མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།བུད་མེད་ཚན་ཁག་སྒོ་འགྲམ་གྱི་ཡིད་སྐྱོ་བའི་ལས་དབང་ལས་འཕྲོས་པའི་གཏམ།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2016-03-26 21:25:37     རྩོམ་པ་པོ།   སྒྲོལ་མ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        ན་ཚ་ཞིག་གི་རྐྱེན་པས་ས་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་བུད་མེད་ཚན་ཁག་ཏུ་སྨན་པ་བསྟེན་པར་བསྐྱོད་དགོས་བྱུང་། ཡོད་ཚད་ཆ་འཕྲིན་ཅན་དུ་བསྒྱུར་བའི་དེང་རབས་སྨན་ཁང་གི་ཁང་པ་ནི་གཅིག་ལས་གཅིག་བཀོད་པ་དོད་ཅིང་། སྒྲིག་ཆས་ནི་གཅིག་ལས་གཅིག་ཆ་ཚང་བར་མཐོང་། སྨན་ཁང་གི་གཞུང་སྒོ་ཡར་འཛུལ་ཏེ་མདུན་ཕྱོགས་སུ་ཐད་ཀར་སྨི༥༠ཙམ་བསྐྱོད་ན་སྒོ་བསྟེན་ཁང་གི་ཨང་ཀི་བཀག་སར་སླེབས་ཐུབ། ངས་ཀྱང་རང་ཉིད་ཀྱི་མིང་དང་ལོ་གྲངས་ཐོ་བཀོད་བྱས་རྗེས་བུད་མེད་ཚན་ཁག་གི་ཨང་ཀི་ཞིག་ལེན་པ་ཡིན། དེ་རིང་ནི་རེས་གཟའ་ཟླ་བ་ཡིན་པས་སྨན་པ་བསྟེན་པར་ཡོང་མཁན་ཡང་རྒྱུན་གཏན་ལས་ཅུང་མང་བ་འདུག བུད་མེད་ཚན་ཁག་ནི་སྒོ་བསྟེན་ཁང་གི་ཐོག་བརྩེགས་གཉིས་པར་ཡོད་ཅིང་། སྨན་གཡོག་གི་བཀའ་མངགས་ལྟར་ནད་པ་དང་ནད་གཡོག་རྣམས་བར་འཁྱམས་ཀྱི་རྐུབ་སྟེགས་རིང་མོའི་སྟེང་རིམ་པ་བཞིན་སྒུག་ནས་བསྡད། གློ་བུར་དུ་ངའི་རྒྱབ་ཕྱོགས་སུ་ཡོད་པའི་བུ་མོ་དེ་མགོ་སྒུར་སྒུར་ངང་ཡིད་ཕམ་པའི་དབུགས་རིང་འཐེན་ཞིང་འདུག་པས། ང་རང་ཅུང་དོགས་མི་བདེ་བ་བྱུང་སྟེ། ངས་ཁྱེད་རང་ག་རེ་བདེ་པོ་མི་འདུག་གམ་ཞེས་དྲི་བར་ཐལ། ཞིབ་པར་ལྟ་སྐབས་བུ་མོ་དེས་རས་ཀྱི་ཕྱུ་པ་ནག་ཁྲ་སྲབ་པོ་ཞིག་གྱོན་ཅིང་། དེའི་སྟེང་སྲིང་བལ་གྱི་སྟོད་ཐུང་ལྗང་གུ་གཙང་མ་དེ་ཙམ་མེད་པ་ཞིག་གྱོན་འདུག