཀྱིས་མགོ་བསྐོར་ནས་ལྕགས་མོ་ཁོ་རང་ཚང་གིས་བཅོམ།ལྕགས་མོ་ཚང་དཔའ་རྩལ་མཐུ་སྟོབས་ཉམས་ནས་ཧོར་གྱི་དབང་དུ་བསྡུས།མདོར་ན་རྫ་ཁོག་ཡི་གོང་མན་ཆད་དང་ན་ཁྲོད་སྲང་ཐོག་ཡན་ཆད་རྟའུ་ཆོ་ལོ་སྣ་ཟེར་བ་དེས་ཡན་ཆད་འགོ་ལོག་ལྕགས་མོ་ཚང་ཚུན་ཆད་མངའ་འབངས་སུ་བསྡུས།ཐམས་ཅད་བདེ་འཇགས་སུ་བཏང་།ndvརྗེ་ཙོང་ཁ་པའི་དྲ་བ།

སྟོང་སྐོར་ཡུལ་དགོན་རྣམས་ཀྱང་དབང་དུ་བསྡུས་པ་ལ།སྟོང་སྐོར་བ་འགའ་ཞིག་གིས་དབང་དུ་མ་ཐུབ་ཟེར་ཏེ།ཧོར་ནམ་མཁའ་རྒྱལ་མཚན་གྱིས་དབང་དུ་བསྡུས་པ་ཡིན་ནམ།དེའི་རྗེས་སུ་དབང་དུ་བསྡུས་པ་ཡིན།ཅི་ཡིན་རུང་ཧོར་གྱི་མངའ་འོག་ཡིན་ཞིང་།སླར་སྟོང་ཤོག་ངོས་དགུ།སྐོར་སྤྲུལ་སྐུ་བསོད་ནམས་རྒྱ་མཚོ་འདིར་ཕྱོགས་སུ་ཕེབས་པའི་ཚེ།ཧོར་གྱི་སྟོང་སྐོར་གྱི་སྡེ་དགོན་ཐམས་ཅད་ཕར་ཕུལ་ནས་བླ་མའི་ལྷ་སྡེ་བྱས།དེའི་སྐབས་སྟོད་སྨད་གཉིས་ནས་སྡེ་དུད་ལྔ་རེ་ལྔ་རེ་སྟེ་བཅུ་ཧོར་ལ་རང་འཇགས་སུ་ཡོད་པ་མངོན་སུམ་དུ་ཤེས་པ་དེ་ཡིན།ཕྱིས་སུ་ཁང་སར་དཔོན་བསྟན་འཛིན་ནས།སྟོང་སྐོར་སྤྲུལ་སྐུ་འཇམ་དཔལ་དགེ་འདུན་རྒྱ་མཚོ་ལ་སྟོད་ཀྱི་སྡེ་དུད་ལྔ་པོ་ཕུལ།མ་ཟུར་དཔོན་ནམ་མཁའ་དབང་རྒྱལ་གྱིས་སྨད་ཀྱི་སྡེ་དུད་ལྔ་པོ་ཕུལ།ད་ལྟར་སྟོང་སྐོར་ཚང་ལ་རང་འཇགས་སུ་ཡོད་པ་དེ་ཡིན།བླ་དགོན་ཚང་ཡུལ་དགོན་དེ་རྣམས་སུས་བཅོམ་མི་ཤེས་པར་འདུག་སྟེ།ཕལ་ཆེར་ཧོར་ཤོག་ངོས་དགུའི་རྒྱབ།ནམ་མཁའ་རྒྱལ་མཚན་གྱི་རིང་ཡིན་པར་ཤས་ཆེ་འདྲ།ndvརྗེ་ཙོང་ཁ་པའི་དྲ་བ།

དེ་ལྟར་དབང་[འབངས]སྡེ་དེ་དག་གི་འགོ་དཔོན་ནི་ཧོར་ནམ་མཁའ་རྒྱལ་མཚན་ཡིན་ཏེ།དེ་ལ་བཙུན་མོ་གསུམ་ཁབ་ཏུ་བཞེས།བཙུན་མོ་རེ་རེ་ལ་སྲས་གཉིས་རེ་བྱུང་བ་ལ།བཙུན་མོ་ཆེ་བ་ལ་སྲས་དབང་ལུ་དང་།ནུ་བོ་ཆོས་རྗེ་ངག་དབང་ཕུན་ཚོགས་གཉིས་འཁྲུངས།བཙུན་མོ་འབྲིང་བ་ལ་ཨོ་ཆེན་ནོ་ཡོན་དང་།མཁན་པོས་སྐྱོང་ངམ་མིང་གཞན་མཁན་པོ་ངག་དབང་དཔལ་བཟང་གཉིས།བཙུན་མོ་ཆུང་བ་ལ་ནོར་བུ་དང་།མཁན་པོ་བསྟན་འཛིན་གཉིས་ཏེ་སྲས་དྲུག་བྱུང་།དབང་ལུ་མ་ཟུར་དཔོན་བརྒྱུད།ཨོ་ཆེན་ནོ་ཡོན་ཏྲེ་བོའི་དཔོན་བརྒྱུད།ནོར་བུ་བྲག་འགོ་དཔོན་བརྒྱུད་དུ་འཛིན།དེ་རྗེས་མ་ཟུར་དཔོན་དབང་ལུའི་སྲས་ཧོར་ནམ་མཁའ་བསམ་གྲུབ།དེའི་སྲས་ཧོར་བཱ་ཐི་ནོ་ཡོན།དེ་ལ་བཙུན་མོ་གཉིས་ཡོད་པས་གཅིག་ལ་སྲས་དར་ཧན་ནོ་ཡོན་དང་།མཁན་པོ་ཚངས་དབྱངས་གཉིས།གཅིག་ལ་སྲས་རྡོ་རྗེ་རབ་བརྟན་དང་།བླ་མ་ངག་དབང་གཉིས་བྱུང་།དཱ་ཧན་ནོ་ཡོན་མ་ཟུར་དཔོན་དང་།རྡོ་རྗེ་རབ་བརྟན་གྱིས་ཁང་གསར་དཔོན་བྱས་པའོ།།ndvརྗེ་ཙོང་ཁ་པའི་དྲ་བ།

ཧོར་ནམ་མཁའ་རྒྱལ་མཚན་གྱི་སྤུན་དཀའ་བཅུ་ནམ་མཁའ་འོད་ཟེར་གྲྭ་ས་འབྲས་སྤུངས་སུ་ཞུགས་ནས་ཆོས་ཀྱི་སྒྲོ་འདོགས་བཅད་དེ་སླར་ཡང་མར་བྱོན།ཤུག་རིའི་མཁར་གྱི་ཐོག་ཏུ་སྒྲུབ་པ་ཡུན་རིང་མཛད།འདིའི་སྐབས་སུ་རབ་བྱུང་བཅུ་པ་ནང་ལྕགས་ཕོ་རྟ་༡༥༧༠ལོ་ལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐུ་བལྟམས།ལྕགས་བྱི་ལོར་བཀྲ་ཤིས་ལྷུན་པོར་ཁྲི་ལ་ཕེབས་ནས་ཞྭ་སེར་གྱི་བསྟན་པའི་སྲོལ་འཛིན།དགའ་ལྡན་པ་ལ་བཀའ་དྲིན་ལྷག་པར་ཆེ།མེ་སྦྲུལ་༡༦༡༧ལོ་ལ་ཀུན་མཁྱེན་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་སྐུ་བལྟམས།པཎ་ཆེན་ཆོས་རྒྱན་དགུང་ལོ་དོན་གསུམ་ཐོག་ཕེབས་སྐབས།རྒྱལ་དབང་ལྔ་པ་དགུང་ལོ་ཉེར་དྲུག་ཐོག་ཆུ་རྟ་ལོ་ལ་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་བླངས་ཤིང་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ཀྱི་དབུ་ཚུགས།ཆུ་ལུག་༡༦༤༣ལོ་ལ་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་གྱི་རྒྱལ་པོ་མཛད་ནས་མཆོད་ཡོན་རྗེས་མའི་དབུ་ཚུགས་སོ།།ས་སྤྲེལ་༡༦༦༨ལོ་ལ་ཆོས་རྗེ་འཁྲུངས།འདི་རྣམས་བླ་སློབ་ཡིན་ཞིང་འོག་ཏུ་གསལ།ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་རྗེས་སུ་གྲྭ་ས་འབྲས་སྤུངས་ལ་བཞུགས་ཏེ་རིམ་གྱིས་གཞོན་ནུའི་དུས་ནས་ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལྔ་ལ་མཁས་ཤིང་།ཤིང་ཕོ་སྟག་༡༦༧༤ལོ་དགུང་ལོ་བདུན་བཞེས་སྐབས་རྒྱལ་དབང་ལྔ་པ་ཆེན་པོའི་ཞབས་ལ་གཏུགས་ཏེ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ལས་རབ་ཏུ་བྱུང་།མཚན་ཡང་ངག་དབང་ཕུན་ཚོགས་ཞེས་གསོལ་ཏེ།ཧོར་གྱི་སྐུ་ངོར་སོང་བས་བདག་རྐྱེན་གཟིགས་སྐྱོང་ཆེར་གནང་སྟེ་རྗེས