མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-03-30 16:54:34     རྩོམ་པ་པོ།   སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།
ཆེད་བརྗོད།
 
གཞུང་ཆེན་བཀའ་པོད་ལྔ་པོའི་སྒོ་འབྱེད་ཀྱི་ལྡེ་མིག །
གཞལ་བྱ་མངོན་ལྐོག་གཉིས་པོ་འཇལ་བྱེད་ཀྱི་ཚད་མ།
སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་གཞུང་ལུགས།
ལུང་རྟོགས་བསྟན་ལ་ཡིད་ཆེས་སྐྱེད་བྱེད་ཀྱི་གཏན་ཚིགས།
 
ཚད་མའི་སྟོན་པ་ཆེན་པོ་ཆ་པ་ཡི་རིགས་ལམ། །
མདོ་སྔགས་གཞུང་བརྒྱའི་གནད་དོན་ཕྲ་ཞིབ་ཀྱིས་འབྱེད་བྱེད།
དུས་ཀྱི་མཐར་ཡང་ལུང་རྟོགས་བསྟན་པ་ཡི་ཚངས་ཐིག
བླང་དོར་ཀུན་ལ་རྨོངས་མུན་སེལ་བྱེད་ཀྱི་ཉི་མ། །
 
མདོ་ཀླུང་རྫ་བརྒྱུད་རིང་མོའི་གཞུར་རྒྱུན་དང་འགྲོགས་ཏེ། །
མདོ་ཁམས་འཇང་དགུན་ཆོས་ཚོགས་གཏན་ཚུགས་ཀྱི་ནུས་པས།
མདོ་ཁམས་ཕྱོགས་ནས་ཆོས་དང་རིག་གཞུང་གི་འོད་སྣང་། །
མདོ་དབུས་ཀུན་ལ་ཕྱོགས་མེད་འཕྲོ་བ་འདི་རྨད་བྱུང་། །
 
མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དབུ་ཚུགས་ནས་ལོ་ངོ་༡༣ སོང་བའི་ངོ་སྤྲོད་བརྙན་དེབ་ཀྱི་ཆེད་བརྗོད་དུ། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་འཕྲལ་དུ་ཕུལ།
 
སྐབས་བཞི་པའི་རྒྱུན་ལས་ལྷན་ཚོགས།
 
ཚོགས་གཙོ།  སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས།
ཚོགས་གཞོན། སེར་བྱེས་དགེ་བཤེས་བསོད་ནམས་བློ་བཟང་།
          སེར་བྱེས་དགེ་བཤེས་ཡོན་ཏན་རྒྱ་མཚོ།
          འབུམ་རྙིང་རྒན་ཚུལ་ཁྲིམས།
          མང་དགེ་རྒན་དཔལ་འབྱོར་བསོད་ནམས།
 
དཀར་ཆག
༡༽ ཆེད་བརྗོད།
༢༽ རིས་མེད་ཆོས་སྡེ་ཁག་ལ་འཇང་དགུན་ཆོས་ཀྱི་བརྡ་ཐོ།
༣༽ མདོ་ཁམས་འཇང་དགུན་ཆོས་ཀྱི་སྒྲིག་གཞི།
 
༄༅། །མདོ་སྔགས་བསྟན་པའི་མཛེས་རྒྱན་རིས་མེད་ཆོས་སྡེ་ཁག་གི་བླ་ལས་ལྷན་རྒྱས་ཀྱི་ཞབས་པད་མངོན་མཐོའི་ཁྲིའི་དྲུང་དུ།
 
ཆེད་གསོལ།
 
        མདོ་ཁམས་འཇང་དགུན་ཆོས་ཚོགས་ཆེན་མོ་ཞེས་བོད་ཁམས་ཡོངས་སུ་གྲགས་པའི་རྩོད་གྲྭ་ཆེན་མོ་དེ། འདི་ལོར་མདོ་ཁམས་རྫ་ཆུ་ཁ་ཀ་བཞི་དགོན་རྨད་བྱུང་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་དུ་འཚོགས་རྒྱུ་ཡིན་པས། ཁྱེད་རྣམ་པའི་དགོན་པའི་དགེ་འདུན་པ་ཆོས་ཚོགས་འདིའི་རྩོད་གྲྭ་དང་རྒྱུགས་སྤྲོད་ལ་ཞུགས་ཐུབ་པ་གང་མང་ཞིག་དགེ་འདུན་སྟོང་ཕྲག་ལྷག་གི་དབུས་སུ་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་ལྷག་པར་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་རྩོད་པའི་བརྡར་ཤ་གཅོད་པའི་ཆེད་དུ་ཆོས་ཚོགས་འདིར་མཉམ་ཞུགས་གནང་ཐུབ་པའི་རེ་བསྐུལ་ཞུ་རྒྱུ་ཡིན།
༡༽འདིར་ཞུགས་པ་ལ། སློབ་གཉེར་བ་རང་ཉིད་ཀྱིས་མ་མཐའ་ཡང་བསྡུས་ཆུང་ནས་སེལ་འཇུག་སྒྲུབ་འཇུག་བར་བསྡུས་གྲྭ་ཁག་གསུམ་གྱི་རྩོད་རྒྱུགས་ངེས་པར་གནང་ཐུབ་ངེས་དགོས། དེའི་ཡན་དུ་རྣམ་འགྲེལ་གྱི་འཛིན་གྲྭ་གང་དུ་ཞུགས་ཐུབ་ཀྱང་ཞུགས་ཆོག་པ་ཡིན།
༢༽ ཡར་འཚོགས་ཉིན་ཐོ་འགོད་བྱེད་པའི་སྐབས་སུ་ངེས་པར་ཕེབས་ཐུབ་ངེས་དགོས། དེ་མ་ཐུབ་ན་ལོ་དེ་ལ་མདོ་ཁམས་འཇང་དགུན་ཆོས་ལ་ཞུགས་པའི་གོ་སྐབས་མེད་པས་དུས་ཚོད་དམ་འཛིན་གནང་རོགས།
༣༽ ཆོས་ཚོགས་འདིར་ཞུགས་འདོད་པའི་དགེ་འདུན་པ་སུ་ཞིག་ཡིན་ཡང་རང་རང་གི་དགོན་པའི་ངོས་སྦྱོར་དང་སྦྲགས་དགོན་པ་རང་གི་ཆོས་ཐོག་རྒན་པ་གཅིག་གིས་འགན་ལེན་གནང་སྟེ་མདོ་ཁམས་འཇང་དགུན་ཆོས་རྒྱུན་ལས་ལྷན་ཚོགས་ལ་ཐོ་འགོད་གནང་ནས་བྲང་རྟགས་བཞེས་རོགས།
༤༽ སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་སྒྲིག་ཡིག་ཁ་གསལ་ཟུར་འབུལ་ཞུས་པ་ལྟར་ཡིན་པས་དེ་ལུགས་ཞིབ་གཟིགས་གནང་སྟེ། དགོན་པ་རང་རང་གི་ཆོས་ཐོག་རྒན་པས་མགོ་ཁྲིད་དེ་ཆོས་ཚོགས་འཚོགས་པའི་རིང་སྒྲིག་འགལ་གྱི་རིགས་གང་ཡང་མི་ཡོང་བའི་འགན་ལེན་གནང་རོགས་ཞུ་རྒྱུ་བཅས་སོ། །
 