མགོ་བོའི་སྐྲ་ལ་ཚོས་གཞི་དམར་མདོག་བྱུགས་ཤིང་ཅུང་ཟང་ཟིང་དུ་གྱུར་འདུག་ལ་ངོ་གདོང་ཡང་སྐྱ་མདོག་ཏུ་མངོན་པས་བལྟས་པ་ཙམ་གྱིས་གཟུགས་གཞིའི་ནུས་པ་ཉམས་པའི་བརྡ་ཞིག་སྟེར། མ་གཞི་ལག་པར་གྱོན་ཡོད་པའི་གསེར་གྱི་མཛུབ་དཀྲིས་ལ་བལྟས་ན་ཁོ་ཚོའི་འཚོ་བ་དེ་ཙམ་དབུལ་པོ་མིན་པ་མཐོང་ཐུབ་ཀྱང་། ལག་པའི་ངོས་ཀྱི་གས་ཀ་ཤོར་བའི་པགས་པ་ལ་བལྟས་ན་མོ་ནི་ཞོར་ལས་ཀྱི་ཡོང་འབབ་གསོག་མཁན་ནམ་ཡང་ན་ཁྱིམ་ལས་མང་པོ་ལས་མཁན་གྱི་ཞིང་འབྲོག་བུད་མེད་ཅིག་ཡིན་པ་གསལ་པོར་མཐོང་ཐུབ། བུ་མོ་དེས་འཚེར་སྣང་དང་ཅུང་སྟབས་མི་བདེ་བའི་ངང་ང་ང་•••ན་གི་མི་འདུག ང་ལ་ཕྲུ་གུ་འཁོར་འདུག་ཅེས་སྐད་གདངས་དམའ་པོས་ལབ་ཀྱིན་ལག་ཏུ་ཡོད་པའི་གཏེར་ཆུ་ཤེལ་དམ་དེར་འཕུར་འཕུར་གཏོང་བཞིན་བསྡད། ངས་ལམ་སེང་བུ་མོ་དེའི་སྐད་ཆའི་མཇུག་འཕྲོག་སྟེ། ཕྲུ་གུ་འཁོར་བ་ཡིན་ན་ཁྱེད་ཀྱིས་ངེས་པར་གཟུགས་པོར་དོ་སྣང་བྱེད་དགོས་རེད། དཔེར་ན། ཞོགས་པ་ནས་གཏེར་ཆུ་གྲང་མོ་བཏུང་རྒྱུ་ཡོག་མ་རེད་ལ་གྱོན་པ་མཐུག་ཙམ་གྱོན་དགོས་ཞེས་སྙིང་ཁོངས་ཀྱི་ཤ་ཚའི་གཏམ་ཞིག་ལབ་པར་ཐལ། བུ་མོ་དེས་ངའི་གདོང་ལ་ལྟ་ཙམ་བྱས་ཤིང་ལྕེ་ནར་ཙམ་བྱས་ཏེ། ཨ་ཅག་ལགས། ང་ཕྲུ་གུ་མེད་པ་བཟོ་བར་ཡོང་བ་ཡིན། ན་ནིང་ཡང་ཐེངས་གཅིག་མེད་པ་བཟོ་མྱོང་། མ་གཞི་ཕྲུ་གུ་ཞིག་དགོས་འདོད་ཤིན་ཏུ་ཆེ་ཡང་། ཕྲུ་གུའི་པ་ཕས་ད་ཕྲུ་གུ་གཅིག་གསོ་ཐུབ་པ་བྱུང་ན་རྒྱགས་ཚད་རེད། ད་དུང་ཕྲུ་གུ་གཅིག་ཐོལ་པ་བྱུང་ན་གྲོང་ཚོའི་ནང་ནམ་ཡང་མགོ་བཀྱག་བཀྱག་བྱེད་ཡས་ཡོང་བ་མི་འདུག་ལ་ང་གཉིས་གྲོགས་པོ་གྲོགས་མོ་དང་ཆང་འཐུང་ཤོ་སྦག་རྒྱག་རྒྱུའི་འཚོ་བ་སྐྱིད་པོ་ཡང་མཇུག་སྒྲིལ་གྱི་རེད། མི་ཚེ་ག་ཚོད་ཡོད་