མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོའི་རབ་གནས་མཛད་སྒོའི་སྟེང་གི་གསུང་བཤད།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-03-30 16:44:41     རྩོམ་པ་པོ།   སེར་ཤུལ་ཁྲི་པ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        འཛམ་གླིང་ཡངས་པའི་ས་ཆེན་པོ་ན་ལུགས་གཉིས་གསེར་གྱི་འཁོར་ལོས་མངའ་དབང་བསྒྱུར་ཞིང་། ལྷག་བསམ་པད་མ་དཀར་པོའི་ཟེའུ་འབྲུ་རེ་རེས་ཀྱང་སྐྱེ་འགྲོ་གྲངས་མེད་པ་ཞིག་ལ་ཕྲལ་ཡུན་བདེ་སྐྱིད་ཀྱི་ས་ལ་འགོད་པར་མཛད་པའི་རླབས་ཆེན་གྱི་མཛད་བཟང་ཁུར་དུ་ཐེག་པའི་གོང་རིམ་གྱི་དབུ་ཁྲིད་དང་ལས་བྱེད་རྣམ་པ། ཟླུམ་གཟུགས་གོ་ལའི་ཁྱོན་ན་ཕན་བདེ་མ་ལུས་པའི་འབྱུང་གནས་དམ་པ་ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་དགུང་དུ་བཏེགས་ཤིང་། མཛད་འཕྲིན་གདུགས་དཀར་གྲིབ་བསིལ་གཅིག་གིས་ཀྱང་། གྲངས་མེད་གདུལ་བྱའི་ཉོན་མོང་ཚ་གདུང་སེལ་བའི་སྐྱབས་གནས་དམ་པ་མདུན་བཞུགས་ཀྱི་བླ་སྤྲུལ་དང་དགེ་བཤེས་རྣམ་པ། དྲི་མེད་བསླབ་གསུམ་གྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་ཤིང་། བཀའ་བསྟན་སྡེ་སྣོད་གསུམ་གྱི་དུང་ཆེན་པོའི་སྙན་པ་ཕྱོགས་བཅུར་སྒྲོགས་པའི་མདུན་བཞུགས་ཀྱི་དགེ་འདུན་རྣམ་པ། གསེར་མདོག་གིས་རྣམ་པར་བཀྲ་བའི་ཚེ་སྲོག་དང་ལས་རླུང་གི་ཉ་ཆེན་པོ་ཕུན་ཚོགས་སྡེ་བཞིའི་དཔལ་གྱི་མཚོ་ཆེན་པོར་ཡུན་རིང་གནས་ཤིང་། དད་པ་དང་དམ་ཚིག་ཟབ་མོ་ནམ་ཡང་འགྱུར་བ་མེད་པའི་དཔལ་གྱི་བེའུའི་གྲ་མིག་ཏུ་ཉེ་བར་འཚོ་བའི་མདུན་བཞུགས་ཀྱི་བསྟན་པའི་སྦྱིན་བདག་རྣམ་པ། ཁྱེད་ཅག་གིས་རྨད་བྱུང་རླབས་ཆེན་གྱི་མཛད་བཟང་ཁུར་ཆེན་པོ་དེ་རེ་ཞིག་ངལ་གསོ་རྒན་པོའི་ཕྲག་ཏུ་བཞག་སྟེ། ཉི་མ་དང་བར་ཐག་ཤིན་ཏུ་ཉེ་བའི་མཐོ་སྒང་གི་མཐོ་སྒང་། རླུང་དང་གྲང་ངར་གྱི་ཡུལ་གྲུ། རྒྱ་མཚོ་དང་བར་ཐག་ཤིན་ཏུ་རིང་ཞིང་འགྲོ་བ་གྲངས་མེད་པ་ཞིག་རྒྱུ་བ་དང་གནས་པ་དཀའ་བའི་གོ་ལའི་ཡང་རྩེ་ན་གནས་པའི་རྫ་སེར་ཤུལ་དགོན་སྡེ་ཟུང་གི་སླད་མེད་དྭངས་གཙང་གི་རེ་བ་དེ། བརྗེད་བོར་གྱི་གཡང་དུ་མ་བསྐྱལ་བར་བགྲོད་པར་དཀའ་བའི་ལམ་འཕྲང་ཆུ་གསུམ་གང་ལའང་འཇིགས་པ་མེད་པར་ཞལ་གྱི་པད་མོ་འཛུམ་གྱིས་བཀང་དེ་ལེ་དབར་བརྒྱ་ཕྲག་མང་པོ་རེ་རེ་ནས་བརྒལ་ཏེ། རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོའི་རབ་གནས་མཛད་སྒོར་ཕེབས་པ་ལ། ངས་དེ་རིང་ལུས་མགོ་བོ་བཏུད། ལག