མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།མ་ཤེས་ཐབས་མེད་ཀྱི་ཨེ་ཛིའི་ཤེས་བྱ།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-01-10 12:20:08         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

       གཅིག ཨེ་ཛིའི་བྱུང་འཕེལ་དང་ཤེས་བྱ་དྲིལ་བསྒྲགས། དེ་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་བཅུའི་ནང་ཚད་བརྒལ་ལག་དམར་བ་ཆེན་པོ་ཨེ་ཛིའི་ནད་ཡམས་འདིས་ཡ་ང་དང་སྙིང་རྗེ་མེད་པར་ཚེ་སྲོག་མང་པོ་ཐལ་བར་བསྒྱུར་མགོ་བརྩམས་སྐབས་སྨན་པ་ཚོར་ནད་པའི་ལུས་སྟེང་ནས་ནད་རྟགས་ཁྱད་མཚར་མང་པོ་འཕྲད་ནས་སྔར་བདེ་ཐང་ཡིན་པའི་ནད་པའི་རིམས་འགོག་མ་ལག་ལ་གཏོར་བཤིག་ཚབས་ཆེན་གཏོང་གིན་འདུག་པ་ཧ་གོ་བ་རེད། ༡༩༨༡ལོའི་ཟླ་བ་༦པའི་ཚེས་༥ཉིན་ཨ་རིའི་རིམ་འགོག་ཚོད་འཛིན་ལྟེ་གནས་ CDC ནས་གསར་དུ་ངོ་ཤེས་པའི་ནད་ངན་དེའི་སྐོར་འཛམ་གླིང་ས་ཕྱོགས་གང་སར་སྙན་ཞུ་སྤེལ། སྤྱི་ལོ་༡༩༨༠ཟླ་བ་༡༠ནས་༡༩༨༡ཟླ་བ་༥ བར་མཚན་མཐུན་ཆགས་སྤྱོད་པའི་ལུས་ཐོག་ནས་སྔ་ཕྱིར་མི་འདྲ་བའི་ནད་རྟགས་ཁག་ལྔ་ཙམ་ཐོན། དེ་རྗེས་འཛམ་གླིང་འཕྲོད་བསྟེན་ཚོགས་པ་ WHO དང་རྒྱལ་ཁབ་ཁག་གི་ཚན་རིག་མཁས་ཅན་སོགས་ཀྱིས་དོ་སྣང་ཆེན་པོས་དཔྱད་བསྡུར་རིམ་པར་བྱས། ༡༩༨༢ཟླ་བ་༩པར་ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དངོས་སུ་ཐོབ་འབྱོར་རང་བཞིན་གྱི་ནད་འགོག་ནུས་པ་མ་ཚང་བའི་ཕྱོགས་བསྡུས་ནད་གཞིའམ་ AIDS