མེད་སུས་ཤེས། མ་ཟད་ཞོར་ལས་ཡོང་འབབ་ཏོག་ཙམ་ཡོད་པ་དེ་ཚང་མ་ཕྲུ་གུའི་རྐུབ་ལ་བྱུགས་རྒྱུ་རེད། ཅེས་རྒྱུ་མཚན་ལུང་པ་གང་བཤད་དེ་ང་རང་སྨན་ཁང་དུ་འཁྲིད་བྱུང་ཞེས་ཡ་ང་མདོག་གིས་ལབ་ཀྱིན་ལབ་ཀྱིན་མིག་ནས་མཆི་མའི་རྡོག་པོ་པང་ཁའི་ནང་དུ་ལྷུང་། ངས་རང་གི་ཨམ་ཕྲག་ནས་གཙང་ཤོག་ལྷེབ་མོ་ཞིག་མོ་རང་ལ་སྤྲོད་ཀྱིན་ཕྲུ་གུ་ཟླ་བ་ག་ཚོད་རེད་འདུག་ཅེས་དྲི་སྐབས། མོས་ཕྲུ་གུ་འཁོར་ནས་ཟླ་བ་ག་ཚོད་སླེབས་པ་ཤོད་རྒྱུ་མི་འདུག་ལ་ཆེས་མཇུག་ཤོས་ཀྱི་ཟླ་མཚན་ག་དུས་ཆད་པ་དེ་བས་ཤོད་རྒྱུ་མི་འདུག ང་རང་ཅུང་ཡིད་ཐང་ཆད་དེ། བུ་མོ། ང་ཚོ་བུད་མེད་ཀྱིས་ངེས་པར་དུ་རང་གི་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་དགོས། ལྷག་པར་དུ་ཟླ་མཚན་ག་དུས་སླེབས་མིན་དང་། ཉིན་གྲངས་ག་ཚོད་ཙམ་ལ་མཚམས་ཆད་ཀྱི་ཡོད་མིན། དེ་བཞིན་ཟླ་མཚན་གྱི་ཚོན་མདོག་དང་དྲི་མ་སོགས་ལ་རྒྱུན་གཏན་མིན་པའི་འགྱུར་བ་ག་རེ་ཡོད་མེད་ངེས་པར་དུ་དོ་སྣང་བྱེད་དགོས། མིག་སྔར་བུད་མེད་ཀྱི་ན་ཚ་ཕོག་ཏེ་དུས་མིན་འཆི་བའི་བུད་མེད་ཧ་ཅང་མང་པོ་ཡོད་པས་ང་ཚོས་རྒྱུན་དུ་རང་ཉིད་ཀྱི་བདེ་ཐང་ལ་ཡིད་འཇོག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་དཱ་ཞེས་དབུགས་ཐེངས་གཅིག་ལ་ཤོད་པར་ཐལ། དེའི་སྐབས་ཏག་ཏག་མོ་རང་གི་ཁྱོ་ག་ཡང་ངའི་འཁྲིས་སུ་ལངས་བསྡད་འདུག གཞོན་པ་དེས་འཛེམ་སྣང་སྤུ་ཙམ་མེད་པར། ཨ་ཅག་ང་ཚོ་ཞིང་ཁུལ་ལ་ཕྱི་རྨོ་འདེབས་ཨར་རྒྱག་གི་ལས་བྲེལ་དང་། ནང་བལ་ལས་ཕྱུགས་གཡོག་སོགས་ཤིན་ཏུ་མང་ཞིང་མང་ཆེ་བ་ཡིག་རྨོངས་སོང་ཙང་དེ་འདྲའི་གནས་ལུགས་མང་པོ་ག་ནས་ཤེས། མ་ཟད་ཞིང་འབྲོག་ཁུལ་དུ་བུད་མེད་ཀྱིས་རང་གི་ཟླ་མཚན་སྐོར་ལ་དོ་སྣང་བྱེད་མཁན་ཡོད་པ་རེད་ཟེར་ན་བགད་མོ་སློང་བའམ་ངོ་ཚའི་རྒྱུ་རུ་འགྲོ སྔར་ནས་ད་བར་ཕ་ཚ་བུ་རྒྱུད་ཚང་མ་འདི་འདྲ་ཟེ་བརྒྱུད་ཡོང་བ་ཡིན་རུང་ཆག་སྒོ་ཆེ་བ་གང་ཡང་བྱུང་བའི་ལོ་རྒྱུས་མི་འདུག་གཱ ཁྱེད་ཚོ་གཞུང་གི་ལས་བྱེད་པ་ནང་བཞིན་ང་ཚོར་གཙང་སྦྲ་རྐྱང་རྐྱང་བྱེད་ཁོམ་ག་པར་ཡོག་རས་ཅེས་རྒྱུ་མཚན་ཡོད་མདོག་གིས་ལབ་བྱུང་། སྐབས་དེར་ངས་གཞོན་པ་དེར་འཛུམ་ཙམ་བསྟན་ཏེ། གཞོན་པ། ང་རྒྱལ་མ་གནང་དཱ། མ་གཞི་ཁྱེད་རང་ཚོ་ཞིང་པར་ཕྱི་ནང་གི་ལས་བྲེལ་མང་པོ་ཡོད་པ་བདེན་པ་རེད། ཡིན་ནའང་ང་ཚོས་ཤེས་དགོས་པ་ཞིག་ལ། ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་གྱིས་ཡོང་འབབ་བསགས་པར་བསྐྱོད་པ་དང་། ཞིང་ལས་བྱེད་པ། དེ་བཞིན་ཕྱུགས་རིགས་ཀྱི་གཡོག་བྱེད་བྱེད་པ་དེ་དག་ག་རེའི་ཆེད་དུ་རེད་དམ། དོན་དངོས་ཐོག་དེ་དག་ཚང་མ་འཚོ་གནས་ཀྱི་ཆེད་དུ་རེད། འོ་ན་འཚོ་གནས་དགོས་ན་ཐོག་མར་གང་ཞིག་དགོས་ཟེར་ན། བདེ་ཐང་གི་ལུས་པོ་ཞིག་དགོས་སམ་མི་དགོས། བདེ་ཐང་གི་ལུས་པོ་ཞིག་དགོས་ན་རྒྱུན་གཏན་གྱི་གཙང་སྦྲ་འཕྲོད་བསྟེན་ལ་གཟབ་དགོས་སམ་མི་དགོས། བུད་མེད་ཞིག་གི་ངོས་ནས་བཤད་ན་ཟླ་མཚན་ནི་གནད་འགག་ཤིན་ཏུ་ཆེ་བའི་སྐྱེ་ཁམས་ཀྱི་གྲུབ་ཚུལ་ཞིག་ཡིན་པས་དེ་འབྲེལ་གྱི་ཤེས་བྱ་སྦྱོང་བ་གལ་ཆེའམ་མི་ཆེ། ལས་བྲེལ་ག་ཚོད་ཆེ་ནའང་བདེ་ཐང་ལ་སྣང་མེད་བཏང་ན་མཐའ་འཇུག་འབྲས་བུ་ན་ཚས་ཁེངས་པའི་གཟུགས་པོ་ཞིག་ཡིན་པ་གཏན་འཁེལ་རེད་དམ་མ་རེད། ལྷག་པར་དུ་ཕྲུ་གུ་མེད་པ་བཟོ་བ་དེས་བུད་མེད་ཞིག་གི་ལུས་སེམས་ལ་ཕོག་ཐུག་དང་གནོད་པ་ཚབས་ཆེན་བཟོ་གི་ཡོད་པ་ཤེས་ཀྱི་ཡོད་དམ་མེད་ཅེས་ཅུང་སྐད་ཤུགས་ཆེན་པོས་ལབ་པར་ཐལ་བྱུང་བས་གཞོན་པ་དེས་ཁ་སྐྱེངས་པའི་ཚུལ་གྱིས་མགོ་ལ་ལག