མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / གནས་ཆེན། / ནང་དོན་དངོས།

༄༅།། གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་གནས་སྐོར་ཟིན་ཐོ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-23 12:20:16         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 སྦྲེལ་བྱང་ཆུབ་ལམ་བཟང་།8K0རྗེ་ཙོང་ཁ་པའི་དྲ་བ།

མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཁོངས་སུ་ཆགས་ཡོད་ལ་ས་འདིའི་རི་མགོ་ཐམས་ཅད་ཤུག་སྡོང་དང་ཐང་ཤིང་བྲག་སོགས་ཀྱིས་མཛེས་པར་བརྒྱན་ཡོད། ད་དུང་ས་མིང་རེ་ལ་ངོ་མཚར་བའི་གཏམ་རྒྱུད་ཀྱང་སྣ་ཚོགས་ཤིག་ཡོད་པར་མ་ཟད་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་ཡོད། མདོ་སྨད་ཆོས་འབྱུང་ལས། སློབ་དཔོན་པད་མ་འབྱུང་གནས་ཉིད།།ཁྲི་གཤོག་རྒྱལ་མོའི་མཚོ་ལ་ཕེབས།།དམ་སྲི་སྤུན་དགུ་དམ་ལ་བཏགས།།དེ་ནས་སྲོད་དང་ཐོ་རེངས་ལ།།སྲིན་པོ་ཁྲག་གི་རལ་བ་ཅན།།སྲིན་མོ་མི་སྡུག་མཆེ་བ་ཅན།།དེ་གཉིས་བཙས་པའི་འདྲེ་སྲིན་བདུན།།བྲོས་ནས་སྤྲེལ་རྫོང་བྲག་ལ་གནས།།ཞེས་གསུངས་པ་བཞིན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གནས་འདིར་འདྲེ་སྲིན་བཏུལ་ཞིང་གནས་འདི་བྱིན་གྱིས་རླབས་པ།བསྟན་པ་ཕྱི་དར་ཀྱི་སྐབས་སུའང་ས་སྐྱ་པཎ་ཆེན་དང་འབྲི་གོང་འཇིག་རྟེན་མགོན་པོ། མ་ཅིག་ལབ་ཀྱི་སྒྲོན་མ། རྗེ་ཙོང་ཁ་བ། ཤར་སྐལ་ལྡན་རྒྱ་མཚོ། རྗེ་གསེར་ཁང་བ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས་ཕྱི་བལྟོས་རི་ཆུ་ནགས་ལྟ་ན་སྡུག་ཅིང་བྲག་ངོས་སུ་ལྷ་སྐུ་དང་ཡིག་འབྲུ་སོགས་རང་བྱོན་རྣམས་ལྷ་ཡི་སོར་མོའི་རྩལ་ནས་ཐོན་པ་ལྟ་བུའི་འབུར་དོད་དུ་བཞུགས་པས་ཡིད་དུ་འོང་བ་ཞིང་ནང་བལྟོས་དག་པ་ལྷ་ཡི་དགའ་ཚལ་དཔལ་ཧེ་རུ་ཀའི་ཕོ་བྲང་མངོན་སུམ་དུ་གྲུབ་པའི་གནས་མཆོག་འདིའི་ངོ་མཚར་བརྗོད་ལས་འདས་པའི་གནས་མཆོག་འདི་ལ་ཐེངས་གཅིག་མཇལ་ནའང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་གསོག་ཅིང་ལྷག་པར་དུ་གནམ་ལོ་སྤྲེལ་གྱི་ལོ་ལ་གནས་སྐོར་དུ་སོང་ན་དགེ་བ་འབུམ་འགྱུར་ཡིན་པར་གསུངས།མཇལ་བ་ལ་རྒྱུན་མེད་ཅིང་ལྷག་པར་སྤྲེལ་གྱི་ལོ་ལ་བོད་རྒྱ་སོག་གསུམ་གཙོས་མི་རིགས་མང་བོ་འཚང་ཁ་ཤིག་ཤིག་བྱེད་དོ།།8K0རྗེ་ཙོང་ཁ་པའི་དྲ་བ།
8K0རྗེ་ཙོང་ཁ་པའི་དྲ་བ།
རྨ་ཆེན་གངས་རི་དང་མཚོ་སྔོན་པོའི་མཐའ་འཁོར་སོགས་སུ་གནས་སྒོ་རྫུན་མ་མང་བོ་ཞིག་བྱུང་ཡོད་ལ་ལོ་རྗེས་མར་ང་ཚོའི་སྤྲེལ་རྫོང་དུའང་གནས་སྒོ་དང་རང་བྱོན་རྫུན་མ་མང་བོ་འབྱུང་མི་སྲིད་པ་མིན་པས་ངས་འདིར་ཡོངས་གྲགས་རྩོད་མེད་ཀྱི་གནས་སྒོ་འགའ་དང་རང་བྱོན་དག་ངོ་སྤྲོད་ཅུང་ཙམ་བྱེད་འདོད་སྐྱེས་པས་དེ་རིང་གནས་སྐོར་ལ་སོང་བ་ཡིན། 8K0རྗེ་ཙོང་ཁ་པའི་དྲ་བ།
8K0རྗེ་ཙོང་ཁ་པའི་དྲ་བ།
ངས་ཡོངས་སུ་གྲགས་པའི་གནས་སྒོ་འདིར་སྐོར་མགོ་བཞག་སྟེ་ལམ་ལ་ཆས། གནས་སྒོ་འདི་ནི་སྔོན་བྱོན་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་སྒྲུབ་ཕུག་མང་བོ་ཡོད་ལ།ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་གི་ཁ་ཊཾ་ཀ་དང་བཅས་གསལ་བོར་བཞུགས་ཞིང་གཡས་སུ་ཁྲོ་བོ་མི་གཡོ་བ་དང་ཚེ་དཔག་མེད། རྡོ་རྗེ་ཕག་མོ། འཕགས་པ་སྤྱན་རས་གཟིགས། སྒོ་ངོས་ན་མར་བ་ལོ་ཙཱ་བ། ད་རུང་ཞབས་རྗེས་དང་ཕྱག་རྗེས་སོགས་གསལ་བོར་བཞུགས། དེའི་སྟོད་ཀྱི་བྲག་ངོས་ན་གནས་བདག་ཞིང་སྐྱོང་ཟླ་བའི་མཚན་ཅན་དང་བཙུན་མོ་དམར་ཡག་མ་གཉིས་ཀྱི་རང་བྱོན་ལྷང་ངེར་བཞུགས། དེའི་འོག་ན་དག་པ་ཤེལ་གྱི་ཕོ་བྲང་ཡོད་ལ་ནང་དུ་སྒྲོན་མེ་སོགས་སྦར་ཏེ་མཇལ་བར་སོང་ན་དག་པ་ཙ་རི་ཏྲ་མངོན་སུམ་ལྷུན་གྱིས་གྲུབ་པ་གཞལ་ཡས་ཁང་དུ་ལྷ་ཚོགས་ཉིས་སྟོང་བརྒྱད་བརྒྱའི་རང་བྱོན་འབུར་དོད་དུ་བཞུགས་པ་དེར་མཇལ་ན་སྟོད་ཀྱི་དཔལ་ཙ་རི་ཏྲ་དང་མཇལ་བའི་བྱིན་བརླབས་མཉམ་པར་བརྗོད།འགྲོ་རོགས་མེད་ཚེ་མགོ་འཁོར་བའི་ཉེན་ཁ་ཧ་ཅང་ཆེ། ཤེལ་གྱི་ཀ་བ་ཉེར་གཅིག་ལ་མཇལ་ཏེ་ལག་པས་རེག་ན་དུས་མིན་གྱི་གནོད་པས་མི་ཚུགས་པར་གསུངས་སོ།།8K0རྗེ་ཙོང་ཁ་པའི་དྲ་བ།

དེ་ནས་སྐོར་ལམ་དེད་དེ་ཡར་སོང་ན་རྡོ་རྗེ་ཕུག་ལམ་ཡོད། མདོ་སྨད་ཆོས་འབྱུང་དུ།ཁྲི་གཤོག་རྒྱལ་མོའི་མཚོ་ལ་ཕེབས།།དམ་སྲི་སྤུན་དགུ་དམ་ལ་བཏགས།།དེ་ནས་སྲོད་དང་ཐོ་རེངས་ལ།།སྲིན་པོ་ཁྲག་གི་རལ་བ་ཅན།།སྲིན་མོ་མི་སྡུག་མཆེ་བ་ཅན།།དེ་གཉིས་བཙས་པའི་འདྲེ་སྲིན་བདུན།།བྲོས་ནས་སྤྲེལ་རྫོང་བྲག་ལ་གནས།།ཞེས་པ་དང་།སློབ་དཔོན་དྲག་དབང་འབར་བ་ཡིས།།ཏིང་ངེ་འཛིན་ལ་ཞུགས་པའི་ཚེ།།སྲིན་པོས་བྲག་སྒོ་ཕ་བོང་བཀབ།། རྡོ་རྗེ་གསོར་བའི་སྟེང་ནས་བྱོན།། ཞེས་གསུངས་པ་ནང་བཞིན།འདྲེ་སྲིན་འགས་མཚོ་སྔོན་པོ་འཕྱུར་དུ་བཅུག་ནས་ཉེ་འཁོར་གྱི་རུ་སྡེ་ཁྲི་སྟོང་མང་བོ་ལ་གནོད་པ་བཟོས་པས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་ཀྱིས་མ་བཟོད་པར་རྒྱ་གར་གྱི་རི་བོ་མ་ཧཱ་དེ་བའི་མགོ་བཅད་དེ་འཕངས་ནས་ཆུ་སྒོ་བཅད་པས་གནོད་པ་ཐམས་ཅད་ལྡོག ཡིན་ནའང་སྲིན་མོ་འགའ་བྲོས་ནས་སྤྲེལ་རྫོང་དུ་ཡོང་ནས་ཡང་ནད་ཡམས་སོགས་བཏང་ནས་མི་སེར་ལ་གནོད་པ་ཚབ་ཆེན་བྱུང་བ་སློབ་དཔོན་གྱིས་མཁྱེན་ནས་ཁོང་གནས་འདིར་ཕེབས་ཏེ་བྲག་ཕུག་ཅིག་ཏུ་སྒྲུབ་པ་མཛད་སྐབས་སྲིན་མོ་འགས་བྲག་ཕུག་སྒོ་ཕ་བོང་གིས་བཅད་པ་ན་སློབ་དཔོན་གྱིས་རྡོ་རྗེ་བྲག་ལ་བཏབ་པས་བྲག་དཀར་ཁུང་ལྟར་ཕྱེས་ཏེ་རྡོ་རྗེས་ཕུག་པའི་ལམ་ཤར་སེར་ཡོད་པས་རྡོ་རྗེ་ཕུག་ལམ་ཤེས་བཏགས། ཁོང་གི་ཇ་མ་ཡང་སློབ་དཔོན་གྱི་བྱིན་བརླབས་ཀྱིས་རྡོ་རྗེ་ཕུག་ལམ་དུ་འཕུར་སྐབས་ཁོ་རང་ཉིད་ཀྱི་ནུས་པ་ཡིན་སྙམ་པས་བྱིན་བརླབས་ཉམས་ཏེ་ཕྱིར་ལྷུང་སྟེ་སྲིན་མོས་མགོ་བཅད་དེ་བསད། དེ་ནས་སློབ་དཔོན་གྱིས་སྲིན་མོ་བདའ་སྟེ་འདུལ་ཟེར་རོ།། སྲིན་མོ་འདུལ་སའི་གནས་སོགས་འོག་ཏུ་འབྱུང་། ད་དུང་རྡོ་རྗེ་ཕུག་ལམ་ནང་དུ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་དཀྱིལ་འཁོར་དང་། བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར། གཟུངས་སྔགས་སོགས་ཀྱང་ཁྲ་ལམ་ཡོད། དེའི་ནང་དུ་ཕུག་པ་གཉིས་ཡོད་པའི་ཆེ་བའི་ནང་དུ་རྒྱལ་བ་རིགས་ལྔ་དང་སློབ་དཔོན་པདྨ།ཁྲོ་བཅུ།དཔལ་ལྡན་ལྷ་མོ་སོགས་ཀྱི་རང་བྱོན་ངོ་མཚར་བ་བཞུགས། ཕུག་པ་ཆུང་བའི་ནང་དུའང་བདེ་གཤེགས་བརྒྱད་ཀྱི་སྤྲུལ་བ་བྱ་ཁྱུང་རྒྱལ་བོ་ག་རུ་ཌའི་རང་བྱོན་འབུར་དོད་དུ་བཞུགས་པ་དེར་མཇལ་ན་མཛེ་ནད་དང་རྨ་སྐྲངས་སོགས་འཇོམས་པར་བཤད། དེའི་གཡས་ཕྱོགས་སུ་བསྐལ་བཟང་སངས་རྒྱས་སྟོང་གི་རང་བྱོན་དང་གཡོན་ཕྱོགས་སུ་འབྲི་གོང་འཇིག་རྟེན་མགོན་པོའི་རད་བྱོན་སོགས་བཞུགས། ཕྱིའི་སྒོ་འགྲམ་དུ་རྒྱལ་ཆེན་བཞིའི་རང་བྱོན་དང་ཧུཾ་ཡིག་ངོ་མཚན་ཅན་ཡོད། དེའི་སྲིབ་ཕྱོགས་ན་སློབ་དཔོན་ལྷུང་བཟེད་རང་བྱོན་ཡོད་ཅིང་དེར་མཆོད་པ་ཕུལ་ན་ནོར་ལོངས་སྤྱོད་འབྱུང་སྐད། རྡོ་རྗེ་ཕུག་ལམ་གྱི་ཕྱི་སྒོ་རྡོ་རྗེ་ཕྲེང་བ་རང་བྱོན་དེའི་འོག་ཏུ་འཛུལ་ན་བར་ཆད་མི་འབྱུང་བར་གསུངས། ཕྱིའི་གཡོན་ཕྱོགས་ཀྱི་བྲག་ངོས་ན་སྤྲེའུ་བྱང་ཆུབ་སེམས་དཔའི་ཤངས་ཁྲག་གིས་བྲིས་པའི་ཧུཾ་རང་བྱོན་དང་དུང་དཀར་རང་བྱོན་བཅས་ཡོད་དོ།།8K0རྗེ་ཙོང་ཁ་པའི་དྲ་བ།

རྡོ་རྗེ་ཕུག་ལམ་གྱི་དབུ་རྩེའི་སྲིབ་ཕྱོགས་ན་མཁའ་འགྲོའི་ཚོགས་ཁང་དང་དེའི་གཡོན་ཕྱོགས་ན་སྨན་བླ་བདེ་གཤེགས་བརྒྱད་ཀྱི་གནས་སོགས་ཡོད་ཅིང་དེ་གཉིས་ཀྱི་ནང་དུའང་རང་བྱོན་ངོ་མཚར་བ་མང་བོ་བཞུགས་པར་བཤད་མོད་ཁོ་བོ་གནས་དེར་འགྲོ་མ་མྱོང་། རྡོ་རྗེ་ཕུག་ལམ་ལས་སྒོར་བུད་དེ་བཀྲ་ཤིས་ལར་འགོས་ན་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་བ་ཆེན་མོ་དབུས་ལ་ཕེབས་དུས་ལྷ་སྲིན་སྡེ་བརྒྱད་ཀྱིས་མདུན་བསུས་སྐབས་ཀྱི་གསོལ་ཐབ། དེའི་གོང་དུ་བྲག་གཡག་སྙིང་འདྲ་བའི་ངོས་སུ་དགེ་སློང་ནམ་མཁའི་སྙིང་བོའི་སྒྲུབ་ཕུག་ཡོད། མདུན་དུ་ཤྭ་རྭ་དཀར་