མདོ་ཁམས་འཇང་དགུན་ཆོས་ཀྱི་སྒྲིག་ཡིག
 
འཇང་དགུན་ཆོས་ཀྱི་བྱུང་རབས་མདོར་བསྡུས།
 
        བཤད་སྒྲུབ་བསྟན་པའི་འབྱུང་གནས་གདན་ས་ཆེན་པོ་གསུམ་སོགས་ཀྱི་ཕྱག་སྲོལ་འཇང་དགུན་ཆོས་ཞེས་པའི་ཆོས་ཐོག་འདིའི་ངོ་སྤྲོད་རགས་པ་ཙམ་ནི། དེ་ཡང་གྲོང་ཁྱེར་ལྷ་སའི་ནུབ་ཕྱོགས་ཆུ་ཤུར་རྫོང་ཁོངས་འཇང་གྲོང་ཚོའི་ཕུར་འཇང་དགོན་པ་ཞེས་པ་ཞིག་ཡོད་པ་དེ་ནི་ལོ་རྒྱུས་རིང་ལ་གྲགས་ཆེ་བ་ཞིག་ཡིན། དགོན་གནས་དེ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རླབས་པའི་གནས་ཤིག་ཡིན་པར་གྲགས་ཤིང་། དགོན་པ་དེ་ཕྱག་འདེབས་མཛད་པོ་ནི་འཇམ་དབྱངས་མངོན་མཁྱེན་པའམ་འཇང་ཕུ་མངོན་མཁྱེན་པ་ཞུ། ཕལ་ཆེར་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་གོང་ཙམ་ལ་ཡིན་ཟེར། འཇང་དགོན་པར་ཚོགས་ཆེན་འདུ་ཁང་དང་། སྙེ་ཐང་རྭ་སྟོད་དགོན་གྱི་ཁང་ཚན་སོ་སོའི་སྤྱི་ཁང་། འབྲས་སྤུངས་བློ་གསལ་གླིང་དང་། བྱེས་མཁས་སྙན་གྲྭ་ཚང་། འབྲས་སྤུངས་སྒོ་མང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། དགའ་ལྡན་ཤར་རྩེ་དང་། བྱང་རྩེ་སོགས་གྲྭ་ཚང་སོ་སོའི་སྤྱི་ཁང་དང་། ཁང་ཚན་ཁག་གཅིག་གི་སྤྱི་ཁང་ཡོད། སྔོན་ཆད་དེ་གར་ལོ་ལྟར་བོད་ཟླ་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་འཇང་དགུན་ཆོས་ཞེས་སེ་འབྲས་དགའ་གསུམ་དང་། སྙེ་ཐང་རྭ་སྟོད། འོན་མངའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་ཙམ་ཡོད་པའི་དབུས་ཁུལ་གྱི་དགོན་སྡེ་ཁག་གཅིག་གི་དགེ་འདུན་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མ་རྣམ་འགྲེལ་ལ་བརྒལ་བརྟག་གསན་བཞེས་རྒྱ་ཆེན་པོ་མཛད་སྲོལ་ཡོད། དེའི་རིང་ཚོགས་ཆེན་དུ་གཏོང་སྒོ་གཏོང་རྒྱུ་དང་། སྒྲིག་ལམ་གནོན་རྒྱུ། ཆོས་ཕྱོགས་བྱེད་སྒོའི་གཙོ་འགན་འཁུར་རྒྱུ་སོགས་སྙེ་ཐང་རྭ་སྟོད་ཀྱིས་གཙོ་གཉེར་བྱེད་ཀྱི་ཡོད་པ་རེད། སྐབས་དེར་ནམ་དུས་གྲང་ངར་ཆེ་བ་དང་། ཆ་རྐྱེན་ཞན་པ་སོགས་ལ་བརྟེན་ནས་ཆོས་ལུགས་ལ་སྦྱང་བརྩོན་རྣམ་དག་གནང་མཁན་མ་གཏོགས་གྲྭ་པ་གང་བྱུང་ཕེབས་སྲོལ་མེད་ཐོག་དཀའ་ངལ་ཡང་བཟོད་དཀའ་བས་གཙང་པའི་ཁ་དཔེ་ལ། འཇང་དགུན་ཆོས་ལ་སླེབས་འདུག་ཟེར་ན་བདག་སྨྱོ་བའི་རྟགས་རེད་ཅེས་ཤོད་སྲོལ་ཡོད་པར་གྲགས། དགུན་དུས་ཀྱི་ཆོས་ཐོག་དེར་འཇང་དགུན་ཆོས་ཞེས་ཚོགས་ཡུལ་གྱི་ས་མིང་གིས་བཏགས་པ་དང་། འཇམ་དབྱངས་དགུན་ཆོས་ཞེས་འཇམ་པའི་དབྱངས་ཀྱི་བླ་རྡོ་ཡོད་པའི་ཆོས་ར་ཞིག་ཡོད་པ་དེས་མིང་གིས་བཏགས་པ་རེད་ཅེས་བཤད་སྲོལ་ཡང་འདུག སྐབས་དེ་དུས་ཉིན་རེ་ཚོགས་ཆེན་དུ་སྔ་ཇ་དང་། གུང་ཚིགས། གྲྭ་ཁང་སོ་སོར་གྲྭ་ཇ་དང་། དཔེ་ཁྲིད་སོགས་འཚོགས་རྒྱུ་ཡོད་པ་དང་། ཚོགས་ཆེན་གྱི་ཆོས་ར་དང་། རྡོ་གཅལ། གྲྭ་ཁང་སོ་སོའི་ར་སྐོར་བཅས་ལ་དམ་བཅའ་དང་རྩོད་པ་ཚུགས་ཀྱི་ཡོད་པ་རེད། ད་དུང་གྲྭ་ཚང་ཕན་ཚུན་བར་དགོང་མོའི་དམ་བཅའ་བཞག་ཏེ་རྩོད་པ་མཛད་པ་ལ་ཐོ་ཆོས་དམ་བཅའ་དང་། མཚན་གང་རྩོད་པ་བྱེད་པའི་དམ་བཅའ་བཞག་པས་མཚན་ཕུད་དམ་བཅའ་དང་། མཚན་མོའི་དམ་བཅའ་སོགས་འཚོགས་ཀྱི་ཡོད་པ་རེད། དེ་ལྟར་ཉིན་རེའི་ཚོགས་དང་ཆོས་ར་འགྲིམ་པ་ཕུད། དེར་ཕེབས་པའི་དགེ་འདུན་པ་རྣམས་ཀྱིས་མཚན་མོ་ཕྱི་པོའི་བར་འཇང་ཆོས་རའི་རྡོ་གཅལ་གྱི་དཀྱིལ་དུ་ས་ངེས་མེད་ལ་ཕྱག་འཚལ་གྱི་ཡོད་པ་ནི་རྡོ་གཅལ་གྱི་འོག་ཏུ་འཇམ་དབྱངས་ཀྱི་བླ་རྡོ་ཞིག་ཕར་ཚུར་རྒྱུག་བཞིན་ཡོད་པས་ཕྱག་འཚལ་མཁན་གྱི་སྙིང་ཁ་དང་རྡོ་དེ་ཐད་ཀར་ཐུག་པ་ཡིན་ན་ཤེས་རབ་འཕེལ་ཞིང་རྣམ་འགྲེལ་ལ་མཁས་པ་ཆགས་ཀྱི་ཡོད་པར་གྲགས།