་པས་འཕུར་ཙམ་བྱས། ངས་མུ་མཐུད་དུ། གཞོན་པ། དེང་སང་ཏང་གི་ཡང་དག་པའི་སྲིད་ཇུས་འོག་ཞིང་འབྲོག་ཁུལ་ལ་དམིགས་བསལ་སྲིད་ཇུས་མང་པོ་ཡོད་ལ་ལྷག་པར་དུ་ཕྲུ་གུ་སློབ་ལོ་ལོན་པ་ནས་བཟུང་སློབ་ཡོན་སྐྱེལ་མི་དགོས་པ་མ་ཟད། ད་དུང་སློབ་མའི་ཟས་སྡོད་འགན་ལེན་གྱི་སྲིད་ཇུས་ཡོད་པ་རེད། ཕྲུ་གུ་མེད་པ་བཟོ་མི་དགོས་བྱུང་ན་ཡག་པོ་ཡོག་རེད། གལ་ཏེ་ཁྱེད་གཉིས་རྩ་བ་ནས་ཕྲུ་གུ་གསོ་མི་ཐུབ་པའམ་ཡང་ན་ཕྲུ་གུ་དགོས་འདོད་མེད་ཚེ་ངེས་པར་དུ་སྦྲུམ་འགོག་ལས་ཀ་ཡག་པོ་བྱེད་དགོས། དེ་འདྲ་མིན་པར་ཕྲུ་གུ་འཁོར་ཚད་བཀོག་པར་ཡོང་ན་ག་ནས་འགྲིག ཕྱོགས་གཅིག་ནས་ང་ཚོ་ནི་ནང་པའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པས་ཕྲུ་གུ་མེད་པ་བཟོ་བ་ནི་ཚེ་སྲོག་གཅིག་བསད་པའི་ཉེས་པ་ཡོད་ལ། ཕྱོགས་གཞན་ཞིག་ནས་བཤད་ན། ཕྲུ་གུ་མེད་པ་བཟོས་པ་དེས་བུད་མེད་ཀྱི་བདེ་ཐང་ལ་ཧ་ཅང་གནོད་པ་མ་ཟད། ཚབས་ཆེ་ས་ནས་བཤད་ན་བུད་མེད་ཀྱི་ཚེ་ཚད་ཡང་ཐུང་དུ་འགྲོ་ཡི་ཡོད། ཁྱེད་ཀྱིས་དེ་ཚོ་བསམ་བློ་འཁོར་མྱོང་ངམ། ཞེས་རང་རིགས་བུད་མེད་ཀྱི་བདེ་ཐང་ཆེད་དུ་འཚབ་ཆ་ལངས་ཏེ་བདེན་དོན་གྱི་སྐད་ཆ་ཞིག་མ་བཤད་ཀ་མེད་བྱུང་། དེའི་སྐབས་སུ་མདུན་གྱི་ནད་པ་ཚོ་ཡང་སྨན་པ་བསྟེན་ཟིན་འདུག བུ་མོ་དེས་སྐད་གདངས་དམའ་པོས་ཨ་ཅག་ང་བརྟག་དཔྱད་ལ་འགྲོ་གི་ཡིན་དཱ་ཞེས་བརྡ་བཏང་བྱུང་བས་ངས་མགོ་ལྕོག་ཙམ་བྱས་པ་ཡིན། གཞོན་པ་དེས་ཅུང་གནོང་འགྱོད་སྐྱེས་པའི་བཟོ་ལྟ་བསྟན་ཏེ་སྐབས་རེ་ང་ལ་ལྟ་ཞིང་སྐབས་རེ་སྨན་ཁང་བར་འཁྱམས་སུ་མིག་མྱུལ་བྱེད། འོན་ཀྱང་ད་ལྟའི་གཏམ་གླེང་གིས་གཞོན་པ་དེས་ཕྲུ་གུ་མེད་པར་བཟོ་བའི་བསམ་བློར་གཡོ་འགུལ་ག་ལ་གཏོང་ཐུབ། སྙིང་ཉེ་བའི་བུད་མེད་གཅེན་གཅུང་ཚོ། ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་བུད་མེད་གཅེན་གཅུང་ཚོ། སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཕྲུ་གུ་མེད་པ་བཟོ་བ་དེས་བུད་མེད་ཚོའི་བདེ་ཐང་ལ་མི་ཚེའི་རང་བཞིན་གྱི་གྱོང་རྒུད་ཚབས་ཆེན་ཕོག་གི་ཡོད། ཕྲུ་གུ་མེད་པ་བཟོ་བ་དེ་དེང་དུས་ཀྱི་ན་གཞོན་བུད་མེད་ཕལ་ཆེ་བར་ཡོད་པའི་སྣང་ཚུལ་ཞིག་ཡིན་ལ། དུས་ཚོད་དེའི་རིང་བུད་མེད་ཀྱི་ལུས་ཁམས་དང་སེམས་ཁམས་གཉིས་ཀར་ཚད་གཞི་མི་འདྲ་བའི་མི་འཕྲོད་པ་དང་ཕོག་ཐུག་སྣ་ཚོགས་འབྱུང་སྲིད་པས། ངེས་པར་དུ་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་མང་ཙམ་གནང་དགོས་ཞེས་ལྷག་བསམ་དཀར་བའི་སྙིང་གཏམ་ཞིག་ཞུ་བར་འདོད་སོང་ལ་དེ་ཐད་གཟབ་དགོས་པའི་ཤེས་བྱ་ཁག་ཅིག་ལབ་འདོད་བྱུང་སོང་།dQZརྗེ་ཙོང་ཁ་པའི་དྲ་བ།

        1.ཕྲུ་གུ་མེད་པ་བཟོས་རྗེས་སུ་བུད་མེད་ལུས་ཁམས་ཀྱི་ནད་འགོག་ནུས་པ་ཤིན་ཏུ་ཞན་པ་མ་ཟད། ལྷག་པར་ཏུ་བུ་སྣོད་ཀྱི་ནད་འགོག་ནུས་པ་ཞན་པས་ངེས་པར་དུ་གཙང་སྦྲ་འཕྲོད་བསྟེན་ལ་གཟབ་རྒྱུ་གལ་ཆེན་ཡིན། གཙང་རས་དུས་ཐོག་ཏུ་བརྗེས་དགོས་པ་མ་ཟད། གཙང་ཁེབས་རྒྱུ་སྤུས་ལེགས་ཙམ་ཉོ་དགོས་ལ་དུས་ཐོག་ཏུ་བརྗེ་དགོས། གཞན་ཡང་མོ་མཚན་གྱི་མཐའ་འཁོར་ཆུ་དྲོད་འཇམ་གྱིས་བཀྲུ་དགོས་ལ། གཞོང་པའི་ནང་གཟུགས་པོ་དེ་བས་འཁྲུ་རྒྱུ་མེད།dQZརྗེ་ཙོང་ཁ་པའི་དྲ་བ།

        2.ཕྲུ་གུ་མེད་པ་བཟོས་རྗེས་སུ་བུད་མེད་ཀྱི་ལུས་སྟོབས་ཞན་པ་དང་། ཉོབ་མདངས་ཆེ་བ། སྙིང་སྟོབས་མེད་པ། སོགས་བུད་མེད་སོ་སོའི་ལུས་སྟོབས་མི་འདྲ་བ་ལ་བརྟེན་ནས་གཟུགས་གཞིར་རྒྱུན་གཏན་དང་མི་འདྲ་བའི་མི་འཕྲོད་པ་སྣ་ཚོགས་འབྱུང་གི་ཡོད་པས་དེའི་སྐབས་བུད་མེད་ཚོས་ངལ་ཆེ་བའི་ལས་ཀ་མི་ལས་པ་དང་། ཅ་དངོས་ལྕི་མོ་མི་འདེགས་པ། ཆུ་གྲང་མོ་སོགས་ཀྱི་རིགས་ལ་མི་རེག་པ། བཞའ་ཚན་དང་གྲང་ལྷགས་ཆེ་བའི་སར་ཡུན་རིང་མི་སྡོད་པ་སོགས་ཀྱི་རིགས་ལ་སྣང་ཆེན་བྱེད་དགོས།dQZརྗེ་ཙོང་ཁ་པའི་དྲ་བ།

        3.ཕྲུ་གུ་མེད་པ་བཟོས་རྗེས་སུ་བུད་མེད་ཀྱི་གཟུགས་གཞིའི་ནུས་པ་ཉམས་ཡོད་པ་མ་ཟད། བུད་མེད་ཀྱི་གཟུགས་གཞིའི་ལྷན་སྐྱེས་ཀྱི་གྲུབ་ཚུལ་ལྟར་ན། མོའི་རང་བཞིན་(阴性)ཡིན་པས། ཟས་རྗེན་པ་ཟ་རྒྱུ་འཛེམ་དགོས་ལ། ཇ་གར་པོ་འཐུང་རྒྱུ་མེད། ལྷག་པར་དུ་ཆང་རག་གི་རིགས་དེ་བས་འཛེམ་དགོས། གཞན་ཡང་ཁ་ཚའི་རིགས་ཟ་བ་འཛེམ་དགོས་ལ། སྐྱུར་གྱི་རིགས། གྲང་མོའི་རིགས། དེ་བཞིན་ཙོང་དང་སྒོག་པའི་རིགས་ཀྱང་འཛེམ་དགོས།dQZརྗེ་ཙོང་ཁ་པའི་དྲ་བ།

        4.ཕྲུ་གུ་མེད་པ་བཟོས་རྗེས་ཀྱི་ཟླ་བ་གཅིག་ཡན་གྱི་དུས་ཚོད་ནང་ཕོ་མོ་ཕན་ཚུན་ལུས་འབྲེལ་རྩ་བ་ནས་བྱ་རྒྱུ་མེད། གང་ཡིན་ཟེར་ན་དེའི་སྐབས་བུད་མེད་ལུས་ཁམས་ཀྱི་ནད་འགོག་ནུས་པ་ཤིན་ཏུ་ཞན་པ་མ་ཟད། ལྷག་པར་དུ་བུ་སྣོད་ཀྱི་ནད་འགོག་ནུས་པ་ཉམས་ཡོད་པས། ཕོ་མོ་ལུས་འབྲེལ་བྱས་པ་ལས་འབུ་ཕྲ་འགོས་སླ་བ་དང་མོ་ནད་འབྱུང་སླ་བ་ཡིན། དེས་ན། བཟའ་ཟླས་གཅིག་ནས་རང་ཉིད་ཀྱི་འདོད་ཆགས་ལ་ཚོད་འཛིན་ནན་མོས་བུད་མེད་བདེ་ཐང་ལ་ཐུགས་འཁུར་གནང་དགོས་པ་དང་། གཉིས་ནས་བུད་མེད་ཀྱི་སེམས་ཁམས་གསོ་བའི་སྙིང་གཏམ་མང་ཙམ་གླེང་བ། གསུམ་ནས་ཁྱིམ་ལས་ལས་པའི་ཐུགས་འགན་བཞེས་རྒྱུ་དེ་ཡང་གལ་ཆེར་སྣང་།dQZརྗེ་ཙོང་ཁ་པའི་དྲ་བ།