བོ་ཞིག་གྱེན་དུ་བསྒྲེངས་པ་ལྟ་བུ་དེ་མཚམས་ཐོ་ཡིན་སྐད། དེའི་གོང་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐོད་ཕོར་བཞག་ཤུལ་དང་དམ་ཅན་ཆོས་རྒྱལ་དྲག་དབང་འབར་བ་མ་ཧེ་ལ་བཅིབས་པའི་རང་བྱོན་སོགས་ཡོད། ལ་སྐེད་ན་སློབ་དཔོན་པད་མ་འབྱུང་གནས་ཀྱི་བཞུགས་ཁྲི་ཡོད་ལ་རྗེ་རིན་པོ་ཆེ་ཡང་སྐབས་དེར་ཁྲི་དེའི་སྟེང་དུ་བཞུགས་པར་བཤད་པས་རྗེ་རིན་པོའི་ཆེ་བཞུགས་ཁྲི་ཡང་ཟེར། རྗེ་རིན་པོ་ཆེ་ཁོང་གིས་འཇམ་དཔལ་མཚན་བརྗོད་གསུང་བཞིན་ཉག་རྩར་བསླེབས་པ་ན་བཀྲ་ཤིས་ཀུན་ཀྱི་བཀྲ་ཤིས་པ།།གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། ཞེས་པའི་ཚིག་མཚམས་དེར་ཁེལ་བས་བཀྲ་ཤིས་ལ་ཞེས་གྲགས་པར་བཤད། ཉག་ཁ་ནས་ཡར་བལྟས་ན་རྗེ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེ་ཉིད་མཚན་དཔེས་བརྒྱན་པའི་སྐུ་གཟུགས་རང་བྱོན་ངོ་མཚར་ཅན་གསལ་བོར་བཞུགས་ཡོད་ལ། དབུ་ཞྭ་དང་ཕྱག་ཕྲེང་། རིགས་ལྔ་གཙུག་ཏོར་སོགས་ཧ་ཅང་གསལ་ལྷང་ངེར་ཡོད། དེའི་གཡས་གཡོན་ན་ཤེལ་དཀར་གྱི་མཆོད་རྟེན་དང་དབུས་སུ་བྲག་དམར་སེར་གྱི་ངོས་ན་སྟོན་པ་ཤཱཀྱ་ཐུབ་པའི་སྐུར་དགྲ་བཅོམ་མང་བོས་བསྐོར་བའི་ཞིང་བཀོད་ཀྱང་བཞུགས། དེ་ནས་མར་བབས་ན་ནོར་བདག་ཨརྱ་འཛམ་པ་ལྷའི་རང་བྱོན་ཡོད་ལ་དེའི་མདུན་དུ་གཏེར་སྦས་ནས་གསོལ་བ་བཏབ་ན་རྒྱུ་ནོར་གྱི་དངོས་གྲུབ་གནང་བར་བཤད། དེའི་ནས་མར་ཅུང་ཙམ་བབས་པ་ན་འདོད་འཇོ་བའི་བྲག་ཕུག་ཡོད། དེར་འདོད་འཇོ་བའི་ལྕི་བ་དང་འོ་མ་ཡོད་ལ་དེ་ནི་ཕོ་ནད་སོགས་ལ་ཕན་པར་མ་ཟད་རྫ་དུག་བརྒྱབ་པ་སོགས་ལའང་ཕན་པར་ཀུན་ཀྱིས་གླེང་། ས་འདིའི་མི་ཐམས་ཅད་ཀྱིས་ལྷ་ས་སོགས་ཅུང་ས་ཐག་རིང་དུ་འགྲོ་ན་འདོད་འཇོ་བའི་ལྕི་བ་དང་འོ་མ་སོགས་གང་རུང་རེ་ཁྱེར་བའི་སྲོལ་ཡོད། དེ་ནས་མར་ཡོང་ན་བྲག་ངོས་ན་ཕུག་པ་དཀར་ཡོལ་ཁ་ཙམ་ཡོད་ལ་དེའི་ནང་དུ་ཨོ་རྒྱན་སྔགས་ཆུ་ཡོད་པས་ལག་པ་ནང་དུ་བརྐྱངས་ན་རང་རང་གི་བསོད་ནམས་ཀྱི་ཆེ་ཆུང་ལྟར་གསེར་དངུལ་སོགས་ལོན་པར་བཤད། དེ་ནས་མར་ཅུང་ཙམ་བབས་ན་ཕ་བོང་སྨུག་པོ་ཞིག་གི་སྟེང་དུ་འདོད་འཇོ་བ་དང་བེའུ་སོགས་ཀྱི་རྨིག་རྗེས་འདམ་ལ་སུག་པ་འདྲ་བའི་རང་བྱོན་ཡོད་དོ།8K0རྗེ་ཙོང་ཁ་པའི་དྲ་བ།