        དགོན་པ་དེར་རྟེན་གཙོ་ཇོ་བོ་སྲིད་ཞིའི་རྒྱན་གཅིག་ཅེས་སྐུ་རྒྱུ་ལི་མ་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་མི་ཚད་མ་སེང་ཁྲི་རྒྱབ་ཡོལ་གསེར་ཟངས་ལས་གྲུབ་པ་དང་། འཇམ་དབྱངས་མངོན་མཁྱེན་པ། བསྟན་སྲུང་མགོན་པོ་ཕྱག་དྲུག་སོགས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་སོགས་གསུང་རྟེན་གླེགས་བམ། ཐུགས་རྟེན་མཆོད་རྟེན་མང་པོ་སོགས་སྐུ་གསུང་ཐུགས་རྟེན་དུ་མ་བཞུགས། ད་ལྟ་ཡང་ཕྱིའི་འདུ་ཁང་སོགས་ལ་ཉམས་གསོ་དང་། ནང་གི་རྟེན་གསུམ་གསར་བཞེངས་རྭ་སྟོད་དགོན་ནས་དོ་དམ་ཐོག དགུན་ཁར་གདན་ས་གསུམ་སོགས་ནས་ཕེབས་པའི་དགེ་འདུན་པ་རྣམས་ཀྱིས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཀྱང་ཉིན་ཉེར་དྲུག་ཙམ་རེ་ཚུགས་བཞིན་པ་བཅས་སོ། །
        གོང་གསལ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་ཚོགས་ཆེན་པོ་དེའི་འཆད་ཉན་ཕྱག་སྲོལ་བཟང་པོ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཐབས་སུ་དམིགས་ནས་མདོ་སྟོད་སྨད་སོགས་ཀྱི་དགོན་པ་མང་པོར་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་གསར་འཛུགས་ཀྱིས་འཇང་དགུན་ཆོས་ཀྱི་མཚན་གསོལ་བྱས་དང་བྱེད་བཞིན་པའི་སྐབས་སུ། མདོ་ཁམས་རྫ་ཆུ་ཁ་དབོན་པོ་དགོན་པའི་ཁྲི་བ་བསྟན་འཛིན་གྲགས་པ་དང་། རྒན་དགྲ་ལྷ་སོགས་ཀྱིས་སྐུ་ངལ་ཚད་མེད་ཀྱིས་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཞེས་པའི་ཆོས་ཚོགས་འདི་གསར་འཛུགས་ཀྱིས་ཐེངས་དང་པོ་སྤྱི་ལོ༡༩༩༩ ལོར་དབོན་པོ་དགོན་དུ་འཚོགས་པ་དང་། དེ་ནས་སེར་ཤུལ་ཁྲི་པ་ཐུབ་བསྟན་སྙན་གྲགས་ཆོས་ཀྱིས་རྒྱལ་མཚན་གྱིས་ཁོང་རྣམ་པའི་མཛད་རྗེས་ལ་ཡི་རང་དང་རྒྱབ་སྐྱོར་གྱིས་ཐེངས་གཉིས་པ་སྤྱི་ལོ༢༠༠༠ལོར་སེར་ཤུལ་དགོན་དུ་འཚོགས། དེ་ནས་ཐེངས་གསུམ་པ་སྤྱི་ལོ༢༠༠༡ལོར་མཁར་ནང་དགོན། ཐེངས་བཞི་པ་སྤྱི་ལོ༢༠༠༢ལོར་འབུམ་རྙིང་དུ་འཚོགས་སྐབས་སུ་དོ་དམ་ཚོགས་པ་གསར་བསྐོས་ཀྱིས་ཚོགས་གཙོ་སེར་ཤུལ་ཁྲི་ཟུར་རིན་པོ་ཆེ་དང་། ཚོགས་གཞོན་མཁར་ནང་དགེ་བཤེས་བློ་བཟང་ཡར་རྒྱས། བོ་རོད་ཁྲི་པ་ཨ་སྤྲུལ་རིན་པོ་ཆེ། ཀ་བཞི་རྒན་བསོད་ནམས་བཀྲ་ཤིས། དབོན་པོ་རྒན་དགྲ་ལྷ། དབོན་པོའི་ཁྲི་པ་བསྟན་འཛིན་གྲགས་པ་བཅས་འཇང་དགུན་ཆོས་སྐབས་དང་པོའི་ཚོགས་གཞོན་རྣམས་བསྐོ་བཞག་བྱས། ཐེངས་ལྔ་པ་སྤྱི་ལོ༢༠༠༣ལོར་བོ་རོད་དགོན། ཐེངས་དྲུག་པ་སྤྱི་ལོ༢༠༠༤ལོར་ཟིལ་དཀར་དགོན། ཐེངས་བདུན་པ་སྤྱི་ལོ༢༠༠༥ལོར་འབུམ་གསར་དགོན་དུ་འཚོགས་སྐབས་སུ་སླར་ཡང་ཚོགས་གཙོ་སེར་ཤུལ་ཁྲི་ཟུར་རིན་པོ་ཆེ་དང་། ཚོགས་གཞོན་བོ་རོད་ཨ་སྤྲུལ་རིན་པོ་ཆེ། ཀ་བཞི་རྒན་བསོད་ནམས་བཀྲ་ཤིས། དབོན་པོ་རྒན་དགྲ་ལྷ། དབོན་པོའི་ཁྲི་པ་བསྟན་འཛིན་གྲགས་པ་བཅས་མདོ་ཁམས་འཇང་དགུན་ཆོས་སྐབས་གཉིས་པའི་རྒྱུན་ལས་ཚོགས་མིར་བསྐོ་བཞག་བྱས། ཐེངས་བརྒྱད་པ་སྤྱི་ལོ༢༠༠༦ལོར་མང་དགེ་དགོན་དུ་འཚོགས་སྐབས་ཕྱོགས་ཕེབས་ཀྱི་སློབ་གཉེར་བ་ཡོངས་ཀྱིས་རྩོད་རྒྱུགས་འབུལ་དགོས་པའི་ཕྱག་བཞེས་གསར་འཛུགས་གནང་བས་ཆོས་ཚོགས་འདི་དང་དགོན་ཁག་སོ་སོའི་སློབ་གཉེར་ལ་གྲུབ་འབྲས་བླ་ལྷག་ཏུ་བྱུང་། ཐེངས་དགུ་པ་སྤྱི་ལོ༢༠༠༧ལོར་ཇོ་བོ་དགོན། ཐེངས་བཅུ་པ་སྤྱི་ལོ༢༠༠༩ལོར་འཇུ་མང་དགོན་དུ་འཚོགས་སྐབས་སུ་སླར་ཡང་ཚོགས་གཙོ་སེར་ཤུལ་ཁྲི་ཟུར་རིན་པོ་ཆེ་དང་། ཚོགས་གཞོན་སེར་བྱེས་དགེ་བཤེས་བསོད་ནམས་བཟང་པོ། སེར་བྱེས་དགེ་བཤེས་འཇམ་དཔལ་ཚེ་རིང་། སེར་བྱེས་དགེ་བཤེས་དཀོན་མཆོག་ཐོས་བསམ། སེར་ཤུལ་རྒན་བཀྲ་ཤིས་བསོད་ནམས། རེབ་གོང་རྒན་བསྟན་པ་ཆོས་འཕེལ་བཅས་འཇང་དགུན་ཆོས་སྐབས་གསུམ་པའི་ཚོགས་གཞོན་ལ་བསྐོ་བཞག་བྱས། ཐེངས་བཅུ་གཅིག་པ་སྤྱི་ལོ༢༠༡༠ལོར་སྒྲུབ་བརྒྱུད་དགོན། ཐེངས་བཅུ་གཉིས་པ་སྤྱི་ལོ༢༠༡༡ལོར་སྡེ་དགོན་དགོན། ཐེངས་བཅུ་གསུམ་པ་སྤྱི་ལོ་༢༠༡༢ལོར་ཐར་ཤུལ་དགོན་དུ་འཚོགས་སྐབས་སུ་ཚོགས་གཙོ་སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས། ཚོགས་གཞོན་སེར་བྱེས་དགེ་བཤེས་བསོད་ནམས་བློ་བཟང་། སེར་བྱེས་དགེ་བཤེས་ཡོན་ཏན་རྒྱ་མཚོ། འབུམ་རྙིང་རྒན་ཚུལ་ཁྲིམས། མང་དགེ་རྒན་དཔལ་འབྱོར་བཅས་འཇང་དགུན་ཆོས་སྐབས་བཞི་པའི་རྒྱུན་ལས་ལ་བསྐོ་བཞག་བྱས། ཐེངས་བཅུ་བཞི་པ་ཤུལ་མ་དགོན། ཐེངས་བཅོ་ལྔ་པ་ཀ་བཞི་དགོན། ཐེངས་བཅུ་དྲུག་པ་ཡུལ་ཤུལ་ཁུལ་ལབ་དགོན་པར་འཚོགས་རྒྱུ་རེད། མདོ་ཁམས་འཇང་དགུན་ཆོས་ཐོག་ཆེན་མོ་འདི་ཉིད་སྔོན་གྱི་ཚོགས་གཙོ་དང་ཚོགས་མི་རྣམ་པས་དཀའ་བ་ཁྱད་གསོད་དང་ངལ་བ་དང་ལེན་གྱིས་མེད་པ་ནས་ཡོད་པ། ཆུང་ཆུང་ནས་ཆེན་པོ་བཏང་ཞིང་། འདིར་ཞུགས་དགེ་འདུན་པ་ཡོངས་ཀྱིས་ཐོས་བསམ་སློབ་གཉེར་ཚུལ་བཞིན་དུ་བགྱིས་པའི་གཟི་བྱིན་དང་། ཚོགས་ཡུལ་དགོན་སྡེ་ཁག་གིས་གཏོང་ཕོད་ཆེན་པོས་མཐུན་འགྱུར་གནང་བ་བཅས་ཀྱིས་ད་ལྟར་བོད་གངས་ཅན་གྱི་ལྗོངས་སུ་སྤུས་ཚད་ལེགས་པ་དང་། གཞི་རྒྱ་ཆེ་ཞིང་གྲུབ་འབྲས་བཟང་བའི་ཆོས་ཚོགས་མཚན་སྙན་ཡོད་པ་ཞིག་ཆགས་ཡོད།
         འདིའི་ཁོངས་སུ་དགོན་པ་སོ་སོའི་སློབ་གཉེར་བ་འཛུལ་ཞུགས་མང་དུ་འགྲོ་བཞིན་པ་དང་ཆབས་ཅིག སློབ་གཉེར་གནང་སྲོལ་གཏན་ཁེལ་ཚགས་ཚུད་འཐུས་སྒོ་ཚང་བ་ཞིག་ཡོང་རེའི་གདན་ས་ཆེན་པོ་གསུམ་གྱི་ཕྱག་བཞེས་དང་མཐུན་པའི་སྒྲིག་ལམ་ཞིག་དགོས་གལ་ཆེ་བའི་དགོངས་ཚུལ་འཇང་དགུན་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཚོགས་འདུ་རྒྱས་འཛོམས་སྐབས་སུ་སྤྱི་མོས་གཅིག་མཐུན་བྱུང་དོན་ལྟར་གཏན་འབེབས་བྱས་པའི་སྒྲིག་གཞི་ཡིག་ཆ་གཞིར་བཞག་ཐོག་ཐེངས་བཅུ་གསུམ་པའི་སྐབས་སུ་གྲོས་ཆོད་ཐག་ཆོད་བྱུང་བ་རྣམས་ཁ་སྣོན་ཀྱིས་སྒྲིག་གཞི་ཡིག་ཆ་འདི་སྐབས་བཞི་པའི་ཚོགས་གཙོ་དང་རྒྱུན་ལས་ལྷན་འཛོམས་ཐོག་ནས་ཕྱོགས་སྒྲིག་ཞུས་པ་ཡིན། དགོན་པ་སུ་ཞིག་ནས་ཆོས་ཚོགས་འདིར་ཞུགས་ན་གཤམ་གསལ་གྱི་སྒྲིག་གཞི་ལྟར་གྱི་ཁྲིམས་ལ་བརྩི་སྲུང་དང་ལེན་བྱེད་དགོས་པ་ཡིན།
 
ལས་སྣེ་བསྐོ་བཞག་དང་འགན་ཁུར།
 
༡༽ ཚོགས་གཙོ་ནི་རིས་མེད་དགོན་སྡེ་ཁག་གི་སློབ་གཉེར་བའི་ལྷན་ཚོགས་མདོ་ཁམས་འཇང་དགུན་ཆོས་ཞེས་པའི་ཆོས་ཚོགས་ཆེན་པོ་འདིའི་ལས་གནས་མཐོ་ཤོས་དེ་ཡིན།
༢༽ ཚོགས་གཙོ་མཆོག་འཇང་དགུན་ཆོས་ཚོགས་ཡུལ་གྱི་ས་གནས་ལ་ཕེབས་སྐབས་སེར་སྦྲེང་གིས་ཕེབས་བསུ་ཞུ་དགོས།
༣༽ ཚོགས་གཙོ་མཆོག་ནས་དགུན་ཆོས་ཉིན་དང་པོར་མང་ཇའི་ཚོགས་དབུས་སུ་འཇང་དགུན་ཆོས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་བཀའ་སློབ་གནང་དགོས། ཚོགས་གཙོ་ཕེབས་མ་ཐུབ་ན་ཚོགས་གཞོན་ཞིག་གིས་གནང་དགོས།
༤༽ ཚོགས་གཙོའི་འགན་ཁུར་ནི། ཚོགས་ཡུལ་གྱི་ས་གནས་ཞིབ་གཟིགས་དང་། ཚོགས་འདུ་བསྡུ་སྐོང་གི་དབུ་ཁྲིད། རྒྱུན་ལས་རྣམས་ལ་ལས་ཀའི་བཀོད་སྒྲིག ཚོགས་པའི་ཕྱི་ནང་བར་གསུམ་གྱི་ལས་དོན་ཆེ་རིགས་ཚོགས་འདུ་ལ་སྙན་གསན་ཞུ་རྒྱུ་དང་། ཆུང་བ་ཁག་ཐག་གཅོད་གནང་རྒྱུ་སོགས་ཡིན།
༥༽ རྒྱུན་ལས་རྣམ་པའི་འགན་ཁུར་ནི། ཚོགས་གཙོའི་ཕྱག་རོགས་དང་། ཚོགས་པའི་ལས་དོན་ཁག་ཚོགས་གཙོ་ལ་སྙན་གསན་ཞུ་རྒྱུ་དང་། ཚོགས་གཙོའི་བཀའ་དང་ཚོགས་འདུའི་ཐག་གཅོད་རྣམས་འཐུས་ཤོར་མེད་པར་ས་གནས་གང་ཞིག་ཏུ་འཚོགས་ཀྱང་ཚོགས་པའི་སྒྲིག་ལམ་ཀུན་སྤྱོད་གཟིགས་སྐྱོང་སོགས་ལག་ལེན་དངོས་སུ་གནང་མཁན་ངོ་མ་དེ་ཡིན།
༦༽ ཚོགས་གཞོན་རྣམ་པས་མང་ཇ་ལ་བྲང་རྟགས་གཟིགས་ཞིབ་དང་། ཆོས་ར་ལ་ཕེབས་ཡོད་མེད་ཀྱི་ཐོ་གཤེར་སོགས་གནང་དགོས་ལ། དེ་ལ་ཆོས་ཐོག་རྒན་པ་ཁག་གིས་ཀྱང་ལྟ་རྟོག་ནན་ཏན་གནང་དགོས།
༧༽ མདོ་ཁམས་འཇང་དགུན་ཆོས་ཀྱི་ཚོགས་གཙོ་བསྐོ་བཞག་ནི། འཇང་དགུན་ཆོས་འདིར་ཞུགས་པའི་དགོན་པ་ཡོངས་ཀྱི་འཐུས་ཚབས་ལྷན་འཛོམས་སུམ་ཆ་གཉིས་ཡན་ཆད་ཀྱིས་རྒྱུ་འབྲས་འཕེར་ངེས་ཀྱི་འོས་བསྡུ་ཚད་ལྡན་བྱེད་དགོས། དེ་ཡང་སྔོན་འགྲོའི་འོས་བསྡུ་བྱས་ཏེ་འོས་ཤོག་མང་ཤོས་ཀྱི་འོས་མི་ལྔ་བདམས་ནས། དེ་ནས་དངོས་གཞིའི་འོས་བསྡུ་བྱས་ཏེ་གོང་གསལ་ལྔ་ལས་འོས་མང་ཤོས་དེ་ཚོགས་གཙོ་བསྐོ་བཞག་བྱེད་དགོས།
༨༽ ཚོགས་གཞོན་ནམ་རྒྱུན་ལས་བཞི་བསྐོ་བཞག་ནི། སྔོན་འགྲོའི་འོས་འདེམས་མི་དགོས་པར་དངོས་གཞི་འོས་འདེམས་ཚར་གཅིག་གི་ཐོག་ནས་འོས་གྲངས་མང་ཤོས་དང་པོ་བཞི་ཚོགས་གཞོན་ནམ་རྒྱུན་ལས་ལ་བསྐོ་བཞག་བྱེད་རྒྱུ།
༩༽ ཚོགས་གཙོ་དང་ཚོགས་གཞོན་ཐམས་ཅད་ལས་ཀའི་དུས་ཡུན་ལོ་གསུམ་ཡིན། དུས་ཡུན་ལོ་གསུམ་ཟིན་ནས་ཚོགས་གཙོ་དང་ཚོགས་གཞོན་རྣམས་སླར་ཡང་འོས་ཤོག་འདེམས་ཐོན་བྱུང་ན་དུས་ཡུན་ལོ་གསུམ་རིང་ལས་ཀ་བྱེད་དགོས་པ་ཡིན། དཔེར་ན། ཚོགས་གཙོ་སྐབས་གཉིས་གནང་གྲུབ་ནས་དེ་ནས་སྐབས་གསུམ་དང་བཞི་སོགས་ལ་ཚོགས་གཙོ་གཏན་ནས་གནང་མི་ཆོག་ལ། འོས་འཕེན་བྱེད་མི་ཆོག རྒྱུན་ལས་རྣམ་པ་ལ་ཡང་གཅིག་མཚུངས་ཡིན།
༡༠༽ ཚོགས་གཙོ་དང་རྒྱུན་ལས་སུ་ཡིན་ཡང་། ཚོགས་པའི་ལས་དོན་འཐུས་ཤོར་གཏོང་བ། ཚོགས་པའི་ལས་ཀ་ཚགས་སུ་ཚུད་པ་མ་གནང་བ། འཇང་དགུན་ཆོས་འདིར་ཞུགས་པའི་དགོན་པ་ཁག་ལ་ལྟ་སྟངས་གཅིག་མཚུངས་ཀྱི་མཐུན་ལམ་བྱེད་མ་ཐུབ་པ་སོགས་ཀྱི་སྐྱོན་ཆ་བྱུང་སྟེ། ཚོགས་འདུ་ལྷན་འཛོམས་ཐོག་ལབ་གླེང་བྱུང་ནས། ཚོགས་མི་སུམ་ཆ་གཉིས་ཡན་གྱིས་ཐུགས་བློ་མ་བབ་པའི་དབང་གིས་ཚོགས་གཙོ་དགོངས་པ་ཞུ་དགོས་པའི་རེ་འདུན་ཕུལ་ཚེ་ཚོགས་གཙོས་ལས་གནས་ནས་དགོངས་པ་ཞུ་དགོས་པ་ཡིན། རྒྱུན་ལས་རྣམ་པ་ལ་ཡང་གཅིག་མཚུངས་ཡིན།
 
གསར་ཞུགས་དང་ཟས་སྤྱོད་སྐོར།
 
༡༽ ཆོས་ཚོགས་འདིར་ཞུགས་འདོད་ཡོད་པའི་དགོན་པ་སོ་སོའི་ངོས་ནས་ཆོས་ཚོགས་འདིར་མ་ཕེབས་པའི་སྔོན་དུ་སློབ་གཉེར་བ་སོ་སོར་རྩོད་རྒྱུགས་ཚད་ལྡན་བླངས་ཏེ། མ་མཐར་བསྡུས་གྲྭ་ཁག་གསུམ་དང་བློ་རིག་བཅས་ཀྱི་རྩོད་པ་སོང་ངེས་དང་། རྒྱུགས་སྤྲོད་བྱེད་ཐུབ་པ་ཞིག་ངེས་པར་དགོས།
༢༽ དགོན་པ་སོ་སོའི་ངོས་ནས་ཆོས་ཚོགས་འདིར་ཞུགས་པའི་མི་སྣ་སུ་ཞིག་ཡིན་ཡང་ཆོས་ཚོགས་སྲ་བརྟན་དང་ཡུན་རིང་རྒྱུན་སྐྱོང་ཆེད་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་བྱ་བ་གང་ཡང་མི་བྱེད་རྒྱུ་དགོན་པ་སོ་སོའི་མཁན་པོ་ལས་བྱེད་རྣམས་ཀྱིས་འགན་ལེན་གནང་དགོས།
༣༽ ཆོས་ཚོགས་འདིར་ཞུགས་མཁན་གྱི་དགེ་འདུན་པ་རྣམ་པས་འདུལ་བ་ནས་གསུངས་པ་ལྟར་དབུ་སྐྲ་དང་ཁ་སྤུ་རིང་པོ་འཇོག་མི་ཆོག མ་ཟད་དམ་ཆོས་འདུལ་བ་དང་མི་མཐུན་པའི་གྱོན་ཆས་ཕུ་ཐུང་འདྲ་མིན་དང་གཟན་དང་ཤམ་ཐབས་ཁ་མདོག་ནག་པོ་སོགས་ཚོན་གྱི་ཆ་ནས་མི་རུང་བ་དང་། གཟན་ཁ་ཚར་ཅན་སོགས་གཏན་ནས་བཞེས་མི་ཆོག གཟན་ཤམ་གྱོན་སྟངས་ཚུན་ཆད་གྲྭ་ས་ཚད་ལྡན་ཞིག་ལ་བསྟུན་པ་མ་གཏོགས་རང་སྣང་གང་དྲན་མི་ཆོག བླ་སྤྲུལ་དགེ་བཤེས་དང་དགེ་རྒན་རྣམས་མ་གཏོགས་དགེ་འདུན་པ་སྤྱི་བྱིངས་ཀྱིས་སྟོད་འགག་དམར་རྐྱང་ལས་མཐོང་སེར་པོ་ཅན་བཞེས་མི་ཆོག་པ་ཡིན། ཆོས་ཚོགས་འདིར་ཕེབས་མཁན་རྣམས་ཀྱིས་དབུ་ཞྭ་དང་ཟླ་གམ་ཡང་བསྣམས་ཕེབས་དགོས།
༤༽ ཆོས་ཚོགས་འདིར་ཕེབས་མཁན་སུ་ཞིག་ཡིན་ཡང་ནང་འཇམ་དམར་སེར་གང་རུང་ལས་གཞན་གོང་བ་ཅན་དང་ཚོན་མདོག་དམར་སེར་གང་རུང་ལས་གཞན་པ་དང་ཡི་གེ་འདྲ་མིན་བྲིས་པ་སོགས་གཏན་ནས་བཞེས་མི་ཆོག་ལ། ཞབས་བཅག་ཀྱང་ཚོན་མདོག་དཀར་པོ་དང་ཁྲ་ཁྲ་སོགས་མིག་སྔར་མི་མཛེས་པའི་རིགས་གཏན་ནས་བཞེས་མི་ཆོག
༥༽ ཆོས་ཚོགས་འདིར་ཞུགས་པའི་དགེ་འདུན་པ་རྣམས་ཀྱིས་སྐེ་ལ་སྲུང་འཁོར་དང་སྐུ་པར་འདྲ་མིན། གཡུ་བྱུར་སོགས་འདོགས་མི་ཆོག
༦༽ ཆོས་ཚོགས་འདིར་ཞུགས་པའི་དགེ་འདུན་པ་སུ་ཞིག་ཡིན་ཡང་ཐ་མ་ཁ་དང་སྣ་ཐ་ཁ། གཞན་ཡང་ཁ་ནུ་དང་པ་ནི་སོགས་གཏན་ནས་བཞེས་མི་ཆོག