་སུ་འཛིན།ས་འབྲུག་༡༦༨༨ལོ་ནུབ་ཕྱོགས་སྣང་མཐའི་རྣམ་རོལ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ལས་ཐུགས་རྫོགས་བཞེས་ཏེ་འདུལ་བའི་བཅས་པ་ལས་ནམ་ཡང་མི་འདའ་བ་མཛད།བློ་གླིང་གྲྭ་ཚང་དུ་མཚན་ཉིད་སོགས་གསན་སྦྱངས་མཐར་ཕྱིན་པར་མཛད།གཞན་ཡང་ཀུན་མཁྱེན་ལྔ་པ་ཆེན་པོ།པཎ་ཆེན་བློ་བཟང་ཡེ་ཤེས།མཁན་སྟོན་དཔལ་འབྱོར་ལྷུན་གྲུབ།འཇམ་དབྱངས་དཀོན་མཆོག་ཡར་འཕེལ།གནས་བརྟན་འཇམ་དབྱངས་གྲགས་པ།ཞ་ལུ་བ་མཁན་མཆོགརིག་འཛིན་པདྨ་འཕྲིན་ལས།གཏེར་སྟོན་གཏེར་བདག་གླིང་པ་སོགས་གསར་རྙིང་གི་བླ་མ་མང་པོ་ལ་གཏུགས་ནས་བཀའ་ཆོས་དང་མདོ་སྔགས་ཟུང་འབྲེལ་གྱི་ཆོས་རྣམས་གསན་ཅིང་།ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་མཛད།ཁྱད་པར་རྗེ་འདི་ཉིད་ཀྱི་སྐུ་ཕྲེང་རགས་རིམ་ཙམ་ཞིག་བརྗོད་ན།སྐུ་ཕྲེང་དང་པོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དགྲ་བཅོམ་པ་ཉེ་བར་འཁོར།གཉིས་པ་གྲུབ་ཆེན་ས་ར་ཧ་པ།གསུམ་པ་རྨ་རིན་ཆེན་མཆོགབཞི་པ་དོར་སྟོན་དབང་གི་རྡོ་རྗེ།ལྔ་པ་རྭ་ལོ་ཙྪ་བ་རྡོ་རྗེ་གྲགས།དྲུག་པ་གསེར་གླིང་ཆོས་ཀྱི་གྲགས་པ།བདུན་པ་ལོ་ཙཱ་བ་ལྕེ་བཙུན་དགའ་བ་དཔལ།བརྒྱད་པ་གྲུབ་དབང་དཔལ་ལྡན་རྡོ་རྗེ།དགུ་པ་འདུལ་བ་འཛིན་པ་མཁན་ཆོས།བཅུ་པ་བློ་བཟང་བསྟན་འཛིན།བཅུ་གཅིག་པ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་འདི་ཉིད་ཡིན་ཞིང་།རྗེ་འདི་ཉིད་ཀུན་མཁྱེན་ལྔ་པའི་དངོས་སློབ་ཏུ་གྱུར་ཏེ།རི་བོ་དགེ་ལུགས་པའི་སྦྱིན་བདག་ཆེན་པོ་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་སྐུ་ཞི་བར་གཤེགས་རྗེས།དེའི་དགོངས་རྫོགས་སུ་ཧོར་དགོན་སྡེ་བཅུ་གསུམ་བཏབ་པ་རྒྱལ་དབང་ལྔ་པའི་སྤྱན་སྔར་དམ་བཅའ་ཕུལ།དེ་ནས་རིམ་བཞིན་སྨད་མདོ་ཁམས་སྒང་དྲུག་ཏུ་ཕྱེ་བའི་བལ་(ཟལ་)མོ་སྒང་དང་།མི་ཉག་སྒང་གི་བར་གཙང་པོ་ལ་རྫ་ཆུ་གྲགས་པའི་འགྲམ།མདོ་སྨད་ཧོར་གྱི་ལྗོངས་འདི་ལ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟན་པ་གསེར་སྦྱངས་གཙང་(བཙོ་)མ་ལྟ་བུ་འདི་ཉིད་ཀྱི་ལུགས་སྲོལ་དྲི་མ་མེད་པ་དར་རྒྱས་ཡུན་རིང་གནས་པའི་ཕྲིན་ལས་ཕྱོགས་མཐར་སྤེལ་བ་མ་ཟད།སྐུ་ཚེ་སྔོན་མར་ལོ་ཙཱ་བ་ཉིད་ཀྱི་སྐུའི་སྐྱེ་བ་ཡིན་ཚུལ་ཞལ་གྱིས་བཞེས་ནས།སྐུ་ཚེ་འདི་ཉིད་ལའང་མཆོག་ཐུན་མོང་དངོས་གྲུབ་གྲུབ་སྟེ།གྲུབ་པའི་གོ་འཕང་མཐོན་པོར་གཤེགས།རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པའི་བསྐྱེད་རྫོགས་ཀྱི་ནུས་པ་བདེ་བླག་ཏུ་ཐོབ་ཅིང་།རང་སྣང་དབང་དུ་འདུས་ཞིང་།གཞན་སྣང་སྲིད་ཟིལ་གྱིས་གནན་པའི་ཡེ་ཤེས་དང་འཇིག་རྟེན་པའི་དམ་ཅན་སྲུང་མ་རྣམས་ཀྱང་བཀའ་བཞིན་བྲན་དུ་འཁོར་ཞིང་།ཁྱད་པར་དཔལ་མགོན་ཞལ་བཞི་པ་དང་།འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་གཉིས་དང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ།གཞན་དོན་རྒྱ་ཆེར་ལྟ་ཞོགགནས་སྐབས་ཀྱི་མཛད་པ་ཕྲ་མོ་ཙམ་བླངས་དོར་རྣམས་ཀྱང་མི་དང་མིར་ལོབ་པ་ལྟར་གསུངས་པ་ཞིག་གོ།གཞན་ཡང་མགོན་པོ་བྲམ་ཟེ་སྐུ་མདོག་རྒྱན་ཆ་ལུགས་ཡོངས་རྫོགས་དང་།དཔལ་ལྡན་ལྷ་མོ་སྐུ་མདོག་ཕྱག་མཚན་ཡོངས་གྲགས་ལྟར་ལ།ཆིབས་དྲེའུ་མེད་པ་རྐང་ཐང་གི་རྣམ་པ་ཅན།སྤྲིན་གྱི་གསེབ་ནས་དགྱེས་པའི་རྣམ་འགྱུར་དང་བཅས་གཟིགས་པ་དང་།རཱ་ཧུ་ལ་བྲན་བཞིན་དུ་འབྲལ་མེད་སྐུ་དྲུང་དུ་བཞུགས་ནས་འཕྲིན་ལས་ཚུལ་བཞིན་དུ་བསྒྲུབས་ཤིང་།རྒྱུན་དུ་མེའི་ཕུང་པོ་ཆེན་པོ་འབར་བ་ཀུན་གྱི་མཐོང་སྣང་དུ་གཟིམས་ཆུང་ཕྱི་ནང་ཀུན་ལ་ཡོད་པས་སོ།།དེ་ལྟར་དགོན་སྡེ་བཅུ་གསུམ་བཏབ་པ་དམ་བཅའ་མཛད་པ་བཞིན་དང་པོ་ཧོར་ནམ་མཁའ་རྒྱལ་མཚན་གྱིས་ཧོར་སྟོད་སྨད་བར་གསུམ་དབང་དུ་བསྡུས།བར་དུ་ཧོར་དཀའ་བཅུ་ནམ་མཁའ་འོད་ཟེར་གྱིས་བརྟགས་པ་བྱས་ཏེ་བླ་མ་བྱ་བྲལ་བ་ཞིག་འདི་ཕྱོགས་སུ་ཕེབས་ནས་དེས་ལུང་བསྟན་མཛད་ནས་རི་ཡ་གི་རྡོ་དཀར་མང་པོ་ཡོད་སའི་ས་དེར་དགོན་པ་ཐོབ་དང་མཐའ་ལ་དགོན་པ་རྒྱས་པ་ཡོང་ཟེར་བའི།དེ་ལ་ཚད་མར་བཟུང་ནས་དགོན་པའི་འདུ་ཁང་གི་ཤུལ་དེར་དུར་ཁྲོད་ཅིག་ཡོད་པ་དེ་དགོན་པའི་རྩེ་ཕྱོགས་སུ་སྤོས་ཏེ།དེའི་ཤུལ་དུ་འདུ་ཁང་གསར་རྒྱག་བྱས་ཏེ་དཀར་མཛེས་དགོན་ཆགས།དེ་ནས་ཧོར་ཆོས་རྗེ་རང་ཡུལ་དུ་ཕྱོགས་ནས་མཁར་དཀར་པོ་དུང་འདྲ་མ་ཞེས་ཐོག་བརྩེགས་དགུ་པ་ཞིག་གསར་རྒྱག་བྱས།༸རྒྱལ་མཆོག་ལྔ་པས་དགྱེས་བཞིན་དུ་གནང་བའི་གཞུང་ས་རིན་པོ་ཆེའི་བཀའ་ཤོགཏའི་སི་ཏུ་དུ་ཝན་ཏའི་ལུང་དང་།ལུགས་སྲོལ་བཟུང་སྟེ།ཧོར་སྟོད་སྨད་ཡོངས་རྫོགས་ལ་ཆོས་སྲིད་གཉིས་ཀྱི་བདག་པོའི་ཁུར་བཞེས་གནང་སྟེ་དགོན་སྡེ་བཅུ་གསུམ་བཏབ་ཚུལ་ནི།དང་པོ་དགོན་སྡེ་བཅུ་གསུམ་གྱི་མ་དགོན་དཀར་མཛེས་བཀྲ་ཤིས་དར་རྒྱས་ནོར་བུའི་གླིང་།གཉིས་པ་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་།གསུམ་པ་རྫ་དགའ་ལྡན་བསམ་འགྲུབ་གླིང་།བཞི་པ་བྲག་ལྕོག་དགོན་དགའ་ལྡན་འཕེལ་རྒྱས་གླིང་།ལྔ་པ་བཀྲ་ཤིས་དར་རྒྱས་ཕུན་ཚོགས་གླིང་།དྲུག་པ་ཁང་དམར་བསམ་འགྲུབ་དགོན།བདུན་པ་ཤིང་ཁོག་ལྕོག་རི་དགོན།བརྒྱད་པ་སྙི་མཁའ་གཉའ་དགོན།དགུ་པ་བྲག་འགོ་དགའ་ལྡན་རྣམ་རྒྱལ་གླིང་།བཅུ་པ་རྟའུ་གཉན་མཚོ་དགོན།བཅུ་གཅིག་པ་བོན་(བེ)རི་འགྲོ་ཕན་གླིང་།བཅུ་གཉིས་པ་རྩིས་ཚང་དགའ་ལྡན་ཆོས་འབྱོར་གླིང་།དགོན་སྡེ་གཅིག་ཙམ་ཞིག་རལ་སོང་བ་ཡིན་ནམ།འོན་ཏེ་བཅུ་གསུམ་མམ་བཅུ་གཉིས་བཏབ་སྟེ་དེ་དག་ལ་བཅའ་ཡིག་ཆེན་མོ་འདུལ་བའི་བཅས་པ་བཞིན་དུ་གཞི་གསུམ་ཕྱག་ལེན།སྡོམ་གསུམ་གྱི་བཅས་མཚམས་རྣམ་པར་དག་པ་མཛད་དེ་བཅའ་ཡིག་ཆེན་པོ་དགོན་སྡེ་སོ་སོར་བཞགདེ་ལྟར་དགེ་འདུན་རྣམས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པའི་གཞིར་བཟུང་ནས་བྱང་ཆུབ་ལམ་གྱི་རིམ་པ་རྒྱས་བསྡུས་གང་རུང་གི་ཉམས་ལེན་ལ་སྦྱར་ཏེ་སྦྱོར་བའི་ཆོས་དྲུག་ཚོགས་བསགས་གསོལ་འདེབས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ།བཤེས་གཉེན་བསྟེན་ཚུལ་ནས་མི་སློབ་པའི་ཟུང་འཇུག་གི་བར་མདོ་སྔགས་ཟུང་དུ་འབྲེལ་བའི་གདམས་ངག་ཁྱད་པར་ཅན་འདི་ལ་དུས་དང་རྣམ་པ་ཀུན་ཏུ་ཉམས་སུ་བླང་དགོས་ཞེས་ཞལ་གདམས་ཡང་ཡང་གསུངས།ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་མི་དགེ་བཅུ་སྤངས།དགེ་བ་བཅུ་དང་དུ་བླངས་ཏེ་སྨྱུང་གནས་བསྙེན་གནས་སོགས་བསྲུངས་ནས་གནས་སྐབས་བདེ་ཞིང་མཐར་ཐུག་ལྷ་མིའི་རྟེན་བཟང་ཐོབ་པའི་ཐབས་ལ་ཅི་ནས་འབད་དགོས་ཞེས་རྒྱལ་ཁམས་ཡོངས་ལ་དྲིལ་བསྒྲགས།དེ་ལྟར་རྣམ་དཀར་དགེ་སྤྱོད་སྡིག་སྤོང་གི་ཁྲིམས་