མདུན་དུ་བལྟས་ན་གནས་རིའི་སྤྱི་དབྱིབས་ནི་ནོར་བུ་ཁུར་བའི་གླང་ཆེན་ཞིག་དང་འདྲ་ཞིང་བྲག་རྩེའི་སེང་སྟག་གཉིས་ཁ་འཐབ་པ་ལྟར་མངོན་ཡོད་ལ་དེའི་གཤམ་གྱི་བྲག་ངོས་ན་གནས་བདག་ཞིང་སྐྱོང་ཡུ་མོར་བཅིབས་པ་གསལ་བོར་མཐོང་ཐུབ། གནས་བདག་གསོལ་འདེབས་ཀྱང་གནས་སྐོར་ལོ་སྟེ་སྤྲེལ་གྱི་ལོ་ལ་སྐྱེས་ཆེན་མང་བོ་ཞིག་གིས་མཐོང་བའི་ངག་རྒྱུད་ཡོད། ད་དུང་གཤམ་དུ་འཇམ་དབྱངས་དམར་སེར་ཕྱག་གཡས་གཡོན་ན་རལ་གྲི་དང་གླེགས་བམ་བསྣམས་པ་སོགས་ཀྱང་མངོན་ཡོད། དེའི་གཡོན་ཕྱོགས་སུ་རྗེ་གསེར་ཁང་བའི་བཞུགས་ཁྲི་ཡོད། སྐོར་ལམ་དེད་དེ་ཡར་སོང་ན་སྔོན་ཆད་གཡུ་ཡི་སྒྲོལ་མ་བུ་སྦྱིན་རང་བྱོན་བཞུགས་པ་དེར་གསོལ་བ་བཏབ་ན་བུ་འདོད་པ་ལ་བུ་དང་ནོར་འདོད་པ་ལ་ནོར་སྤྱིན་ནོ།། ལོ་འགའི་སྔོན་དུ་རྐུན་མ་ཞིག་གིས་འཁྱེར་རྩིས་བྱས་པ་གྲྭ་བ་འགས་མཐོང་ནས་འདུ་ཁང་ནང་དུ་གདན་དྲང་ཡོད།དེ་ནས་ཡར་ཅུང་ཙམ་སོང་ན་ཕུག་པ་གསུམ་ཡོད་དེའི་ནང་ནས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ན་སྡིག་སྒྲིབ་དག་པར་མ་ཟད་ཕ་མའི་དྲིན་ལན་ཡང་འཇལ་ཐུབ་པར་བཤད་པས་འདིའི་མིང་ལ་ཕ་མའི་དྲིན་ལན་འཇལ་བའི་གནས་ཟེར། འདིར་ཐོན་པའི་གནས་སྐོར་བ་རྣམས་དང་ཁྱད་པར་དུ་ཕ་མ་དང་བྲལ་བའི་སྐྱེས་ཕོ་མོ་སུ་ཡིན་ཡང་ཕ་མའི་བཀའ་དྲིན་དྲན་ཏེ་མགྲིན་པ་མཆི་མས་བརྣངས་ཤིང་མིག་ཆུའི་རྒྱུན་ལ་བརྡོངས་བའི་སྨོན་ལམ་དབྱངས་སུ་འགུག་བཞིན་དགེ་སྦྱོར་སྣ་ཚོགས་ཁས་ལེན་བྱེད། ཁོ་བོས་ཀྱང་རྗེ་ཞབས་དཀར་བའི་ཕ་མའི་དྲིན་ལན་འཇལ་བའི་སྨོན་ལམ་དབྱངས་སུ་གྱེར་དུས་གཡས་གཡོན་གྱི་རྩྭ་རྩི་ཤིང་དག་གིས་ཀྱང་དྲིན་ཅན་ཕ་མའི་བཀའ་དྲིན་དྲན་བཞིན་པ་དང་ཅི་འདྲའི་འདྲ་ཨང་། རང་བྱོན་མང་བོ་ཞིག་གི་སྟེང་ལ་མཇལ་བ་ཧེབ་རྒན་འགས་རྡོ་ཡིས་བྲད་ཡོད་པས་ད་ལྟ་རང་བྱོན་མང་བོ་ཞིག་ཁ་ཆག་སྣ་རལ་དུ་བཏང་ཡོད། དེ་ནས་ཡར་སྨི་ལྔ་བཅུ་ཙམ་སོང་ན་གླང་ཆེན་སྣ་ལ་ཐོན་ཐུབ་ལ་དེའི་བྲག་ངོས་ན་རྒྱ་ཡིག་རང་བྱོན་ཡོད་མོད་ངའི་རྒྱ་ཡིག་གི་ཆུ་ཚད་ཞན་པའི་ཁར་རྒྱ་ཡིག་རང་བྱོན་འདིའི་སྟེང་ལའང་དེ་འདྲའི་ཧེབ་རྒན་འགས་བྲད་པས་དོན་ཅི་ཡིན་ཤེས་མ་སོང་། དེའི་གོང་ན་དགོན་པ་འདི་ཕྱག་འདེབས་གནང་མཁན་རྗེ་ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་གི་ཕྱག་རྗེས་རང་བྱོན། དེའི་གཡས་ཕྱོགས་ན་མགོན་པོ་དང་ལྷ་མོ་རྣམ་སྲས་སོགས་ལྷ་བཟོ་མཁས་པའི་པུར་རྩལ་ལས་ཐོན་མིན་ལ་ཐེ་ཚོམ་སྐྱེས་པའི་སྐུ་འདྲ་དག་གསལ་བོར་མངོན་ཡོད། དེའི་གཡས་ན་གཤིན་རྗེ་སྐམ་པ་ཡོད། དེའི་གོང་གི་བྲག་ངོས་ན་ཕུག་པ་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་མི་བསོད་ནམས་ཅན་གྱིས་ཉན་ན་ཆོས་གསུང་པའི་སྒྲ་སོགས་མང་བོ་ཐོས་རྒྱུ་ཡོད་ཟེར། འོན་ཀྱང་ངས་ཐེངས་གང་མང་ཞིག་ལ་ཉན་པའི་མཐར་རང་ཉིད་ལ་བསོད་ནམས་ཆུང་བ་རྟོགས་སོང་། དེའི་གཡས་ན་སངས་རྒྱས་སྨན་བླའི་ཞིང་བཀོད་དང་མཐུན་པ་སྤུན་བཞིའི་རང་བྱོན་སོགས་ཡོད། དེ་འགབ་གཞུང་ཆུའི་ནང་དུ་དབྱིབས་སྦལ་བ་དང་འདྲའི་ཕ་བོང་དཀར་བོ་ཞིག་གི་སྟེང་ན་གཡུ་འབྲུག་ཚང་ཉལ་རང་བྱོན་ཡོད། གླང་ཆེན་སྣའི་གོང་ན་ཆུ་མིག་ཅིག་ཡོད་པ་དེའི་མིང་ལ་གང་གཱ་ཆུ་མིག་ཟེར་དེ་ནི་མིག་ནད་སོགས་ལ་ཕན་པར་བཤད། དེ་ནས་ཡར་སོང་ན་མཐོ་རིས་ལ་ཡིན། སྔོ་ཆད་ཐེམ་སྐས་ཞེ་དགུ་ཡོད་ཅིང་དེ་ལ་རིམ་གྱིས་བགྲོད་ན་འཁོར་བར་རྒྱབ་ཀྱིས་ཕྱོགས་པ་མཚོན་པར་བཤད། མཐོའི་ལའི་ཉག་ཁ་ནས་ཕར་བལྟས་ན་གནས་རིའི་རྩེའི་བྲག་ངོས་ན་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་རང་བྱོན་ལ་མཇལ་ཐུབ་བོ། །8K0རྗེ་ཙོང་ཁ་པའི་དྲ་བ།

དེ་ནས་མར་བབས་ན་རྟ་རྐྱང་ངུའི་རྨིག་རྗེས་དང་ཁྱི་ཏིང་ལིའི་རྗེས་གླིང་གེ་སར་གྱི་རལ་གྲི། ལྷ་མོའི་དྲེའུ་རྗེས་སོགས་རྡོ་ངོས་ལ་གསལ་བོར་བབས་ཡོད། དེ་ནས་ལམ་ལ་ཞུགས་ན་མར་སོང་ན་གསེར་ཉ་རང་བྱོན་དང་དེ་ནས་མར་ཅུང་ཙམ་སོང་ན་རྡོ་ཁྲི་ཞིག་མཐོང་ཐུབ་སྔོན་ཆད་འདིའི་སྟེང་ན་ཤ་སྒྲོ་སྨུག་རིལ་ཞེས་པ་ཞིག་ཡོད་ལ་དེ་ནི་སངས་རྒྱས་ཀྱི་གཏེར་ཁུག་དང་ཡང་ན་ཨ་ཁུ་ཁྲོ་ཐུང་གི་ཤ་སྒྲོ་ཡིན་པར་བཤད། དེར་ལག་པར་རེག་པ་དང་མཆོད་འབུལ་སོགས་བྱས་ན་ཁ་འགོང་དང་ལག་འགོང་སོགས་སེལ་ཏེ་རྒྱུ་ནོར་ལོངས་སྤྱོད་སོགས་ཀྱི་དངོས་གྲུབ་སྦྱིན་པར་བཤད་པ་ཡང་ཧེབ་རྒན་ཞིག་གིས་ཐོས་ནས་ཁྱེར་སོང་། དེ་ནས་སྨི་བརྒྱ་ཙམ་གྱི་ས་ན་ཨ་རིག་རྒན་པོའི་ཕྱག་འཚལ་སའམ་སངས་རྒྱས་འགྲུབ་པའི་གནས་ཡོད། ངག་རྒྱུན་དུ་སྔོན་ཨ་རིག་གི་རྒན་པོ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་རང་བྱོན་གྱི་མདུན་དུ་ཁྱེད་ཀྱིས་མཚམས་ཞོག་མ་གསུངས་པར་དུ་ཕྱག་འཚལ་རྒྱུ་ཡིན་ཞེས་དམ་བཅས་ཏེ་ཕྱག་འབུམ་ཁྲག་མང་བོ་འཚལ་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱིས་བུ་ཁྱོད་བདེ་བ་ཅན་ལ་ཤོག་ཅེས་གསུང་འབྱོན་ཞིང་ཕྱག་གཡས་ཡར་ལ་བཀྱགས་ནས་ལམ་སྟོན་མཛད་པར་བཤད་དོ།།8K0རྗེ་ཙོང་ཁ་པའི་དྲ་བ།

སྔ་དྲོའི་བླ་མའི་རྣམ་ཐར་དེ་ཕྱི་དྲོ་སློབ་མའི་ཉམས་ལེན་ཡིན་གསུངས་པ་བཞིན་ཨ་རིག་རྒན་པོ་ཁོང་གི་རྣམ་ཐར་རྗེས་འཇུག་པ་མང་བོས་ཉམས་ལེན་དུ་ཁྱེར་ནས་ད་ལྟའང་མཇལ་བ་ཚང་མས་འདི་ནས་ཕྱག་འཚལ་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ་སྐྱེ་བའི་སྨོན་ལམ་རྣམ་པར་དག་པ་འདེབས། དེ་ནས་ཡར་བལྟས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་མདུན་ངོས་སུ་བྲག་ཕུག་སྒོ་ཁ་ནུབ་བྱང་མཚམས་སུ་གཏད་པ་ཞིག་ཡོད་པ་དེ་གཉན་སྤྲེལ་ཟླ་བའི་ཕོ་བྲང་ཡིན་ལ་དུས་ཆེན་རྣམས་ལ་ངོ་མཚར་བའི་འཇའ་ཚོན་སྣ་ཚོགས་འཆར་བར་བཤད། དེའི་གཤམ་གྱི་སྤང་བྲག་མཚམས་སུ་ཕུག་སྒོ་ཆེ་བ་ཞིག་ཡོད་པ་དེ་ནི་གནས་བརྟན་བཅུ་དྲུག་དང་ཉེ་བའི་སྲས་ཆེན་བརྒྱད་སོགས་དགྲ་བཅོམ་མང་བོའི་སྒྲུབ་གནས་ཡིན་ཞིང་དེ་དག་གི་རང་བྱོན་ཀྱང་ཡོད་པར་བཤད། ཁ་དཔེར་ལྷ་སའི་ཨ་མ་ལགས་ཀྱིས་ལྷ་སའི་ཇོ་བོ་ཞལ་མཐོང་མ་མྱོང་ཟེར་ལྟར་ང་ས་འདི་ནས་སྐྱེས་ཤིང་ས་འདི་ནས་རྒས་ཀྱང་གནས་སྒོ་མང་བོ་ཞིག་ལ་དངོས་སུ་མཇལ་དུ་འགྲོ་མ་ཐུབ་པ་ནི་ཆེས་ཡིད་སྐྱོ་བ་ཞིག་རེད་ཨང་།8K0རྗེ་ཙོང་ཁ་པའི་དྲ་བ།

དེ་ནས་མར་ཡོང་ན་བྲག་དང་གསོམ་ཤུག་འཐབ་པའི་ལུང་བའི་སྟོད་ཀྱི་བྲག་ངོས་ན་རྡོ་རྗེ་རྣན་པར་འཇོམས་པའི་རང་བྱོན་ཡོད་ཅིང་དེའི་མདུད་དུ་བདུད་རྩིའི་གཟུངས་ཆུ་འབབ་པ། རྣམ་འཇོམས་ཁྲུས་ཀྱི་གནས་ཏེ་ཡོངས་གྲགས་ལ་གྲིབ་ཆུ་ཞེས་པ་དེས་ཁྲུས་བྱས་པའམ་འཐུང་ན་མི་གཙང་བའི་གྲིབ་རིགས་ལ་སོགས་པ་སེལ་པར་བཤད། སྐད་ཆེན་པོ་རྒྱབ་ན་གློ་བུར་དུ་ཇེ་ཆེར་སོང་སྟེ་ཆུ་ནང་དུ་འཇའ་ཚོན་སྣ་ལྔའི་གུར་ཕུབ་པ་སོགས་ངས་ཀྱང་ཐེངས་མང་བོར་མཐོང་མྱོང་།དེ་ནས་མར་ཡོང་ན་རྒྱ་གར་དུར་ཁྲོད་བསིལ་བའི་ཚམ་ནས་འཕུར་ཡོང་བའི་དུར་རྡོ་དེའི་སྟེང་དུ་ཉལ་ནས་སྨོན་ལམ་བཏབ་ན་བར་དོའི་འཇིགས་སྣང་མེད་པར་བཤད། དེའི་བྲག་ངོས་ན་དུར་བྱ་དང་བེར་རོ་དུར་བདག ད་དུང་རྗེ་བཙུན་མི་ལ་སོགས་རང་བྱོན་མང་བོ་གསལ། དེའི་ཟུར་གྱི་བྲག་ཕུག་དེའི་ནང་དུ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་སོགས་བཞུགས་པར་བཤད་མོད། གནས་སྐོར་ལོ་སྟེ་སྤྲེལ་ལོ་སྔོན་མར་འདིར་ཚོང་ཁང་ཞིག་བསྡད་དེ་བྲག་ཕུག་འདིའི་ནང་ལ་གཏེར་འཇོག་དགོས་རབས་དེ་བཞག་ན་བཟང་རབས་བཤད་དེ་ད་སྐབས་བྲག་ཕུག་ནང་དུ་གཏེར་ཁུག་གིས་གང་འདུག འདིའི་མཚོན་པའི་གནས་སྒོ་གཞན་པ་མང་བོ་ཞིག་ཏུའང་མཇལ་བ་ཚོའི་ལག་ནས་སྒོ་མོ་ལེན་ཆེད་རྫུན་མང་བོ་བཤད་དེ་མཆོད་མེ་དང་གཏེར་ཁུག་དར་ལྕོགས་སོགས་འཚོང་བཞིན་ཡོད། ད་དུང་དར་ལྕོགས་སོགས་གང་ཡིན་སར་བཏགས་ནས་འཁོར་ཡུག་ལའང་གནོད་པ་ཆེན་པོ་བྱུང་ཡོད་པས་ད་ལོའི་མཇལ་བ་ཚོས་དར་ལྕོག་དང་གཏེར་ཁུག་སོགས་གང་སར་མི་འདོགས་པར་རེ་བ་སྙིང་ནས་ཞུས་པ་ལགས།8K0རྗེ་ཙོང་ཁ་པའི་དྲ་བ།

དེའི་གཡས་ཕྱོགས་ན་མི་ལའི་རྡོ་འཕྲེང་ཡོད་པ་དེར་ལན་གཅིག་བགྲོད་ན་འདི་ཕྱི་ཀུན་ཀྱི་བར་ཆད་སེར་བར་བརྗོད། བྲག་འཕྲེང་འདི་ཡར་སྐྱེ་བཞིན་ཡོད་པས་ལུང་བ་འདིར་འཚོ་བའི་མང་ཚོགས་ཀྱིས་རུ་འགྲོ་དུས་ལོ་རེ་བཞིན་འགད་རྫས་སོགས་བརྒྱབ་ནས་ལམ་ལས་དགོས་པ་ས་འདིའི་མི་ཀུན་གྱིས་ཤེས་གསལ་ལྟར་རོ།།8K0རྗེ་ཙོང་ཁ་པའི་དྲ་བ།

