མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / རྒྱུན་ཤེས། / ནང་དོན་དངོས།

༄༅།།རྒྱལ་དབང་བཅུ་གསུམ་པ་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་བར་གྱི་འབྲེལ་བའི་སྐོར།

ཡོང་ཁུངས།   《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》     སྤེལ་དུས།  2016-09-01 07:35:31         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

    ཤེས་བྱའི་མཁའ་ལ་ཆུ་འཛིན་འབུམ་དཀྲིགས་ཏེ། །རབ་ཡངས་སྦྲང་ཆར་འབེབས་པའི་ཐུགས་རྗེའི་གཏེར།།རྒྱ་ཆེན་ཉམ་ཐག་འགྲོ་བར་དགོངས་པའི་ཐུགས། །མཚོ་ཆེན་རོལ་པའི་རྡོ་རྗེར་ཕྱག་འཚལ་ལོ།།ཁྱེད་ཀྱི་ཚངས་ཐིག་འདེབས་པའི་མཛད་པ་ལ། །མ་རྟོགས་ལོག་རྟོགས་དཔྱད་པ་མི་བྱེད་པར།།གྱ་ཚོམ་ཚིག་གིས་སྐྱེ་བོ་རྨོངས་བྱེད་པ། །དེ་དག་རང་དགར་འཇོག་པ་ཅང་སྲིད་དམ།།བདེན་པའི་རལ་གྲི་ནམ་མཁར་རབ་འཕྱར་ཏེ། །མ་དག་གཏམ་གྱི་མུན་པ་བཅོམ་པ་ལ།།མཁྱེན་པའི་གཏེར་གྱིས་བྱིན་རླབས་འོད་སྣང་མཐུས།།རང་ཉིད་དད་པའི་འཛུམ་གྱིས་བཤད་པར་བྱ། །Wr0རྗེ་ཙོང་ཁ་པའི་དྲ་བ།

     ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་ཤེས་རབ་རྒྱ་མཚོ་ནི་རང་གི་གཞིས་དགོན་རྡོ་སྦིས་དང་བཀྲ་ཤིས་འཁྱིལ་ལ་སོགས་པར་སློབ་གཉེར་གྱི་རྨང་གཞི་དང་། འདུལ་བའི་བསྙེན་རྫོགས་ལ་སོགས་པ་ལེགས་པར་མནོས་ཏེ་ཡུལ་དབུས་ཕྱོགས་ལྷ་ལྡན་དུ་ཕེབས་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོ་གྲྭ་ཚང་སྒོ་མང་ཁང་ཚན་ཀླུ་འབུམ་བཅས་སུ་བཞུགས་ཏེ་འཆད་རྩོད་རྩོམ་པའི་སྙན་གྲགས་ཕྱོགས་བཅུར་རྒྱས་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་ཨང་དང་པོའི་མཚན་སྙན་ལེགས་པར་ཐོབ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་གཟིགས་པ་ལྷག་པར་གཡོས་ཏེ།དགའ་ལྡན་ཁྲི་ཟུར་བྱམས་པ་ཆོས་གྲགས་ཀྱིས་གཙོ་བོའི་སྦྱིན་བདག་མཛད་དེ་ས་གནས་སྲིད་གཞུང་ནས་ཐུགས་འགན་བསྐྱེད་དགོས་པའི་འབོད་སྐུལ་ཞུ་གནང་མཛད་པ་ལྟར། ཞོལ་དཔར་ཁང་གསར་བཞེངས་དང་འབྲེལ་བཀའ་འགྱུར་རིན་པོ་ཆེ་དཔར་སྐྲུན་མཛད་དེ་ཞུས་དག་མཛད་པོ་དགེ་བཤེས་རིན་པོ་ཆེ་ཉིད་དང་། ཕྱག་རོགས་མཛད་པོ་མཚན་ཞབས་ཡེར་པ། སྟག་བྲག་རྒྱལ་དབང་སོགས་དང་ལྷན་གཅིག་ཏུ་ཞུགས་དགོས་པའི་བཀའ་ཕབ་པ་ལྟར་ཞུས་དག་མང་ཆེ་བ་ལེགས་པར་གྲུབ་ཅིང་། མཇུག་སྐྱོང་གི་སྐབས་སུ་རྙིང་མ་རྒྱུད་འབུམ་དེ་བཀའ་འགྱུར་གྱི་གྲངས་སུ་འཇུག་དགོས་མེད་ཀྱི་བཀའ་མོལ་ཞིག་ཡོད་པའི་མཚམས་སུ་དགེ་བཤེས་ཆེན་པོ་ཉིད་ཀྱང་སྐབས་དེར་སྐུའི་ཕོ་བའི་བསྙུན་གཞི་ཕོག་པ་དུས་མཚུངས་གློ་བུར་དུ་རྒྱལ་བ་རིན་པོ་ཆེས་ཤེས་རབ་རྒྱ་མཚོ་གནས་སྐབས་འབྲས་སྤུངས་སུ་ངལ་གསོར་བཞུགས་དགོས་ཞེས་བཀའ་ཕབ་སྟེ་ལམ་སེང་དེ་ཉིན་རང་ཆིབས་ར་ནས་གོང་ས་ཉིད་ཀྱི་ཆིབས་པ་སྒ་ཆས་རང་འགྲིགས་དང་། གཟིམ་ཆས་དང་སྐུའི་ཉལ་ཆས་འགེལ་བྱེད་གཟིམ་དྲེལ་ཆིབས་གཡོག་བཅས་གཏོང་བ་གནང་སྟེ་ནོར་གླིང་ནས་རང་ཉིད་ཀྱི་གདན་སའི་བཞུགས་སྤྱིལ་དུ་ཕེབས་སྐྱེལ་མཛད། དེ་ནས་བཟུང་དགེ་བའི་བཤེས་གཉེན་ཁྱེད་ཟླ་ཤས་སྐུ་ངལ་གསོ་བ་དང་རི་བོ་དགའ་ལྡན་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་གདུང་ཡིད་བཞིན་དབང་གི་རྒྱལ་པོའི་དྲུང་དུ་སྐུ་ཕྱག་འབུམ་ཐེར་གྱི་མཇུག་སྐྱོང་འབུལ་བ་མཛད་དེ་སྐུའི་ཕོ་བའི་བསྙུན་གཞི་ཡང་གསལ་དྭངས་བྱུང་། རྗེས་སུ་ཞུས་དག་མཇུག་སྐྱོང་མཛད་པོ་བཀྲ་ཤིས་ལྷུན་པོ་ནས་ཅོ་ནེ་བླ་མ་རིན་པོ་ཆེ་གདན་ཞུ་མཛད། དེར་མ་བརྟག་པའི་སྐྱེ་བོ་འགའ་ཞིག་གིས་ཁྱེད་ཀྱིས་རྒྱལ་བའི་བཀའ་འགྱུར་ལ་བཟོ་བཅོས་བྱས་པས་སྐུ་ཕྲེང་བཅུ་གསུམ་པ་དགོངས་ཚོམ་བྱུང་སྟེ་མཐར་མེས་རྒྱལ་ནང་སར་བྲོས་གཡོལ་དུ་ཕེབས་དགོས་བྱུང་ལུགས་སོགས་བཤད་འདུག་པ་དེ་ལ་བདེན་པའི་ཆ་ཙམ་ག་ལ་ཡོད། དགེ་བཤེས་ཆེན་པོ་ཉིད་ཀྱིས་ཁོ་བོར་ཞལ་གདམས་གནང་བའི་ནང་། ཕྱག་ན་པདྨོ་དགྱེས་པའི་འཛུམ་ཟེར་ཟུག །ལག་རྗེས་མི་དམན་མཆོག་གི་གཟིགས་མོར་མཚར། །ཞེས་གསུངས་འདུག་པས་ཀྱང་བསྟན་ཏེ་དེའི་ཕྱག་རྗེས་ནི་བཀའ་འགྱུར་ཞུས་དག་མང་ཆེ་བ་གྲུབ་པ་ལ་གསུངས་པ་ཡིན། ད་དུང་སྐུ་ཕྲེང་བཅུ་གསུམ་པ་ཆུ་བྱ་སྤྱི་ལོ་༡༩༣༣ལོར་སྐུ་ཞི་བར་གཤེགས་རྗེས་ཚ་རོང་ནས་བསྐུལ་མ་ཞུས་པ་ལྟར་གང་གི་བཀའ་དྲིན་གྱི་ཆ་ཤས་ཙམ་གསབ་ཆེད་དུ་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་རྣམ་ཐར་མདོར་བསྡུས་ཀྱིས་བརྒྱན་ཏེ་མྱུར་འབྱོན་གསལ་འདེབས་ཤིག་ཀྱང་ལྷ་ས་དཔལ་ལྡན་འབྲས་སྤུངས་ཆོས་སྡེ་ཆེན་པོར་བཞུགས་མུས་སུ་བརྩམས། མེ་བྱ་སྤྱི་ལོ་༡༩༣༦ལོར་གོ་མིན་ཏང་སྲིད་གཞུང་གིས་ལྷ་སྡོད་སྐུ་ཚབ་ཅང་ཚན་ཉིད་བརྒྱུད་དགེ་བཤེས་རིན་པོ་ཆེ་མེས་རྒྱལ་ནང་སར་ཕེབས་དགོས་ནན་ཞུས་བྱས་པ་ལྟར། ལྷ་འབྱོར་རྒྱ་དཔོན་ལིས་ཏན་ཨུ་ཡོན་གྱིས་ཕེབས་རོགས་འོག་ཆིབས་བསྒྱུར་གནང་ནས་སྐབས་དེར་སྐུ་སྒེར་གྱི་ཞབས་འབྲིང་ཕེབས་རོགས་སུ་དགེ་ཕྲུག་གི་གཙོ་བོ་ལྷ་རམས་དགེ་བཤེས་སྐལ་བཟང་རྒྱ་མཚོ་དང་། བོད་ལྗོངས་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དགོན་གསར་ཐུབ་བསྟན་འཇིགས་བྲལ། ཆབ་གྲོས་ཨུ་ཡོན་རྒྱའི་ཡིག་བསྒྱུར་རྨཱ་ཡུའུ་ཁིས་སོགས་ད་ལྟ་འཚོ་བཞུགས་ཡིན་པ་བཅས་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་ནས་ལོ་གསུམ་ཙམ་སོང་རྗེས་གདན་ཞུས་ལྟར་ཕེབས་པ་ལས་བོད་ནས་གསང་བསྐྱོད་མཛད་དགོས་པའི་དོན་གནད་གང་ཡང་བྱུང་མེད། ལར་དགེ་བའི་བཤེས་གཉེན་ཆེན་པོ་ཁོང་ཉིད་གཞུང་པོད་ལྔ་དང་རིག་གནས་ཆེ་ཆུང་བཅུ་ལ་སློབ་གཉེར་མཐར་ཕྱིན་པ་མཛད་ནས་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་ཅིང་། ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བདག་པས་གཞན་གཅེས་པར་འཛིན་པའི་ཚ་གདུང་མཐའ་དག་སེལ་བའི་ཟླ་ཟེར་འབུམ་དུ་འཛགས་པ་ཞིག་ཡིན། རང་ཉིད་ཀྱང་དགེ་བཤེས་རིན་པོ་ཆེ་ལྷ་ས་ནས་མེས་རྒྱལ་ནང་སར་མ་ཕེབས་གོང་ནས་ཤིང་ཕག་སྤྱི་ལོ་༡༩༣༥ལོར་དགེ་བཤེས་རིན་པོ་ཆེའི་སྐུ་མདུན་ནས་སུམ་རྟགས་ལེགས་པར་བཀའ་འཁྲིད་ཞུས་ཤིང་། ས་གླང་སྤྱི་ལོ་༡༩༤༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ཆུ་སྟག་སྤྱི་ལོ་༡༩༥༢ལོར་བོད་ས་གནས་སྲིད་གཞུང་གི་གུས་འདུད་ཞུ་བའི་ཚོགས་པའི་ནང་ཞུགས་ཏེ་པེ་ཅིན་དུ་སྐྱོད་སྐབས་སློབ་དཔོན་གྱི་ཞལ་མཇལ་བ་དང་ཞལ་གདམས་སོགས་སྤྱི་བོར་བསྩལ། ཆུ་ཡོས་སྤྱི་ལོ་༡༩༦༣ལོར་པེ་ཅིན་དུ་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་དེབ་བཞི་པའི་བོད་ཡིག་ཞུ་དག་བྱེད་སྐབས་སུའང་གང་གི་དྲུང་དུ་བཅར་བ་དང་། གསོལ་ཚིག་ཀྱང་རྟག་ཏུ་ལྷན་དུ་གནང་བ་སོགས་དྲན་དུས་ད་ལྟ་མིག་ནས་མཆི་མ་དབང་མེད་དུ་ཤོར་བཞིན་དུ་དྲན་གདུང་ཚད་མེད་འདུག་ཀྱང་། ཤ་རུས་གདོས་བཅས་ཀྱི་ཕུང་བོ་འདི་ཉིད་རྫོགས་པའི་སངས་རྒྱས་ཀྱང་སྐུ་མྱ་ངན་ལས་འདས་ཚུལ་སྟོན་པའི་ཆོས་ཉིད་དེ་ལས་མི་འདའ་བས་སྐུའི་ན་ཚོད་དགུང་གྲངས་གྱ་དྲུག་ཙམ་ལ་སོན་ཏེ་འབྲས་བུ་སྨིན་ནས་ལྷུང་བ་ལྟར་ཞི་དབྱིངས་སུ་གཤེགས་ཀྱང་། ད་ལྟ་རྗེས་བཞུགས་ལྷ་རམས་པ་དགེ་བཤེས་སྐལ་བཟང་རྒྱ་མཚོས་གཙོས་གང་གི་ཞལ་སློབ་རྣམས་ཀྱིས་བཀའ་དྲིན་གྱི་ཆ་ཡི་ཆ་ཤས་ཙམ་གསབ་ཕྱིར་དང་། ཕྱིན་ཆད་སྐྱེ་བོ་རྣམས་ལ་ཐར་བའི་ས་བོན་བསྐྲུན་ཕྱིར་རྗེས་དྲན་ཞུ་བའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་བཀའ་དྲིན་ཆེ་བར་བསྒྲུབས་པའི་མཆོད་སྤྲིན་གྱི་ལེགས་བཤད་སྐྱེས་སུ་འབུལ་བ་ལགས། །Wr0རྗེ་ཙོང་ཁ་པའི་དྲ་བ།

    སྨྲས་པ། ཐབས་མཁས་ཐུགས་རྗེའི་རྦ་རླབས་རབ་ཏུ་འཕྱུར་བའི་ཤེས་རབ་རྒྱ་མཚོ་ཡིས། །གངས་ཅན་མགོན་པོའི་ཐུགས་བསྐྱེད་སྒྲུབ་སླད་རྫོགས་སངས་རྒྱས་ཀྱི་བསྟན་པ་གྲུ་བོ་ཆེ། །འདེགས་པའི་སྙིང་སྟོབས་རླུང་གིས་གཡོས་པའི་ཕ་མཐར་སོན་པའི་མཛད་རྗེས།།མི་ནུབ་ཕྱོགས་ཀྱི་གཟིགས་མོར་མངོན་སུམ་ཀུན་གྱི་སྤྱོད་ཡུལ་ཉིད་དུ་གྱུར། །Wr0རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K