་ཐལ་མོར་སྦྱར། སྙིང་ཁོང་རུས་པའི་གཏིང་ནས་སྡེ་དགོན་ཡོངས་ཀྱི་ཚབ་བྱས་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་བ་ཡིན། འདི་ན་གསེར་མདོག་ཅོ་པན་འཆང་བའི་རང་ལུགས་དྲི་མ་མེད་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱེད་པོ་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གིས་བསྟན་འགྲོའི་དོན་ཆེན་མོ་ཁུར་དུ་བཞེས་པའི་ཚུལ་ཇི་བཞིན་སུས་ཀྱང་བརྗོད་པར་མི་ནུས་ལ། འོན་ཀྱང་དེ་རིང་བཀྲ་ཤིས་སྒོ་བརྒྱ་འབྱེད་པའི་དུས་བཟང་འདིར། བསླུ་མེད་མཆོག་གསུམ་མར་མེ་ཕྱག་མཆོད་དང་། ། གསུང་རབ་མཆོད་རྟེན་གཙུག་ལག་གསར་དུ་བཞེངས། །རྨོང་མུན་སེལ་ཞིང་བསྟན་པ་འཛིན་སྐྱོང་སྤེལ། ། འདི་དག་རྒྱལ་པ་དགྱེས་པའི་མཆོད་སྤྲིན་ཡིན། །ཞེས་ཚིགས་སུ་བཅད་པ་གཅིག་གི་དོན་ལྟར་ལྷག་བསམ་འོ་མཚོ་འཁྱིལ་བའི་ཁྱེད་ཅག་གི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་དམིགས་ཏེ་ཅུང་ཟད་ཞུ་ན། དེ་ཡང་གྲུབ་ཆེན་རྡོ་རྗེ་བདུད་འདུལ་གྱི་གཏེར་ལུང་ལས། དུས་གཡུ་འབྲུག་སྔོན་མོས་བདག་བྱས་ཏེ། །དཔལ་གསེར་མདོག་ཅན་གྱི་རྫིང་བུ་འཁྱིལ། །རི་མཐོ་པོ་རྩེ་ཡི་ཉི་མ་དེ། །མཚོ་ཆེན་མོར་གཟུགས་བརྙན་ལན་གྲངས་འཆར། །ཞེས་ལུང་བསྟན་པ་ལྟར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཉམ་མེད་ཙོང་ཁ་བ་ཆེན་མོའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་གི་ཡ་གྱལ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་སྐུ་སྐྱེ་རུ་གྲགས་པ་རྒྱལ་སྲས་ཀུན་ཏུ་བཟང་པོ་བཀའ་བཅུ་བློ་བཟང་ཆོས་དར་གྱིས་ཆགས་བཏབ། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་སོགས་དམ་པ་དུ་མའི་བཀའ་ལུང་ཇི་བཞིན།རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་མཆོག་ཉིད་རིམ་གྱིས་དབུས་ནས་མདོ་ཁམས་ཀྱི་ཕྱོགས་སུ་ཕེབས་ཏེ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་བསྟན་པའི་བདག་པོ་ཁུར་བཞེས་ཤིང་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་དང་། གསང་སྔགས་རྒྱུད་པ་གྲྭ་ཚང་གཉིས་གསར་དུ་བཙུགས། དབུས་ཀྱི་གདན་ས་ཆེན་མོ་ལྟར་དམ་ཆོས་འདུལ་བ་དང་ཟུང་དུ་འབྲེལ་བའི་བཅའ་ཡིག་དང་སྒྲིག་ཁྲིམས་གསར་དུ་བཙུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་འཆད་ཉན་བཙུགས་པས་མཁས་པའི་དབང་པོ་སྦྲ་ཆེན་བློ་བཟང་ཕུན་ཚོགས་སོགས་ལུང་རྟོགས་གང་འཐད་ནས་མཉམ་མེད་སྟོན་པ་མཆོག་གི་འཁོར་གྱི་དགྲ་བཅོམ་ཚོགས་ལ་ཅོ་འདྲི་བའི་མཁས་མང་གསེར་རིའི་ཕྲེང་བ་ཞིག་བྱོན་ལ། ཕྱིས་སུ་རིག་གསར་སྐབས་དགོན་འདིའི་ཕྱི་ནང་གི་རྟེན་བརྟེན་པ་དང་བཅས་པར་ཉམས་ཆག་ཚད་མེད་བྱུང་ན་ཡང་། དགོན་འདིའི་བསྟན་བདག་སྨན་ཤུལ་ཨེར་ཏི་ནི་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་དང་། ཁྲི་རབས་སོ་བརྒྱད་པ་ཨ་ཤུལ་བླ་མ་བློ་བཟང་བཀྲ་ཤིས། མཚན་མཆོག་བརྗོད་པ་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་དབང་པོ་སོགས་བརྟན་མཁས་ཡོན་ཏན་གཉིས་དང་ལྡན་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་། འཕགས་ཡུལ་གནས་བརྟན་དག་གི་མཛད་རྣམ་བདག་གིར་བཞེས་པའི་གྲྭ་རྒན་པ་རྣམས་ཀྱིས་རྨད་བྱུང་སྙིང་སྟོབས་ཆེན་པོས་རྒྱལ་བསྟན་ནོར་བུ་རིན་པོ་ཆེ། ལྗང་ལྗིན་མཚོ་ཆེན་མོར་བྱིང་བ་དེ། སླད་ཡང་རི་རབ་ལྷུན་པོའི་ཅོ་པན་དུ་ཕུལ་ཏེ་རྒྱལ་བསྟན་ནོར་བུའི་འོད་སྣང་ཕྱོགས་བཅུར་ཕྲོགས་པར་མཛད། ད་ལམ་གོང་རིམ་རིམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མཐོ་རིམ་ནང་བསྟན་སློབ་གླིང་དང་། གསོ་རིག་འགྲོ་ཕན་གྲྭ་ཚང་གཉིས་གསར་དུ་བཙུགས་ཏེ།མདོ་དབུས་ཁམས་གསུམ་གྱི་དགོན་ཁག་སུམ་བརྒྱ་ལྷག་གི་སློབ་གཉེར་བ་སྟོང་གསུམ་ལ་ཉེ་བ་ཞིག་གིས་རྨད་བྱུང་ཐུགས་མཐུན་ཁྲིམས་གཙང་གྲོགས་དང་བཅས་ཤིང་། མདོ་སྔགས་རིགས་པའི་ཐང་ཆེན་ལ། ཐོས་བསམ་སྒོམ་པའི་ཅང་ཤེས་ལ་ཞོན་ཏེ་ཉིན་མཚན་འཁོར་ཡུག་ཏུ་སྤྱོད་པའི་དན་རྟགས་སུ། ད་ལྟ་ཆོས་སྡེ་འདིར་ཕར་ཕྱིན་རབ་འབྱམས་པ་དང་། དབུ་མ་རབ་འབྱམས་པ། ཚད་མ་རབ་འབྱམས་པ། ལྷ་རམས་ཀྱི་རྒྱུགས་སྤྲོད་དང་ཕྱག་ཁྱེར་འབུལ་བ་སོགས་གདན་ས་ཆེན་མོ་གསུམ་གྱི་ཕྱག་བཞེས་ལྟར་འགྲོ་ཐུབ་པ་ཞིག་བྱུང་ཡོད། དེ་དག་ནི་ཆོས་སྡེ་འདིས་རྒྱལ་བསྟན་རིན་པོ་ཆེ་ལ་སྲི་ཞུ་གནང་ཚུལ་མདོར་ཙམ་ཞུས་པ་ལགས། དེང་གི་ཆར་གཙུག་ལག་ཁང་འདིའི་ཕྱིའི་བཟོ་བཀོད་ཕུན་སུམ་ཚོགས་པ་མཎྜལ་ཚོམ་བུ་སོ་བདུན་ལྟར་བཞེངས་ཤིང་། ནང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ཁྲི་ཕྲག་བཞུགས་པའི་ངོ་མཚར་ཅན་གྱི་དཀྱིལ་འཁོར་ཆེན་པོ་འདི་ཉིད། དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་བསགས་སྦྱང་སྤེལ་གསུམ་བྱེད་སའི་ཞིང་ས་ཁྱད་པར་ཅན་ཞིག་ཏུ་བསྐྲུན་པ་དང་། གཙུག་ལག་ཁང་འདི་དག་གི་རྟེན་བརྟན་པ་བཅས་བཞེངས་བརྩོན་གྱི་བྱ་བའི་བརྒྱུད་རིམ་ཁྲོད་དངོས་སུ་རོགས་རམ་གནང་མཁན་གཙོ་བོ་གཉེར་བ་བྱམས་པ་ཚེ་རིང་དང་། ཐུབ་དགེ་བསྟན་རྒྱ་གཙོས་གངས་རྒྱན་སྤྱི་ལས་ཁང་གི་ལས་བྱེད་པ་ཡོངས་དང་། དགོན་པ་གཞུང་ལས་ཁང་། པཎ་ཆེན་སྤྱི་ལས་ཁང་། སྨན་ཤུལ་དགེ་རྩ་ཚོགས་པ་སོགས་གཞང་ཁག་སོ་སོའི་ལས་བྱེད་པ་ཡོངས་ཀྱིས་ལོ་གྲངས་མང་པོའི་རིང་ལ་ཉིན་གྱི་ཟས་དང་། མཚན་གྱི་གཉིད་ཀྱང་ཆགས་ནས་རྒྱལ་སྲས་སེམས་དཔའ་དག་གིས་ཀྱང་བཟོད་པ་དཀའ་བའི་ཉིན་མཚན་འཁོར་མོ་ཡུག་ཏུ་འབད་རྩོལ་ལྷོད་མེད་བྱས་པའི་བཀའ་དྲིན་དང་། མ་ཟད་སེར་ཤུལ་སྡེ་འབངས་ཡོངས་ཀྱིས་ཀྱང་རང་རང་གི་འབྱོར་འཁོས་དང་བསྟུན་ནས་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་མཐུན་རྐྱེན་རྒྱབ་སྐྱོར་དང་། དེ་བཞིན་ཀོན་ཏོང་ཞིང་ཆེན་གཙོ་བོར་གྱུར་བའི་རྒྱའི་ཡུལ་གྲུ་མང་པོ་ཞིག་ན་གནས་པའི་བསྟན་པའི་སྦྱིན་བདག་ཡོངས་ཀྱིས་རོགས་རམ་རྒྱ་ཆེན་གནང་བ་ལ་བརྟེན་ནས་ད་ལམ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོ་དང་། མཐོ་རིམ་ནང་བསྟན་སློབ་གླིང་གི་འདུ་ཁང་། སྨན་ཤུལ་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་། ཁམས་ཚན་ལྔའི་འདུ་ཁང་། སྒྲོལ་མའི་ལྷ་ཁང་རྣམས་ཀྱི་རྟེན་བརྟེན་པ་བཅས་ལེགས་འགྲུབ་བྱུང་ནས་བཀྲ་ཤིས་དུས་སྟོན་རོལ་བའི་རབ་གནས་ཀྱི་མཛད་སྒོ་མངོན་དུ་གྱུར་བ་འདི་ལེགས་སོ། །མཐའ་དོན་འདི་དག་གི་ཐོག་མའི་ཀུན་སློང་བཞེང་འདོད་དགེ་བ། བར་དུ་བཞེང་སྐབས་དངོས་གཞིའི་དགེ་བ། མཐའ་མ་བསྔོ་བ་མཇུག་གི་དགེ་བ་སོགས་ཅུང་ཟད་ཀྱང་ལུས་པ་མེད་པར་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། ཀུན་སློང་སེམས་ཀྱི་འབྲེལ་ཐོག དཀའ་ཚེག་ལུས་ཀྱི་འབྲེལ་ཐོག བཟང་ངན་ངག་གི་འབྲེལ་ཐོག དངོས་པོ་ནོར་གྱི་འབྲེལ་ཐོག་སོགས་དངོས་སུ་འབྲེལ་ཐོག་པ་རྣམས་དང་། འདི་ལ་དགའ་བ་སྒོམ་པ་དང་ཕྲག་དོག་དང་འགྲན་སེམས་སྐྱེས་པ། རང་གར་གནམ་ལ་འཕུར་ཞིང་།ས་ལ་རྒྱུ་བའི་སྐྱེ་འགྲོ་མཆོག་དམན་གང་གི་མིག་གིས་མཐོང་བ། རྣ་བས་ཐོས་པ། ཡིད་ཀྱི་ཡུལ་དུ་གྱུར་བ་ཐམས་ཅད་དང་། གཞན་ཡང་འདིའི་རླུང་དང་གྲིབ་མ་ཕོག་པའི་སྐྱེ་འགྲོ་ཡོངས་ལ་འཁོར་བ་མཐའ་ཅན་དུ་གྱུར་བའི་ཐར་བའི་ས་བོན་ཁྱད་པར་ཅན་འཇོག་པ་དང་།འདིའི་རྐྱེན་གྱིས་བཀོལ་སྤྱོད་དང་བརྡེག་པ་ཤི་བ་སོགས་གནོད་པར་གྱུར་བ་གང་མཆིས་སོགས།མདོར་ན་བཟང་ངན་གཉིས་ཀྱི་འབྲེལ་ཐོག་པ་དང་འབྲེལ་བ་འཇོག་དགོས་སྙམ་ཡང་འབྲེལ་བ་མ་ཞོག་པའི་སྐྱེ་འགྲོ་ཡོད་དོ་ཅོག་ད་ནས་བཟུང་སྟེ་མི་ཁོམ་ངན་སོང་གནས་སུ་ནམ་ཡང་མི་སྐྱེས་ཤིང་། དལ་འབྱོར་ཚང་བའི་རྟེན་བཟང་རིམ་པར་བརྒྱུད་དེ། སྐུ་བཞིའི་གོ་འཕང་མྱུར་བ་མྱུར་དུ་འཐོབ་པ་དང་། རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་ས་ཆེན་པོ་མ་སྟོང་གི་བར་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཡོ་དོ་ཅོག་གི་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཞིང་།མཛད་འཕྲིན་འོད་སྣང་དཀར་པོས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་།ཡངས་བའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་མི་མཐུན་པའི་རྐྱེན་ངན་ཐམས་ཅད་མྱུར་དུ་ཞི་ནས་བདེ་སྐྱིད་རྫོགས་ལྡན་དཔལ་ལ་མྱུར་དུ་སྤྱོད་པ་འགྱུར་བ་དང་། མཇུག་མཐར། འདིར་ཕེབས་པའི་གོང་རིམ་གྱི་ལས་བྱེད་ཡོད་དོ་ཅོག་གི་ཚེ་རིང་ཞིང་ནད་མེད་པ་དང་། བྱ་བ་ཐམས་ཅད་བསམ་དོན་ལྟར་འགྲུབ་པ་དང་།སྟོབས་འབྱོར་དབང་རླུང་སྙན་གྲགས་དབྱར་གྱི་མཚོ་བཞིན་རྒྱས་པ་དང་། བླ་སྤྲུལ་དགེ་བའི་བཤེས་གཉེན་དང་དགེ་འདུན་འདུས་པ་རྒྱ་མཚོས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་གེགས་བར་ཆད་མིང་ཙམ་མེད་པ་དང་། མཛད་པ་དང་འཕྲིན་ལས་ཐམས་ཅད་ཡར་གྱི་ཟླ་བ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱང་ཚེ་འདིར་མི་འདོད་ཉེར་འཚེ་ཐམས་ཅད་མྱུར་དུ་ཞི་ནས། ཚེ་བསོད་འབྱོར་བ་ཐམས་ཅད་ལྷ་ཡི་དཔལ་ལ་འགྲན་པ་དང་། ཕྱི་མ་ཡང་བདེ་ཆེན་དག་པའི་ཁང་བཟང་དུ་བགྲོད་དེ་མྱུར་བ་མྱུར་དུ་རྒྱལ་བའི་གོ་འཕང་འཐོབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །dEfརྗེ་ཙོང་ཁ་པའི་དྲ་བ།

ད་ནས་ནོར་འཛིན་བུ་མོ་སྒེག་ལྡན་མ། །dEfརྗེ་ཙོང་ཁ་པའི་དྲ་བ།
ཆུ་གཏེར་སྐ་རགས་མ་ལྷོད་དེ་སྲིད་དུ། །dEfརྗེ་ཙོང་ཁ་པའི་དྲ་བ།
རྨད་བྱུང་གཙུག་ལག་རྟེན་དང་བརྟེན་པ་འདི། །dEfརྗེ་ཙོང་ཁ་པའི་དྲ་བ།
འགྲོ་བའི་བསོད་ནམས་ཞིང་དུ་གནས་གྱུར་ཅིག །dEfརྗེ་ཙོང་ཁ་པའི་དྲ་བ།
མགྲོན་ལ་བཀྲ་ཤིས་ཚེ་བསོད་རླུང་རྟ་རྒྱས། །dEfརྗེ་ཙོང་ཁ་པའི་དྲ་བ།
གཞིས་ལ་བཀྲ་ཤིས་སྟོབས་འབྱོར་གཡང་དུ་འཁྱིལ། །dEfརྗེ་ཙོང་ཁ་པའི་དྲ་བ།
ཀུན་ལ་བཀྲ་ཤིས་ཆོས་ཀྱིས་ཡུན་རིང་འཚོ། །dEfརྗེ་ཙོང་ཁ་པའི་དྲ་བ།
བཀྲ་ཤིས་ཆེན་པོས་འཇིག་རྟེན་མཛེས་གྱུར་ཅིག །dEfརྗེ་ཙོང་ཁ་པའི་དྲ་བ།

༢༠༡༤ལོའིཟླ༧པའི་ཚེས༣༡ལ།dEfརྗེ་ཙོང་ཁ་པའི་དྲ་བ།

 dEfརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K