དེ་ནས་མར་ཡོང་ན་བྲག་ངོས་ན་ཕུག་པ་གསུམ་ཡོད་དེ་ལ་ཡ་མ་ཐར་ཁུང་ཟེར། ཕུག་པ་གསུམ་ཡོད་པ་རེ་རེ་ལས་ཐར་ན་སྲི་ངན་ལས་ཐར་ཞིང་ངན་སོང་གསུམ་ལས་ཐར་བའི་རྟེན་འབྲེལ་ཡོད་པར་གསུངས། ཕུག་པ་འོག་མའི་ནང་ན་གུ་རུ་སིངྷི་དང་གཏེར་ཡིག་ཞབས་རྗེས་རྒྱ་ཡིག་སོགས་རང་བྱོན་མང་བོ་ཡོད་པའི་དབུས་ན་སློབ་དཔོན་པདྨའི་རང་བྱོན་མངོན། དེའི་མར་ག་ན་ཁྲོ་བོ་སྨེ་བརྩེགས་སྒྲུབ་ཕུག་རང་བྱོན་དང་སྒྲུབ་ཆུའི་གཡས་གཡོན་དུ་བྲག་ཐོ་གཉིས་ཡོད་གཡས་པ་ལྷ་དང་གཡོན་པ་བདུད་ཡིན་ཟེར་དེ་གཉིས་ཀའི་མདུན་དུ་དགེ་སྡིག་གྲངས་ཀ་བརྩི་བའི་རྡེའུ་སྤུངས་ཡོད། སྐོར་བ་ཐེངས་གཅིག་སོང་ན་ལྷའི་མདུན་དུ་རྡེའུ་གཅིག་འཇོག་པའི་སྲོལ་ཡོད། དེའི་དྲང་ཐད་ཀྱི་ཕ་རིའི་བྲག་ཕུག་ནག་པོ་དེར་གཤིན་རྗེ་རྒྱལ་བོའི་རང་བྱོན་དང་ཁོང་གི་ཕྱག་ནས་ལྕགས་ཐག་གཤིན་རྗེ་ཕྲེང་ཀ་འཐེན་པའི་རང་བྱོན། འགག་ཕྲེང་ཞབས་ན་དམྱལ་བའི་སླ་ངའི་ནང་དུ་ཁྲོ་ཆུ་ལྷོག་ལྷོག་ཏུ་གདུ་བ་ལྟ་བུའི་ཆུ་ཆེན་གྱི་འུར་སྒྲས་ཁེངས་པ་ཡོད། སྐོར་ལམ་གོང་ན་གཤིན་རྗེ་རྒྱ་མ་དང་མེ་ལོང་ཡང་ཡོད། ལོ་འགའི་སྔོན་ལ་རླུང་ཆེན་ཞིག་གཡུགས་པས་སྡོང་བོ་མང་བོ་བཅག་པའི་སྐབས་དེར་གཤིན་རྗེ་རྒྱ་མ་ཡང་རྩ་བ་ནས་ལོག་སོང་།8K0རྗེ་ཙོང་ཁ་པའི་དྲ་བ།

དེ་ནས་མར་ཡོང་ན་སྣ་ཁའི་བྲག་དམར་གྱི་ངོས་ན་སློབ་དཔོན་པདྨའི་ཞབས་རྗེས་དང་དེའི་གཡས་ཟུར་ན་སློབ་དཔོན་གྱི་ཕྱག་ཕྲེང་དང་རྡོ་རྗེ་ཕུར་བུ་བྲག་ལ་གདབ་པའི་རྗེས་ཤུལ་སོགས་གསལ། སློབ་དཔོན་ཁོང་གིས་འདྲེ་སྲིན་དག་གནས་འདིར་དམ་ལ་བཏགས་ནས་དོང་ནང་དུ་མནན་ཏེ་ཇི་སྲིད་བསྐལ་བའི་བར་དུ་འདྲེ་སྲིན་གྱིས་གནོད་པ་མེད་པར་གྲགས་སོ།། དེ་གནས་འདིའི་བྱིན་བརླབས་ཀྱིས་མཐའ་འཁོར་གྱི་དད་ལྡན་མང་ཚོགས་རྣམས་རང་བཞིན་གྱིས་ཆོས་ལ་དད་ཅིང་གཤིས་རྒྱུད་བཟང་བས་དམ་པའི་ཆོས་དང་དགེ་འདུན་ལ་བསྙེན་བཀུར་ཅི་བས་ཀྱང་ཆེའོ།། ངས་འདིར་སྐོར་ལམ་གྱི་རང་བྱོན་རང་གི་ཤེས་པ་འགའ་ངོ་སྤྲོད་བྱས་པ་ལས་སྤྱིར་གནས་སྒོ་ཆེ་བ་བརྒྱད་དང་འབྲིང་བ་དྲུག་ཆུང་བ་བཞི། ད་དུང་རང་བྱོན་སུམ་སྟོང་ལྷག་ཡོད་པར་གསུངས། དེ་ཚང་མ་ངོ་སྤྲོད་བྱེད་འདོད་ཀྱང་བྱེད་མི་ཤེས། འདིར་དད་ལྡན་གྱི་མཇལ་བ་རྣམས་ལ་སྟབས་བདེ་བའི་ཆེད་དུ་ཅུང་ཙམ་ཞུས་པ་ལགས། འདི་ལའང་ནོར་འཁྲུལ་མང་བོ་ཞིག་ཡོད་སྲིད་པས་རང་དགོན་གྱི་དགེ་བའི་བཤེས་གཉེན་རྣམས་གཙོས་འདི་ཀློག་མཁན་ཡོངས་ལ་དགོངས་དག་སྙིང་ནས་ཞུའོ།།8K0རྗེ་ཙོང་ཁ་པའི་དྲ་བ།

༢༠༡༥.༤.༡༥བྲིས་ཏེ་གངས་ལྗོངས་ཤེས་རིག་ནོར་བའི་སློབ་གླིང་གི་སྐབས་བཅོ་བརྒྱད་པའི་མཐར་ཕྱིན་ཆེད་རྩོམ་༼སྣང་མཛོད།༽སྟེང་དུ་བཀོད།༢༠༡༦.༡.༡༠ཉིན་དག་བཅོས་ཅུང་ཙམ་བྱས་ཏེ་ཁྲི་གཤོག་སྙེ་མའི་རྩོམ་སྟེགས་སུ་བཀོད།8K0རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K