མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །བླ་བྲང་བཀྲ་ཤིས་འཁྱིལ།

ཡོང་ཁུངས།   བོད་ཀྱི་གནས་ཡིག་དྲ་བ།     སྤེལ་དུས།  2014-08-19 10:07:11     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

64.jpgVAmརྗེ་ཙོང་ཁ་པའི་དྲ་བ།

 ནང་བསྟན་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་དྲུག་གི་ཡ་གྱལ་བླ་བྲང་དགོན་པ་དགེ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་ཀུན་ནས་འཁྱིལ་བའི་གླིང་ངམ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཞེས་པ་ནི། ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ནུབ་འགྲམ་དུ་ཆགས། སྤྱིར་བཀྲ་ཤིས་འཁྱིལ་བ་ལ་ཨ་མདོ་བཀྲ་ཤིས་སྒོ་མང་ཡང་ཟེར། དགོན་པ་མ་བཏབ་པའི་སྔ་རོལ(སྤྱི་ལོ༡༧༠༩)ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་རྗེ་ངག་དབང་བརྩོན་འགྲུས་མཆོག་གིས་དགོན་པ་ཕྱག་འདེབས་མཛད་པའི་དུས་སུ། རྩ་བའི་མཆོད་གཞིས་སྦྱིན་བདག་ཆེན་པོ་དཔོན་ཇུ་ནང་ཡབ་ཡུམ་གྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་གསེར་གྱི་མཎྚལ་ཕུལ་པའི་སྟེང་དགོན་པ་གསར་འདེབས་ལ་རྟ་ནོར་ལྔ་བརྒྱ། ལུག་སྟོང་ཕྲག་བཞི། དར་གོས་ཡུག་ལྔ་བརྒྱ། རིན་པོ་ཆེ་འགངས་ཅན་གྲངས་ཀྱིས་མི་ལང་བ་ཕུལ། རྒན་གྱའི་དཔོན་པོས་དགོན་ས་ཕུལ་པ་དང་བཅས་ཁ་གྱ་ཚོ་དྲུག་གིས་ཤིང་ཆ་དྲངས། ཆོས་འཁོར་ཟམ་ཚ། རོང་བོ་སྦིས་མདོ། རྔ་བ་ཚ་ཁོ་སོགས་ཤོག་ཆེན་ཚོ་ཁག་མང་པོས་སྦྱོར་འཇགས་དང་ལས་ཚེགས་ཕུད་པ་བཅས་ཚོགས་ཆེན་འདུ་ཁང་ཀ་རིང་བརྒྱད་ཅུ་ཅན་གྱི་རྩིག་བཀོད་ཡོངས་སུ་གྲུབ། རྟེན་བཞེངས་རིན་པོ་ཆེ་ཁྱད་དུ་འཕགས་པས་བལྟམས་པ་དང་། ལྷ་སྡེ་ཆོས་སྡེ་མི་སྡེ་རྒྱ་ཆེར་འཕེལ་ཅིང་དགོན་པ་སྤྱིའི་འཛུགས་སྐྲུན་དང་བླ་སྤྲུལ་གྱི་འཛུགས་སྐྲུན་ཡང་ཆེས་ཆེར་དར། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་བདག་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད་པ་གཙོ་བའི་གསེར་ཁྲི་རྣམ་པ་བཞི། མཁན་པོ་རྣམ་པ་བརྒྱད་བཅས་སྐྱེས་ཆེན་དམ་པ་མི་ཉུང་བ་དང་། དགོན་མ་ལག་བརྒྱ་དང་བརྒྱད་སོགས་རྒྱ་ཆེ། ཐོག་མར་གྲྭ་པ་བརྒྱ་ལྷག་ཙམ་གྱིས་རྟེན་གཞི་བྱས་ཏེ་འཛིན་གྲྭ་ཚུགས་པ་དང་། རྩི་བཞག་གཏོང་བ་སོགས་ཀྱི་མཛད་ཐབས་ལ་བརྟེན་ནས་མཚན་ཉིད་གྲྭ་ཚང་གི་རྨིང་གཞི་བཏིངས། དགོན་པའི་འཆད་ཉན་དང་། ཆོས་ཐོག ཆོས་མཚམས། སྒྲིག་ཁྲིམས་བཅས་འབྲུས་སྤུངས་སྒོ་མང་གྲྭ་ཚང་གི་ཕྱག་སྲོལ་ལྟར་རྒྱུན་འཛིན་གནང་ཞིང་གྲྭ་གྲངས་ཀྱང་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་གཞན་དག་ལས་མང་དགོས་པ་དང་། གྲྭ་གྲངས་ཚད་འཛིན་མི་དགོས་པའི་བཀས་བཅད་མཛད། རྗེས་སུ་གྲྭ་ཚོགས་ཆེ་དུས་སུ་དགེ་འདུན་པ་སུམ་སྟོང་ཙམ་བཞུགས། བཀྲ་ཤིས་འཁྱིལ་དུ་གྲྭ་ཚང་དྲུག་ཡོད་དེ་ཐོས་བསམ་གླིང་དང་། རྒྱུད་སྨད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་བཅས་ཡིན། གདན་ས་འདི་ནས་ཐོན་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཡང་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་དང་། གུང་ཐང་བསྟན་པའི་སྒྲོན་མེ་སྐུ་ཕྲེང་རིམ་བྱོན། སྡེ་ཁྲི་རིམ་བྱོན། དབལ་མང་དཀོན་མཆོག་རྒྱལ་མཚན། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན། ཞང་སྟོན་བསྟན་པ་རྒྱ་མཚོ། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། རྗེ་ཤེས་རབ་རྒྱ་མཚོ། གུང་ཐང་བློ་གྲོས་རྒྱ་མཚོ་སོགས་བགྲང་ལས་འདས་པ་དང་། གཞན་ཡང་སྨན་རམས་པ་དང་། རྩིས་རམས་པ། ལྷ་རིས་པ། འཇིམ་བཟོ་བ་སོགས་རིག་གནས་སྒྱུ་རྩལ་ལ་མཁས་པ་ཡང་མང་དུ་བྱོན་ནོ།། འདུ་ཁང་ཆེན་མོ་དང་གྲྭ་ཁང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་རྣམས་ཀྱི་རྟེན་བྱིན་རླབས་ཅན་གཙོ་བྱས་ཏེ། བྱམས་སྐུ་མཐོང་བ་དོན་ལྡན་གཙོར་བཞུགས་ཀྱི་གསེར་ཁང་ཚེ་དགའ་གླིང་། མཆོད་རྟེན་མཐོང་གྲོལ་ཆེན་མོ། སྟོང་སྐུའི་ལྷ་ཁང་ཀུན་ཏུ་བཀྲ་ཤིས་གླིང་། སེང་གེ་ང་རོའི་ལྷ་ཁང་བདེ་ལྡན་གླིང་། ཞབས་བརྟན་གླིང་། ལྟུང་བཤགས་ལྷ་ཁང་། བཀྲ་ཤིས་བྱམས་བརྩེ་གླིང་། དཔེ་མཛོད་ལྷ་ཁང་། རྗེ་གཟིགས་པ་ལྔ་ལྡན་ནང་བཞུགས་ཀྱི་གསལ་རྟོགས་ལྷ་ཁང་། ཇོ་ཁང་བྱིན་རླབས་གཟི་འབར་གླིང་རྣམས་སུ་ལྷ་རྟེན་ཆོས་གསུམ་ཏིལ་གྱི་གང་བུ་ལྟར་མཐའ་ཡས་པས་བྲིར་མི་ལངས་པ་བཞུགས་སོ།། VAmརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K