མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་བཀའ་སློབ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-03-19 22:52:01         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        དགེ་ལུགས་པ་རྣམས་ཀྱིས་མ་མཐའ་འང་གུང་ཐང་བསྟན་པའི་སྒྲོལ་མེའི་དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གྱི་དཔེ་ཁྲིད་ཅིག་ཞུས་ནས་དགེ་ལྡན་བསྟན་པའི་ཁྱད་ཆོས་ཅི་ཡིན་ཤེས་ནས་དེ་དག་ཚུལ་བཞིན་སྐྱོང་ཐུབ་པ་ཞིག་དགོས། དེ་ལྟ་མིན་ན་དགེ་ལུགས་པའི་རྗེས་འཇུག་གི་གོ་མི་ཆོད། དུས་ཕྱིས་དགེ་ལུགས་པའི་ནང་དུ་ཆོས་སྐྱོང་བསྟེན་པའི་ཐད་ལ་རྙོག་འཁྲུག་བྱུང་ཡོད། རྗེ་བླ་མས་བསྟེན་པའི་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་ནི་དགེ་ལུགས་པ་སྤྱིའི་ཆོས་སྐྱོང་ཡིན། དཔལ་ལྡན་ལྷ་མོ་མགོན་པོའི་འཁོར་དུ་བསྡུས་པས་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་དུ་མ་འདུས་པ་མེད། དེ་མིན་སྔགས་རྒྱུད་ཀྱི་སྲུང་མ་དམ་ཅན་རྡོར་ལེགས་དང་བསམ་ཡས་བཀོར་བདག་པེ་ཧར་རྒྱལ་བོ་གཙོ་འཁོར། ལ་མོ་ཚངས་པ་སོགས་དགེ་ལྡན་པའི་ཆོས་གྲྭ་ཆེན་པོ་སོགས་ན་སྔོན་ནས་བསྟེན་བཞིན་ཡོད་ལ་སློབ་དཔོན་རིན་པོ་ཆེས་བཀའ་བསྒོས་དམབཞག་ཀྱང་བྱས་ཡོད་པས་བསྟེན་འོས་པ་ལས་ལྷ་འདྲེ་གང་བྱུང་ཞིག་ཆོས་སྐྱོང་དུ་བསྟེན་མི་འོས་ཤིང་། དེ་བསྟེན་ནས་དགེ་ལུགས་ནང་ཁུལ་དུ་ཕྱི་དགྲའི་ལག་ཆ་ཞིག་ཏུ་གྱུར་ནས་ནང་འགལ་བཟོ་ལ་ལྷག་པར་མི་འོས། འཇིག་རྟེན་པའི་ལྷ་འདྲེ་ཞིག་ཆོས་སྐྱོང་གི་གཙོ་བོར་བསྟེན་ཅིང་། དེ་ཡང་མདོ་རྒྱུད་ཀྱི་ཁུངས་མེད་པར་བླ་མ་ཞིག་གིས་ཉམས་སྣང་ཡིན་ཁུལ་བྱེད་པ་ནི་སྲིད་གཞུང་གིས་ས་གནས་ཀྱི་དཔོན་པོ་བསྐོ་བ་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་པ་དང་རྒྱུད་སྡེ་བཞིའི་ཡི་དམ་གྱི་གོ་གནས་སུ་བཞག་སྟེ་སྒྲུབ་ཆོག་སོགས་བརྩམས་པ་ལ་སྤྱིར་འཐད་ལྡན་དུ་ཁས་ལེན་དཀའ་ལ། སྒོས་སུ་ལྟ་རྒྱུད་གཙང་མ་འཛིན་པའི་དགེ་ལུགས་པའི་ཆོས་མཐུན་གྱི་སྤྱོད་པར་ལྷག་པར་ཁས་ལེན་དཀའ། རྒྱལ་དབང་བཅུ་གསུམ་པ་ཆེན་པོས་ཕ་བོང་ཁ་བར་སྐྱབས་འགྲོའི་བསླབ་བྱ་འགལ་ཚུལ་གྱིས་བཀའ་བཀྱོན་གནང་བའི་བཀའ་ཕྲིན་སོགས་ལ་བསམ་བློ་གཏོང་དགོས། སྔོན་ཆད་ཁམས་ཕྱོགས་སུ་ལྷ་འདྲི་དེ་རིགས་བསྟེན་པའི་མ་རབས་སྐོར་ཞིག་གིས་སློབ་དཔོན་གྱི་འདྲ་སྐུ་བཤིག་ཅིང་བཀའ་ཐང་སོགས་ཀྱི་དཔེ་ཆ་མེ་ལ་བསྲེགས་པ་དང་། བཛྲ་གུ་རུ་འདོན་མི་ཆོག་ཅེས་སྒྲོག་པ་སོགས་ཀླ་ཀློའི་སྤྱོད་ངན་མི་ཉུང་བ་ཞིག་བྱས་འདུག །སངས་རྒྱས་གཉིས་པ་སློབ་དཔོན་རིན་པོ་ཆེ་ནི་གངས་རིའི་ལྗོངས་སུ་ཐོག་མར་བསྟན་པ་སྤེལ་མཁན་ཡིན་ལ་གྲུབ་མཐའ་རིས་མེད་ཀྱི་སྤྱི་ཁྱབ་ཀྱི་བླ་མ་བཀའ་དྲིན་ཅན་ཞིག་ཡིན་པས་དེ་བསྟན་མི་ཆོག །དེའི་མཚན་སྔགས་བགྲང་མི་ཆོག་ཅེས་རྗེ་བླ་ཡབ་སྲས་ཀྱི་གསུང་གང་ན་ཡོད། དགེ་ལུགས་པས་ནང་བའི་གྲུབ་མཐའ་གཞན་པའི་ཆོས་ལ་དད་མི་ཆོག་ན། ལམ་རིམ་ནང་གི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུང་རབ་ཐམས་ཅད་གདམས་པར་ཤར་བའི་དོན་དེ་ཇི་ལྟར་འགྲེལ། དེ་ལ་སོགས་པ་སྤྱོད་པ་མི་འཚམ་པ་མིག་མཐོང་རྣར་ཐོས་མང་དུ་ཡོད་ཀྱང་ཟུར་བསྟན་ལེབ་མཐོང་གི་ཚུལ་དུ་དེ་ཙམ་ལས་མ་སྤྲོས་སོ།RRAརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K