        གོང་དུ་ཞུས་ཟིན་པ་ལྟར་ཕྲུ་གུ་མེད་པ་བཟོ་བ་དེས་བུད་མེད་ཀྱི་ལུས་སེམས་གཉིས་ཀར་མི་ཚེའི་རང་བཞིན་གྱི་གནོད་འཚེ་ཕོག་གི་ཡོད་པ་རེད། དེ་ནི་ཧ་ཅང་གལ་ཆེ་བའི་དོན་ཞིག་ཡིན་པས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སླར་ཡང་སྐད་ཆ་ཚིག་ཁ་ཤས་ཞུ་འདོད་ལངས་སོང་། སྤྱིར་བོད་ལོ་བཅུ་གཅིག་ནས་བཅུ་བདུན་བར་ཏུ་ཐོག་མའི་ཟླ་མཚན་འབབ་ཀྱིན་ཡོད་ལ། བོད་ལོ་བཞི་བཅུ་བརྒལ་མཚམས་ན་རིམ་གྱིས་ཟླ་མཚན་འབབ་རྒྱུན་ཆད་འགྲོ་བ་ཡིན། དེ་ཡང་བུད་མེད་སོ་སོའི་ལུས་ཀྱི་སྟོབས་ཤུགས་མི་འདྲ་བ་དང་། བསྟེན་པའི་ཟས་ཀྱི་འཚོ་བཅུད་མི་འདྲ་བ། དེ་བཞིན་འཚོ་བའི་ཁོར་ཡུག་གི་ཆ་རྐྱེན་མི་འདྲ་བ་ལ་སོགས་དབང་གིས་ཟླ་མཚན་སླེབས་སྔ་ཕྱི་མི་འདྲ་བ་དང་། ཟླ་མཚན་འབབ་པའི་ཉིན་གྲངས་མི་འདྲ་བ། དེ་བཞིན་ཟླ་མཚན་གྱི་འབབ་ཚད་མི་འདྲ་བ་སོགས་ཀྱི་ཁྱད་པར་ཡོད། འོན་ཀྱང་ཟླ་མཚན་འབབ་པའི་ཉིན་དེ་ནས་ཟླ་མཚན་འབབ་མཚམས་མི་ཆད་པའི་བར་བུད་མེད་ལ་མངལ་ཆགས་པའི་ནུས་པ་ཡོད་པས་གལ་ཏེ་རང་ཉིད་ཕྲུ་གུ་སྐྱེ་འདོད་མེད་པའམ་ཡང་ན་ཕྲུ་གུ་མེད་པར་བཟོ་དགོས་ཚེ། ངེད་ཅག་བུད་མེད་ཚོས་སྨན་བཅོས་ལག་རྩལ་རྩེར་སོན་པའི་དེང་གི་སྦྲུམ་འགོག་ལས་ཀ་ཚགས་ཚུད་པོ་གནང་དགོས་ཏེ། དཔེར་ན། སྦྲུམ་འགོག་ཨ་ལོང་འཇུག་པའམ། ཡང་ན་སྨན་བསྟེན་པ། དེ་མིན་འགྱིག་ཤུབས་གྱོན་པ་སོགས་ཀྱི་བྱ་ཐབས་སྤྱོད་དགོས།dQZརྗེ་ཙོང་ཁ་པའི་དྲ་བ།

        མདོར་ན། བཟའ་མི་གཉིས་ཀྱི་མི་ཚེའི་ནང་གནོང་འགྱོད་ཆེ་བའི་ལས་ངན་མི་བསགས་པའི་ཆེད་དུ་དང་། བུད་མེད་རང་ཉིད་ཀྱི་ལུས་ཁམས་བདེ་ཐང་ཆེད་དུ། བུད་མེད་དང་ཡང་ན་ཁྱོ་གས་སོ་སོའི་ལུས་ཁམས་ལ་འཚམ་པའི་སྦྲུམ་འགོག་གནང་རྒྱུ་གལ་ཆེ་ཞེས་བརྗོད་མཚམས་འདིར་བུད་མེད་ཚན་ཁག་གི་མཐོང་ཐོས་ལས་འཕྲོས་པའི་གཏམ་དེ་རེ་ཞིག་རྫོགས་པར་བྱེད་དོ།།dQZརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K