ཨེ་ཛི་ཞེས་པ་འདི་ཡིན་པ་ར་སྤྲོད་བྱས་པ་རེད། ༡༩༨༦ནས་ཀྲུང་གོ་རྒྱལ་ནང་ལ་ནད་འདི་བྱུང་སྟེ་(艾滋病)ཞེས་མིང་ཚུར་རྒྱ་ཡིག་ནང་ལ་བསྒྱུར་བ་རེད། དེ་ནས་རྒྱ་ནག་གི་རྒྱ་མོ་རྣམས་ཀྱིས་བོད་ཡུལ་དུ་རྐུབ་ཀྱི་ཚོང་ཁང་སྒོ་ཕྱེས་པ་ནས་བཟུང་བོད་ཁུལ་དུའང་ནད་འདི་ནང་འདྲེན་བྱས་ཡོང་བ་རེད། སྤྱི་ལོ་༢༠༠༩་ལོར་ངེད་གངས་ལྗོངས་རིས་མེད་ཚང་གིས་ནད་འདིའི་སྐོར་ལ་ཚགས་པར་དང་། བརྙན་ཐུང་སོགས་གང་མང་སྤེལ་མྱོང་ཡང་དེ་སྐབས་ཆ་རྐྱེན་དང་ནུས་པ་སོགས་ཀྱིས་རྐྱེན་པས་དེ་ཙམ་གྱིས་ཁྱབ་བསྒྲགས་མ་སོང་། དེ་རྗེས་བོད་ཁུལ་དུ་ཨེ་ཛིའི་སྐོར་གྱི་ཡིག་ཆ་མང་པོ་ཐོན་སོང་ལ་ཁྱད་པར་དུ་གངས་ལྗོངས་མཁས་པའི་གཙུག་རྒྱན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་རྩ་འཛུགས་བྱས་པའི་བོད་ཁུལ་ཨེ་འགོག་ཚོགས་པས་བོད་ཁུལ་དུ་ཨེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་ཧ་ཅང་ལེགས་པོ་གནང་སོང་། ད་སྐབས་བོད་ཁུལ་གྱི་ས་ཆ་མཐོ་དམན་བར་གསུམ་གྱི་མི་མང་ཚོས་ཨེ་ཛིའི་མིང་ཙམ་མ་ཡིན་པར་སྔོན་འགོག་བྱེད་སྟངས་སོགས་ཤེས་བྱ་མང་པོ་རྟོགས་ཐུབ་འདུག་པ་འདིའང་མཁན་ཆེན་མཆོག་གི་ཐུགས་རྗེའི་གཟི་འོད་ལས་མ་འདས། དེ་སྔོན་འུ་ཚོས་ཚ་ཚ་འུར་འུར་ངང་བསྒྲགས་དང་སྒྲོག་བཞིན་པ་ནི་ཨེ་ཛིའི་ནད་འགོག་ཐབས་དང་ཨེ་ཛིའི་ནད་ཀྱི་སྲོག་གང་འདྲ་འཕྲོག་གིན་ཡོད་མེད་ཀྱི་སྐོར་དག་དག་རེད། འུ་ཚོ་གཅིག་པུ་མ་ཡིན་པར་མི་རིགས་གཞན་པའང་དེ་ལྟར་ཡིན་ངེས་རེད།LJoརྗེ་ཙོང་ཁ་པའི་དྲ་བ།

        གཉིས་པ། ཨེ་ཛིས་བཟོས་པའི་སྤྱི་ཚོགས་ཀྱི་གོད་ཆགས། ཨེ་ཛིས་བཟོས་པའི་སྤྱི་ཚོགས་ཀྱི་གོད་ཆགས་ནི་ཨེ་ཛིའི་ནད་པ་ལ་ལྟ་རྟོགས་མ་བྱས་པ་དང་། ཨེ་ཛིའི་ནད་པས་སྤྱི་ཚོགས་གི་བདེ་འཇགས་ལ་གཏོར་སྐྱོན་གཏོང་བ་སོགས་ལས་བྱུང་བ་ཡིན། ཨེ་ཛིའི་ནད་པ་ཟེར་དུས་རེ་བ་ཤོར་ཟིན་པའི་མི་བུ་ཞིག་ལ་ངོས་འཛིན་བྱས་ན་མི་ཆོག་རྒྱུ་མེད་པས། གལ་སྲིད་ཨེ་ཛིའི་ནད་པར་ཕོག་