སྤྱི་དང་།ཁྱད་པར་དཀར་མཛེས་དགོན་པ་འདི་ཉིད་ལ་གོས་ཆེན་སེར་པོའི་བཅའ་ཡིག་ཅེས་དེང་སང་གི་བར་གནས་པ་འདི་བཞིན་ཡིན།དཀར་མཛེས་དགོན་པ་དང་པོ་འཛུགས་མཁན་ཧོར་ཆོས་རྗེའི་ཁུ་བོ་ནམ་མཁའ་འོད་ཟེར་ཡིན།མཁར་ནང་རྟེན་གྱི་གཙོ་བོ་བྱམས་པ་བཞེངས།ནོར་བུ་མེ་འབར་སོགས་བྱིན་རྟེན་ཁྱད་པར་ཅན་གཟུངས་གཞུགས་ཕུལ་བར་གྲགས་སོ།།ndvརྗེ་ཙོང་ཁ་པའི་དྲ་བ།

རྣམ་རྒྱལ་གྲྭ་ཚང་ཟེར་བ་འདི་ནི་༸རྒྱལ་བ་རིན་པོ་ཆེའི་སྐུ་ཞབས་གྲྭ་ཚང་དང་འདྲ་བ་བྱས་ནས་དགོན་པ་གཞུང་ནས་འདོན་བཟང་སྐད་བཟང་མང་ཙམ་ཞིག་ཟུར་གྱི་སྐུ་རིམ་ཞབས་བརྟན་སོགས་སྒྲུབ་མིའི་ཞབས་ཕྱི་ལ་བཞག་པ་ཡིན་ཞིང་།བསྐང་གསོལ་དང་།ལྷ་མོའི་མདོས་ཆེན་དང་འཆམ་དང་།གནམ་ལོ་གསར་པའི་ཚེས་གཏོར་ཚེས་གཅིག་ཉིན་དམར་ཟོར་མ་ལ་ཚེས་གཏོར་འབུལ་རྒྱུ་སྐོར་སོགས་དང་།ཡར་ངོའི་མར་ངོའི་ཚེས་བཅུའི་སྐོར་ལ་སོགས་པ་ཟླ་བ་རེ་ལ་དུས་མཆོད་བརྒྱད་རེ་སྟེ་ཆོ་ག་ཕལ་ཆེ་བ་༸གོང་ས་རྒྱལ་དབང་ལྔ་པའི་སྐབས་ཀྱི་རྣམ་རྒྱལ་གྲྭ་ཚང་དེ་གར་ཕྱག་ལེན་བཙུགས་པ་ལ་ལོ་ལྟར་བཞིན་ལྷ་མོའི་མདོས་ཆེན་བཙུགས་ཏེ་ཧོར་ཆོས་རྗེ་རང་ཉིད་ཀྱིས་དབུ་བཞུགས་མཛད་ནས་ཞྭ་འཆམ་དང་གཏོར་རྒྱབ་སོགས་གནང་བ་ལྟར།དེའི་རྒྱུན་ད་ལྟ་ཡང་རྣམ་རྒྱལ་བླ་མ་དབུ་བཞུགས་ནས་དེང་སང་བར་གནས་པ་འདི་ཡིན།ཚེས་གཏོར་སྐོར་ནི་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་རྒྱན་གྱི་ཕྱག་ལེན་ལྟར་བཙུགས་པའོ།།ndvརྗེ་ཙོང་ཁ་པའི་དྲ་བ།

སྔགས་པ་གྲྭ་ཚང་ཟེར་བ་འདིའི་རྒྱུན་ཧོར་ཆོས་རྗེའི་དུས་སུ་སྔགས་ཕྱོགས་ཀྱི་གསང་བདེ་འཇིགས་གསུམ་སོགས་བདག་འཇུག་སྒྲུབ་མཆོད་གཏོང་མི་གྲྭ་པ་ཁ་ཤས་ཤིག་ཟུར་དུ་འཐེན་ཏེ་ཡོད་པ་ལ་ཕྱིས་སུ་ཇེ་འཕེལ་དུ་སོང་སྟེ་སྔགས་པ་གྲྭ་ཚང་ཟེར་བ་ཞིག་བྱུང་།མཚན་ཉིད་གྲྭ་ཚང་འདི་ནི་མདོ་ཕྱོགས་ཀྱི་འདོན་ཆོག་སྐོར་གཞི་བཟུང་ནས་གྲྭ་པ་མང་ཤོས་དེ་ཡིན།ndvརྗེ་ཙོང་ཁ་པའི་དྲ་བ།