ཐུག་གཏོང་བ་དང་། བཙོག་ལྟ་སོགས་མི་གྲལ་དུ་ཕུད་པ་ལྟ་བུ་བྱས་པ་ཡིན་ན་ཨེ་ཛིའི་ནད་པས་དངོས་ཤུགས་ཟུར་གསུམ་ནས་སྤྱི་ཚོགས་ལ་གཏོར་བཤིག་གཏོང་སྲིད་ལ། ཨེ་ཛིའི་ནད་ཁྱབ་བརྡལ་དུ་གཏོང་སྲིད་པས། ཨེ་ཛིའི་ནད་པར་ལྟ་རྟོག་ལེགས་པོ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། ཡང་སྒོས་དེང་སང་དྲྭ་ལམ་ནས་ལུང་པ་ག་གེ་མོའི་མི་སུ་ཞིག་ལ་ཨེ་ཛིའི་ནད་ཕོག་འདུག་པས་དོགས་ཟོན་བྱེད་དགོས་པའི་བརྡ་ཁྱབ་ཀྱི་རིགས་དེ་ལ་སྤྱི་ཚོགས་མི་ཡོངས་ཀྱི་ངོ་རྒོལ་ནན་པོ་བྱ་དགོས་སྟེ། གཅིག་ནི་མི་ཕན་ཚུན་མི་དགའ་བས་གཏམ་འཁྱར་རྫུན་བཟོ་བྱེད་ཀྱིན་ཡོད་ལ། དཔེར་ན་ཟ་ཁང་གཉིས་ཕན་ཚུན་ཚོང་ཡག་སྡུག་བྱུང་སྐབས་གཅིག་ཤོས་ལ་མི་དགའ་བར་ཕྲག་དོག་གིས་གཅིག་ཤོས་དེས་ཟས་ནང་ལ་གཅིན་དང་། ཁྱི་ཤ་མི་ཤ་ལ་སོགས་པ་བསྲེ་བཞིན་འདུག་པའི་གཏམ་འཁྱར་སྤེལ་གྱིན་ཡོད་པ་ལྟ་བུ་རེད། གཉིས་ནས་ཨེ་ཛིའི་ནད་པ་ཡིན་རུང་མི་སྒེར་གྱི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པ་ལས་དོགས་ཟོན་དང་བཙོག་ལྟ་བྱེད་མི་དགོས་སྟེ། ནམ་རྒྱུན་སྤྱི་ཚོགས་ཀྱི་འཚོ་བའི་འབྲེལ་བ་བྱས་པ་ཙམ་གྱིས་ནད་མི་འགོ་བ་སྔར་ནས་བཤད་ཟིན་ཏོ། །LJoརྗེ་ཙོང་ཁ་པའི་དྲ་བ།

        གསུམ་པ་། ཨེ་ཛིའི་འཇིགས་ནད། ཨེ་ཛའི་འཇིགས་ནད་ནི་སེམས་ཀྱིས་བཟོས་པའི་ནད་ཅིག་ཡིན་པས་དེ་ནི་རང་རང་གི་སེམས་ཀྱིས་བཅོས་པ་ལས་སྨན་སོགས་བསྟེན་ཡང་ཕན་དཀའ་སྟེ། སྔར་ཉེས་ཅན་བཙོན་མ་ཞིག་སྲོག་ཏོག་གཏོང་བའི་སྐབས་སུ་ཤོག་བུ་གྲི་དང་ཆུ་ཁྲག་ཏུ་སེམས་ནས་ཤི་བར་གྲགས་འདུག་པས་སོ། ། དེ་ལྟར་ཨེ་ཛིའི་ནད་ཙམ་མ་ཡིན་པར་ནད་ཡོད་ཚད་སེམས་ཁམས་དང་ཁར་ཐུག་འབྲེལ་བ་ཡོད་པས་སེམས་ཉིད་བཅོས་རྒྱུ་ཅི་བས་གཙོ་ཆེ། དེ་སྔོན་ས་ཆ་གང་སར་འགོས་ཁྱབ་སོང་བའི་ནད་ངན་ཨེ་ཛི་འདི་ད་སྐབས་བོད་ཁུལ་དུ་དེ་ཙམ་མང་པོ་མེད་ཀྱང། ལྷག་བསམ་དང་སྙིང་རྗེས་ཕྱུག་པའི་ཨེ་ཛིའི་དྲིག་བསྒྲགས་ཚོགས་པ་ཆེ་ཆུང་མང་པོས་བོད་ཡུལ་ལ་གློ་བུར་ནད་ངན་དེའི་འཇིགས་སུ་རུང་བའི་མནར་གཅོད་རྣམས་ཚ་ཚ་འུར་འུར་དུ་བཤད་འོང་དུས་མི་མང་དག་ཅིག་ལ་ཨེ་ཛིའི་འཇིགས་ནད་ཕོག་ནས་སྨན་པ་ཆུང་ཆུང་འགའ་དང་གཡམ་རྒྱུག་ལ་དགའ་བའི་མི་ཁ་ཤས་ཀྱིས་ཀྱང་དེ་ལྟར་མཐོང་ནས་མཐར་ཚེ་སྲོག་ཤོར་སོང་བ་དེ་འདྲ་བྱུང་བ་གོ་ཐོས་བྱུང་། དེ་ནི་བོད་ཡུལ་གཅིག་པུ་མ་ཡིན་པར་ས་ཆ་གཞན་པ་ལའང་དེ་ལྟར་ཡོད་ལོས་མྱོང་། དེ་དག་ནི་གཅིག་ནས་ཨེ་ཛིའི་རྒྱུན་ཤེས་ལ་གོམས་འདྲིས་མེད་པ། གཉིས་ནས་སྨན་པ་ཆུང་ཆུང་ཚོས་འོལ་ཚོད་ཀྱིས་ནད་ངོས་བཟུང་བ། གསུམ་ནས་ཨ་ཛིའི་རེག་དུག་ཡིན་མིན་ལ་འཕྲུལ་ཆས་ལ་བརྟག་དཔྱད་མ་བྱས་པའི་སྐྱོན་ཡིན། བསམ་བློ་ཞིབ་མོར་བཏང་ན་ཨ་ཛི་ནད་དང་ནད་ཇི་ལྟ་བུ་ཞིག་ཡིན་ཡང་མགོ་ལུས་པགས་གསུམ་ལས་གཞན་ན་འགྲོ་ས་མེད་པས། ནད་རྟགས་ཨེ་ཛི་དང་འདྲ་བོ་ཐོན་པ་ཙམ་གྱིས་ཨེ་ཛི་ནད་ཡིན་སྣང་འཆར་བ་ནི་ཆེས་བླུན་རྟགས་ཤིག་རེད། གལ་སྲིད་ནད་རྟགས་ཁྱད་མཚར་ཡོད་པའི་ནད་དོགས་ཅན་ཕོག་སྐབས་བརྟག་དཔྱད་ལེགས་པོ་བྱེད་དགོས་པ་ལས་ཨེ་ཛི་རེག་དུག་ཡིན་ཤག་བྱས་ནས་རང་གིས་རང་ལ་ཞེད་སྣང་དང་། སེམས་སྡུག འཇིགས་སྐྲག་བྱེད། མི་གཞན་པས་ཀྱང་དོགས་ཟོན་དང་འཛེམ་ང་བྱས་ཏེ་མཐར་རང་གིས་ལུས་པོའི་སྟོབས་ཡོད་ཚད་ཉམས་ནས་ཤ་མེད་རུས་སྐམ་དུ་འགྱུར། ནད་འགོག་རྒོལ་གྱི་ནུས་པ་ཟད་སྟེ་ཆམ་རིམས་སོགས་འགོས་ནད་རྣམས་རིམ་གྱིས་ཕོག་ནས་མཐར་བཅོས་ཐབས་མེད་པའི་ནད་ངན་ཨེ་ཛི་ངོ་མ་དང་གཉིས་སུ་མེད་པར་འགྱུར་པ་དེ་ལ་ཨེ་ཛིའི་འཇིགས་ནད་སྟེ། དཔེར་ན། ༢༠༡༢ལོའི་ཁམས་ཕྱོགས་ཀྱི་མི་ཞིག་ལ་ཆམས་ནད་སྡུག་ཤོས་ཤིག་ན་ནས་ལུས་པོར་ཚ་བ་རྒྱས། གྲོད་པ་གཤེར། མགོ་ཡུ་འཁོར་བ་སོགས་ནད་རྟགས་ཁ་ཤས་ཐོན་ནས་ལུང་ཆུང་གི་སྨན་པ་ཚོས་ཁབ་དང་སྨན་ཅི་དྲག་བྱས་ཀྱང་དྲག་དསྐྱེད་དེ་ཙམ་མ་བྱུང་། དེ་ནས་སྨན་པ་ཚོས་ཨེ་ཛའི་ནད་ཡིན་པར་དོགས་པ་བྱས་ནས་ནད་པའི་ཁྱིམ་བདག་ལ་འདི་ཕལ་ཆེར་ཨེ་ཛིའི་ནད་ཡིན་ས་རེད། ཁྱེད་ཚོས་ཁོ་ལ་མ་ལབ་སོགས་སྨྲས། ཁྱིམ་པས་ཡིན་ཤག་བྱས་ནས་ནད་པར་སྨན་པ་གཞན་མ་བསྟེན་པར་ཁྱིམ་ལ་ཁྲིད་ནས་ཁང་པ་དང་། ཕོར་པ། གྱོན་ཆས་སོགས་ཁ་ཁར་ཕྱེས། དེ་ནས་ནད་པས་ཀྱང་རིམ་པར་ཤེས་ནས་སེམས་སྡུག་དང་འཇིགས་སྐྲག་གིས་ངོ་མ་ཨེ་ཛིའི་ནད་པ་ལྟ་བུ་ཞིག་ཏུ་གྱུར་སྐབས་རིས་མེད་ཚང་གི་སྨན་པ་ཞིག་དང་འཕྲད་རྗེས་དེ་ཨེ་ཛི་ཡིན་པའི་ངེས་པ་མེད་ལ། ངས་བལྟས་ན་ཡིན་ས་མ་རེད། གང་ལྟར་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱེད་དགོས་པ་ལས་འདིར་བསྡད་བསྡད་ན་ནད་མི་དྲག་པ་ཁོ་ཐག་རེད་ཅེས་བཤད། དེ་ནས་ནད་པ་རྒྱ་ཡུལ་བརྟག་དཔྱད་བྱེད་དུ་འགྲོ་སྐབས་ཆེད་ལས་སྨན་པས་ཨེ་ཛའི་ནད་རེད་མི་འདུག་ཀྱང་ལུས་པོ་ཞན་དྲག་འདུག་པས་སྨན་ཁང་ནང་ལ་ལུས་པོ་གསོ་བར་ཟླ་བ་གཅིག་ལ་བསྡད་ན་བཟང་བར་བཤད། ཟླ་བ་གཅིག་མི་དགོས་པར་ཟླ་ཕྱེད་ནས་ཤ་གསོག ལུས་སྟོབས་རྒྱས། སྔར་བཞིན་བསོད་ཉམས་དོད་པོས་ཁྱིམ་ལ་ལོག་ནས་སྨན་པ་དང་ཁྱིམ་མི་ལ་ངོ་ཚ་ཚད་མེད་ཅིག་སྦྱིན་འདུག་པ་ལྟ་བུ་རེད། དེ་ལྟ་བུ་དག་ནི་སེམས་ཀྱིས་བཟོས་པའི་ཨེ་ནད་ཡིན་པ་ལས་ཨེ་ཛི་དངོས་མ་ཡིན། ཨེ་ཛིའི་ནད་ནི་ཆེད་དུ་སྨན་ཁང་གི་འཕྲུལ་ཆས་དག་ལས་བརྟག་དཔྱད་བྱེད་དགོས་ཀྱི་སྨན་པ་ཅི་འདྲ་ཞིག་ཡིན་རུང་རང་གར་གསལ་པོ་ཤེས་ཀྱི་མེད་པས་ཨེ་ཛིའི་འཇིགས་ནད་ལ་བསམ་གཞིག་ལེགས་པོ་བྱེད་རོགས།LJoརྗེ་ཙོང་ཁ་པའི་དྲ་བ།

        བཞི་པ། ཨེ་ཛིའི་ནད་བཅོས་ཐབས་འཚོལ་བའི་སེམས་ཤུགས་དགོས་པ། དེང་སང་མིང་གྲགས་ཅན་གྱི་མི་ཁག་ཅིག་གིས་ཨེ་ཛི་ནད་ཀྱི་སྨན་དང་བཅོས་ཐབས་དེ་སྔོན་མེད་ལ། ད་དུང་ཡོད་མི་སྲིད་ཟེར་ཁ་ཚོན་བཅད་ནས་བཤད་ཀྱི་འདུག་མོད། ངས་བལྟས་ན་ཏོག་ཙམ་གླན་ཆེ་མེད་འགྲོ་བསམ་གྱིན་འདུག ལྟོས་དང་དེང་སང་བསམ་ཡུལ་འདས་པའི་དངོས་པོ་མང་པོ་འཕེལ་རྒྱས་སོང་ནས་རྒྱ་དཀར་ནག་ཉིན་བསྐོར་བྱེད། འཛམ་གླིང་ཤར་ནུབ་བར་ལ་ཉིན་མཚན་མེད་པར་ཁ་བརྡ་བྱེད། ཁང་པ་རི་ལས་མཐོ་བ་བརྩེགས། མདོར་ན་ངེད་གཉིས་ལྟ་བུ་དཔའ་ཞ་སྤུ་འཁུམ་བསྡད་མཁན་ལ་མཚོན་ད་ལྟ་ཡང་བསམ་ཡུལ་ལས་འདས་མོད། མི་གཞན་པ་ལ་མཚོན་ན་ཧང་སང་དགོས་ཡ་གཏན་ནས་མིན་ཏེ། གསར་གཏོད་བྱེད་དང་བྱེད་མུས་ཡིན་པས་སོ། ། འོན་ཀྱང་འདི་དག་དུས་རབས་སྔོན་མའི་སྔོན་མ་སོགས་ལ་ལྟོས་ན་མི་སྲིད་པ་དང་བསམ་ཕོད་པ་མེད་ཀྱང་། ད་སྐབས་སུ་ལའང་དངོས་སུ་ལོངས་སྤྱོད་རྒྱུ་ཡོད་པ་ཡིན་པ་རེད། འདིས་འཕེལ་རྒྱས་མཚོན་གྱི་ཡོད་ལ་མི་སྲིད་པ་མེད་པ་མཚོན་ཞིང་། སྲིད་པའི་དཔང་པོའང་བྱས་སྟེ། ཁྱེད་དང་འུ་གཉིས་ལ་ལམ་ཞིག་བསྟན་ཡོད། དེས་ན་འུ་ཚོའི་སྨན་དོན་མི་སྣས་ངེས་པར་ཨེ་ཛིའི་སྨན་དང་བཅོས་ཐབས་ལ་ཞིབ་འཇུག་དང་ཚོད་ལྟ་བྱེད་དགོས་ལ། ཚང་མས་རྒྱབ་སྐྱོར་དང་ཡི་རང་བྱ་འོས། མཐའ་འཇུག་ཁྱེད་རྣམ་པར་ཞུ་རྒྱུར་རླབས་ཆེན་གྱི་བྱ་བ་བཟང་པོ་སྒྲུབ་པ་ཅི་འདྲའི་རླབས་ཆེན་ཡིན་ཡང་དེ་རང་གི་མ་གཏོགས་གཞན་གྱིས་སྒྲུབ་མི་རུང་བའི་འགྲན་རྩོད་ཚོང་ལས་ཀྱི་འདུ་ཤེས་དེ་མ་ཁུར་ན་ཅི་འདྲའི་རླབས་ཆེ་བ་ལ་ཨང་།LJoརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K