ཆོས་རྗེ་ཞལ་བཞུགས་སྐབས་དབུས་ཕྱོགས་རི་བོ་དགེ་ལུགས་པ་དང་།གཙང་དབུས་ཀྱི་རྒྱལ་བ་ཡབ་སྲས་དགའ་ལྡན་ཕོ་བྲང་པ་དང་བཅས་ཏེ་དགེ་ལུགས་པ་ལ་སྒེར་གྱི་བཀའ་དྲིན་ཆེ་བ་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་ཤིང་རྟ་༡༦༥༤ལོར་སྐུ་ཞི་བར་གཤེགས་པའི་དེའི་དགོངས་རྫོགས་སུ་དམིགས་ཏེ་དགོན་སྡེ་བཅུ་གསུམ་བཏབ་པ་དམ་བཅའ་ཕུལ་བ་ཡིན་ཞིང་།དགོན་སྡེ་བཅུ་གཉིས་ཙམ་ནི་གོང་དུ་བཤད་པ་བཞིན་དང་།དེར་མ་ཟད་ཆོས་རྗེ་ཉིད་ཟི་ལིང་ཕྱོགས་སུ་ཕེབས་ཏེ་མཚོ་སྔོན་མོ་ལ་དགོན་ལག་གཉིས་བཏབ་པ་རྣམ་ཐར་དུ་གསལ།དེའི་ཕྱོགས་སུ་འགྲོ་དོན་རྒྱ་ཆེར་མཛད།དེ་ལྟར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་དེ་ཉིད་ཀྱིས་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱིས་མཁར་དཀར་པོའི་ནང་སྐུ་གསུང་ཐུགས་རྟེན་དང་རྟེན་དང་བརྟེན་པ་བཅས་པ་བཞེངས།ཧོར་ཡུལ་དུ་དགོན་སྡེ་མང་པོ་བཙུགས།སྐུ་གསུང་ཐུགས་རྟེན་སོགས་མང་རབ་བཞེངས།སྐུ་ཚེ་རིང་པོ་མ་བཞུགས་ཀྱང་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང་།བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན།དེ་ལྟ་ན་ཡང་ཡུལ་ཕྱོགས་སྟོད་སྨད་ཀྱི་མི་རྣམས་བསོད་ནམས་ཧ་ཅང་མི་ཆེ་ཞིང་།ཧོར་ནམ་མཁའ་རྒྱལ་མཚན་སྙན་གྲགས་ཆེ།ཆོས་རྗེ་ཉིད་སྐུ་ན་གཞོན་སྟབས་དང།ཉེ་སྐོར་དགེ་བའི་བཤེས་གཉེན་སོགས་བླ་མ་ཁྱད་པར་ཅན་ཆེར་མ་བཞུགས་པའི་སྟབས་ཀྱིས་དགོན་སྡེ་འཛུགས་པའི་ཚེ།རྙིང་མ་བ་དང་བཀའ་བརྒྱུད་པ་བོན་པོ་སོགས་ཀྱི་དགོན་གནས་མང་པོ་གཏོར་ཞིང་ཆོས་ལུགས་ཚུར་བསྒྱུར་ནས་བཙན་དྲག་མང་དུ་མཛད་པའི་རྐྱེན་གྱིས་དགོན་གནས་དེ་དག་སྐྱོང་བའི་ཆོས་སྐྱོང་འགའ་ཞིག་གིས་གནོད་པ་ཡིན་ནམ་སྙམ།ཧོར་གྱི་དགོན་ཁག་འདི་རྣམས་སུ་སྐྱིད་སྡུག་གང་གི་ཐད་ལ་ཡང་ནང་མི་མཐུན་པ་ཤིན་ཏུ་མང་།ལྷག་པར་དཀར་མཛེས་དགོན་འདི་ཉིད་ནང་དུ་བཀྲ་ཤིས་མ་དང་སྣ་ནག་མ་གཉིས་ཀྱི་ནང་ནས་བཀྲ་ཤིས་མ་ནི་ཤིན་ཏུ་ཉུང་།སྣ་ནག་མ་ནི་ཤིན་ཏུ་མང་ཞིང་དབང་ཤེད་ཆེ་བས།རྒྱུན་དུ་འཐབ་རྩོད་དང་།བསམ་པ་མི་མཐུན་པ་དང། དཀྲུགས་ཤིང་བྱེད་པ་དང་།དཔོན་པོ་སོགས་ལ་དབྱེན་ཁ་བྱེད་པ་ནི་ཤིན་ཏུ་མང་།སེར་མོ་བ་བློ་གཟུ་བོར་གནས་པ་དག་ཀྱང་བློ་ཆོས་སུ་འགྲོ་བ་ཤིན་ཏུ་དཀའ་ཞིང་།དགེ་སྦྱོར་དགའ་མོ་ཞིག་བྱུང་ལོ་བྱས་ཀྱང་དཀྲུགས་ཤིང་ལན་རེས་ཁམས་ཤེས་དང་ཁོང་ཁྲོས་བསྐལ་པ་གྲངས་མེད་ནས་བསགས་པའི་དགེ་རྩ་འཇོམས།བསྟན་པའི་ཞབས་འདྲེན་ཆེན་པོར་གྱུར་པ་སེམས་ཤིན་ཏུ་སྐྱོ།རྒྱལ་བ་བློ་བཟང་བསྐལ་བཟང་རྒྱ་མཚོའི་ཞལ་ནས།མཐོ་དམན་སྐྱ་བཙུན་ཕོ་མོ་སུ་འདྲ་ལ་བལྟས་ཀྱང་།།ཆ་ལུགས་རྣམ་འགྱུར་ཕོ་སྒྲོབ་ཆེ་ཆུང་ཙམ་མ་གཏོགས།།སྡུག་གི་མི་ཚེ་བསྐྱལ་བ་མཉམ་མཉམ་དུ་འདུག་པ།།སྐལ་མཉམ་གྲོགས་མཆེད་རྣམས་ཀྱི་སྣང་ཚུལ་འདི་སྐྱོ་བ།།ཞེས་གསུངས་བཞིན་གདའོ།།དགོན་པ་ལ་གྲྭ་པ་མང་པོ་ཡོད་དགོས་པའི་ངེས་པ་མེད་པ་ལ།ཚད་ལྡན་བྱུང་ན་བདུན་བརྒྱད་ཙམ་ལས་མེད་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཕྱག་བྱ་བའི་དགོན་གནས་ལ་འགྲོའོ།།ཚད་ལྡན་མ་བྱུང་ན་ཁྲི་ཁྲག་འབུམ་ཁྲག་ཡོད་ཀྱང་སྐྱ་མིན་སེར་མིན་ཁྱིམ་པའི་དགོན་པ་ལ་འཇོག་ངེས་ན་འཐོར་ཞིག་འགྲོ་བ་ལ་དཀའ་ལས་མེད།སེར་མོ་བའི་རྟགས་ཙམ་བཟུང་ནས་དཀྲུགས་ཤིང་བྱེད་མཁན་ཤིན་ཏུ་མང་།དེ་དག་ལ་སྣ་ནག་མ་ཟེར་བ་ཡིན།འོན་ཀྱང་བླ་མ་འགའ་ཞིག་གི་ཞལ་ནས་སུ་ལའང་སྐྱོན་དུ་བལྟ་མི་རུང་།དག་སྣང་བསྒོམ་དགོས་གསུངས་པ་བཞིན།རབ་ཏུ་བྱུང་བའི་རྟགས་ཙམ་འཛིན་པ་ཡན་ཆད་ལ་ཁྱིམ་པ་རྣམས་ཀྱིས་ཕྱག་དང་མཆོད་པའི་གནས་སུ་གྱུར་པ་ཡིན་ཏེ།ཁྱིམ་པ་ཕོ་མོ་བརྒྱ་སྟོང་ཁྲག་མང་པོ་ཚོགས་པ་ལས་རབ་ཏུ་བྱུང་བའི་རྟགས་ཙམ་འཛིན་པ་གཅིག་གི་དགའ་བ་ཡིན།རྒྱུ་མཚན་ཅིའི་ཞེ་ན།བཅོམ་ལྡན་འདས་ཀྱི་གསུང་རབ་དྲི་མ་མེད་པའི་མདོ་ལས།རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་བ་ངུར་སྨྲིག་གི་གོས་གྱོན་ནས་རང་གི་བུའི་ལག་ནས་བཟུང་སྟེ་ཁྱིམ་པའི་གནས་སུ་ཆང་འཐུང་འགྲོ་བ་དེ་དག་ཀྱང་སྐལ་བཟང་གི་སངས་རྒྱས་སྟོང་གི་ཐ་མ་སངས་རྒྱས་སྣང་མཛད་དམ་མོས་པ་བྱོན་ཚུན་ཆད་དགྲ་བཅོམ་པ་ཐོབ་པར་གསུངས་ན།སེར་མོ་བ་གཞན་ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་ལྟ་ཅི་སྨོས།འོན་ཀྱང་དཀྲུགས་བཤིག་བྱེད་པ་དང་།དེ་དག་ལ་རྒྱབ་རྩ་བྱེད་པ་དང་འདུལ་བ་ནས་གསུངས་པ་བཞིན་བཤགས་སྦྱངས་མི་ནུས་པ་རྣམས་ནི་ཤིན་ཏུ་ངན།ཁྱིམ་པ་རྣམས་ཀྱིས་དག་སྣང་བསྒོམ་པར་གལ་ཆེའོ།།ndvརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K