༧༽ ཆོས་ཚོགས་འདི་འཚོགས་རིང་སྦྱིན་བདག་དགོན་པ་སུ་ཞིག་ཡིན་ཡང་ཚོགས་ཡོངས་ཀྱི་བཞེས་ལག་ཡོངས་རྫོགས་དཀར་སྐྱོང་གནང་དགོས་པ་མ་ཟད་འདིར་ཕེབས་པའི་དགོན་པ་སོ་སོའི་སྤྱི་བའི་བཞེས་ལག་ཀྱང་དཀར་སྐྱོང་གཙང་མ་གནང་དགོས། གཞན་ཡང་། འདིར་ཕེབས་པའི་སེར་སྐྱ་ཡོངས་ནས་གསོལ་ཀྲུམ་མི་བཞེས་པར་དཀར་སྐྱོང་གཙང་མ་གནང་རོགས་ཞུ་རྒྱུུ་མ་ཟད། ཆོས་ཚོགས་འདིའི་ཚོགས་སའི་ཉེ་འཁོར་སོགས་སུ་ཤ་ཡོད་ཀྱི་ཟ་ཁང་དང་ཤ་བཙོང་ས་སོགས་མ་བཙུགས་རོགས་ཞེས་རེ་བསྐུལ་ནན་ཏན་ཞུ་རྒྱུ།
༨༽ དགོན་པ་གཞན་གྱི་དགེ་འདུན་པ་ཆོས་ཚོགས་འདིར་གསར་ཞུགས་མཁན་ཞིག་ཡིན་ན་ཕེབས་མ་ཐག་འཇང་དགུན་ཆོས་ཚོགས་པ་ལ་འབྲེལ་བ་བྱས་ཏེ། ཚོགས་པའི་ངོས་སྦྱོར་གནང་གྲུབ་པ་དང་། འཚོགས་ཡུལ་གྱི་དགོན་པའི་གཞུང་ལས་ཁང་ལ་འབྲེལ་བ་ཞུས་ནས་རང་རང་བཞུགས་ཡུལ་ངོས་ཟིན་པར་བྱེད་དགོས། དགོན་པ་གང་ཡིན་ས་གནས་དེར་བཞུགས་རིང་དགོན་པ་རང་རང་བཞུགས་ཡུལ་ས་ཆའམ་ཁོར་ཡུག་ལ་གནོད་པ་དང་། འབག་བཙོག་མི་བྱེད་པར་གཙང་མ་ཡང་དག་ཞིག་ངེས་པར་གནང་དགོས།
༩༽ མདོ་ཁམས་འཇང་དགུན་ཆོས་འདི་དམིགས་བསལ་ཛ་དྲག་གིས་འགྱུར་བ་གཏོང་དགོས་པ་མ་བྱུང་ཕྱིན་སྔ་རྒྱུན་ལྟར་ལོ་ལྟར་བོད་ཟླ༥ཚེས༢༠ཉིན་ཡར་འཚོགས་དང་དེ་ནས་ཉིན་བཅུ་གཅིག་རིང་འཚོགས་གཏན་ཁེལ་བ་ཡིན་པས་དེ་ལུགས་ཆོས་ཚོགས་འདིའི་རྩོད་གྲྭ་དང་རྒྱུགས་སྤྲོད་ལ་ཞུགས་དགོས་ངེས་སུ་ཞིག་ཡིན་ཡང་ཡར་འཚོགས་ཉིན་ནས་ངེས་པར་ཕེབས་ཐུབ་དགོས་པ་དང་། ཡར་འཚོགས་ཉིན་ཕེབས་ཐུབ་མེད་ཚེ་ཆོས་ཚོགས་འདིར་ཞུགས་རྒྱུའི་ངོས་ལེན་གཏན་ནས་མེད་པས་དེ་ལུགས་དགོངས་འཇགས་གནང་རོགས།
༡༠༽ ཆོས་ཚོགས་འདིར་ཞུགས་མཁན་གྱི་དགོན་པ་རང་རང་གི་གྲྭ་གྲངས་ཅི་ཙམ་ཡོད་པ་དེ་དག་གི་འགྲོ་འདུག་གི་བྱ་བ་དང་སྒྲིག་ལམ་བརྩི་སྲུང་ལ་འགན་ལེན་གནང་ཐུབ་པའི་དགོན་པ་དེའི་ཆོས་ཐོག་རྒན་པ་ངེས་པར་དགོས་པ་དང་། དེ་ཡང་དགེ་འདུན་པ་བརྒྱ་ཡན་ཡོད་པའི་དགོན་པ་རྣམས་ལ་ཆོས་ཐོག་རྒན་པ་གཉིས་རེ་དང་། དེ་མིན་རྣམས་ལ་ཆོས་ཐོག་རྒན་པ་རེ་རེ་བསྐོ་བཞག་བྱེད་ཆོག ཆོས་ཐོག་རྒན་པ་རྣམས་ཀྱིས་རང་རང་གི་དགོན་པའི་དགེ་འདུན་པ་རྣམས་ལ་ལྟ་རྟོག་བྱེད་དགོས་པ་དང་། དགོན་པ་དེའི་དགེ་འདུན་པའི་ཁྲིམས་འགལ་གྱི་ཉེས་པ་བྱུང་རིགས་རྣམས་ཆོས་ཐོག་རྒན་པ་དེས་འགན་ཁུར་དགོས།
 
 དངོས་གཞི་སྒྲིག་འཛུགས་དགོངས་ཞུའི་སྐོར།
 
༡༽ ཆོས་ཚོགས་འདིར་ཕེབས་མཁན་གྱི་དགོན་པ་སོ་སོའི་ངོས་ནས་དགེ་འདུན་པ་བརྒྱ་རེ་ལ་གསོལ་ཇ་སྐོལ་མཁན་མི་ལྔ་རེ་ཕེབས་ཆོག་པ་ལས་རང་འདོད་ཀྱིས་རྩོད་གྲྭར་ཞུགས་མི་ཐུབ་པའི་གྲྭ་བ་དེ་འདྲ་རྩ་བ་ནས་ཕེབས་མི་ཆོག དེ་མཚུངས་ཀྱིས་གྲྭ་གྲངས་ཉི་ཤུ་རེ་ལ་གསོལ་ཇ་སྐོལ་མཁན་གཅིག་རེ་ལས་བཞག་མི་ཆོག ད་དུང་གྲྭ་གྲངས་བརྒྱ་ཕྲག་ལ་བརྒལ་བ་ཚོ་དཀའ་ངལ་ཡོད་ཚེ་འཛིན་གྲྭ་སོ་སོའི་ནང་ནས་ཐབ་རེས་གཏོང་རྒྱུ་ལས་རྒྱུགས་མི་སྤྲོད་པར་ཇ་མའི་མིང་ཐོག་ནས་འདུག་མི་ཆོག
༢༽ བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་རླངས་འཁོར་ཟུར་ཡོད་རྣམས་ལ་དགོས་མཁོ་བྱུང་ན་རླངས་འཁོར་ཁ་ལོ་བ་རེའི་འཛིན་རྟགས་སྤྲོད་རྒྱུ་དང་། དགོན་པ་སོ་སོའི་རླངས་འཁོར་ཁ་ལོ་བ་ཡོད་རིགས་རྣམས་དགོན་པ་དེའི་གསོལ་ཇ་སྐོལ་མཁན་གྱི་ཁོངས་སུ་བརྩིས་རྒྱུ་ཡིན།
༣༽ ཆོས་ཚོགས་འདིར་ཞུགས་པའི་དགེ་འདུན་པ་རྣམས་ཀྱིས་བྲང་རྟགས་ལེན་ཕྱོགས་སྐོར་ལ། བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་ཀྱི་བྲང་རྟགས་དང་། དགེ་འདུན་པ་སྤྱི་བྱིངས་ཀྱི་བྲང་རྟགས་བཅས་ཁག་གཉིས་ཡོད་པ་རྣམས་རང་རང་གི་གནས་ཚད་ཇི་ལྟར་ཡིན་པ་དེ་ལྟར་བྲང་རྟགས་བླངས་ན་མ་གཏོགས་བྲང་རྟགས་མེད་པ་རྣམས་ཚོགས་ལ་ཞུགས་མི་ཆོག་ལ་སྐུ་འགྱེད་སོགས་གང་ཡང་ལེན་མི་ཆོག བྲང་རྟགས་ལེན་སྐབས་དགོན་པ་སོ་སོའི་ཆོས་ཐོག་རྒན་པ་སོ་སོས་འགན་བླངས་ནས་དགེ་འདུན་པ་རེ་རེས་ཞུགས་དངུལ་སྒོར༢༠རེ་ཕུལ་ཏེ་བྲང་རྟགས་ལེན་དགོས། བྲང་རྟགས་བོར་བརླག་ཤོར་ཚེ་ཆད་པ་སྒོར༥༠རེ་དང་བཅས་འཕྲལ་དུ་ཆོས་ཐོག་རྒན་པ་བརྒྱུད་ནས་གསར་བཟོ་གནང་དགོས།
༤༽ ཆོས་ཚོགས་འདིར་ཞུགས་པའི་དགེ་འདུན་པ་སུ་ཞིག་ཡིན་ཡང་སྙུང་གཞིའི་དབང་གིས་ནད་དགོངས་ཞུ་དགོས་པ་དང་། དགོན་པ་སོ་སོའི་བཞེས་ལག་གི་རྒྱུ་ཆ་སོགས་ཉོ་ས་ཐག་རིང་འགྲོ་དགོས་བྱུང་ཚེ་དགོན་པ་དེའི་ཆོས་ཐོག་རྒན་པ་ཕེབས་ནས་དངོས་ཡོད་གནས་ཚུལ་དང་སྦྲགས་ཏེ་འཇང་དགུན་ཆོས་ཚོགས་པ་ལ་ཚུལ་མཐུན་གྱི་དགོངས་པ་ཞུས་ནས་དགོངས་ཤོག་བླངས་ཏེ་ནད་པ་སོགས་དོ་བདག་རང་ཉིད་ཀྱིས་ཉར་ཚགས་བྱེད་དགོས་པ་དང་། ལྟ་རྟོག་པ་ཕེབས་ཚེ་དགོངས་ཤོག་བསྟན་རྒྱུ་མེད་ན་དགོངས་པ་ཞུས་མེད་པའི་ཁོངས་སུ་གཏོང་ནས་ཁྲིམས་ལྟར་ཉེས་ཆད་ཕོག
༥༽ དགོངས་ཞུ་མེད་པར་གྱ་ཚོམ་ལ་བསྡད་པ་དང་། ཆོས་རར་མི་འགྲོ་བར་སྡོད་པ་དང་། ཚོགས་ཆོས་ཀྱི་སྐབས་སུ་དོན་མེད་སྤང་ཐང་ཕན་ཚུན་དུ་འཁྱམ་ཉུལ་བྱེད་པ་རྣམས་ལ་དགོན་པའི་མིང་དང་དོ་བདག་གི་མིང་ཆོས་ཐོག་རྒན་པའི་མིང་བཅས་གསལ་སྟོན་གྱིས་ཚོགས་དབུས་སུ་ཉེས་དོན་གསལ་བསྒྲག་བྱེད་རྒྱུ་ཡིན།
༦༽ སློབ་གཉེར་བའི་གྲས་སུ་ཞིག་ཡིན་ཡང་རྒྱུགས་སྤྲོད་ལ་ཞུགས་མ་ཐུབ་ཚེ་དགུན་ཆོས་རིང་ཚོགས་ཀྱི་མང་ཇ་དང་སྐུ་སྐལ་སོགས་ཀྱི་ཐོབ་སྐལ་གང་ཡང་མེད་ཅིང་། ཆོས་ཚོགས་འདིར་བཞུགས་མི་ཆོག མ་ཟད་རྒྱུགས་སྤྲོད་ལ་ཞུགས་མ་ཐུབ་ཚེ་ཉིན་དང་པོ་སོགས་ཀྱི་སྐབས་སུ་སྐུ་འགྱེད་བླངས་པ་རྣམས་ཕྱིར་སློག་དགོས་པ་ཡིན།
 
དངོས་གཞིའི་སྒྲིག་འཛུགས་ཀྱི་སྐོར་ལས་ཚོགས་ཆོས་རའི་སྐོར།
 
༡༽ བོད་ཟླ་༥ ཚེས༢༠ཉིན་གྱི་ཕྱི་དྲོར་ཆུ་ཚོད༣ཐོག་པའི་ཡར་འཚོགས་བྱེད་རྒྱུ་དང་། ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། རྒྱལ་བའི་ཞབས་བརྟན་རབ་འབྱམས་རྒྱལ་བ་ངེས་པར་གསུང་དགོས། གསོལ་ཇའི་ཐོག་ལ་དགོན་པ་དེའི་མཁན་བླ་དགེ་བསྐོས་གང་རུང་དགེ་འདུན་པ་རྣམས་ལ་མཚམས་འདྲིའི་གསུང་བཤད་སྐར་མ༡༥ཙམ་ལ་གནང་རྒྱུ། དེ་ནས་འཇང་དགུན་ཆོས་ཐོག་གི་ཚོགས་གཙོ་མཆོག་ནས་འཇང་དགུན་ཆོས་ཀྱི་ཚོགས་པའི་དམིགས་ཡུལ་དང་ཆོས་ཚོགས་ཀྱི་སྒྲིག་གཞི། ལས་དོན་ངོ་སྤྲོད་བཅས་ཀྱི་གསུང་བཤད་གནང་རྒྱུ། དེ་ནས་དགོང་ཁའི་ཆུ་ཚོད༦པའི་ཐོག་དགོན་པ་སོ་སོའི་དཔེ་ཁྲིད་རྒན་ཡོད་ཚེ་དཔེ་ཁྲིད་རྒན་རེ་རེ་དང་ཆོས་ཐོག་རྒན་པ་ཐམས་ཅད་ཕེབས་ཏེ་ཚོགས་འདུ་རྒྱས་འཛོམས་ཐོག་གཞུང་ཚན་བགོ་བཤའ་བྱེད་རྒྱུ་དང་སྒྲིག་འཛུགས་ལྟ་རྟོག་ཚོགས་པ་སོགས་ཀྱི་འགན་ལེན་སྐོར་ལ་གསལ་བསྒྲགས་དང་གྲོས་མོལ་བྱེད་རྒྱུུ། འཇང་དགུན་ཆོས་ཀྱི་སྐབས་གང་དུ་ཡང་ཚོགས་དང་ཚོགས་འདུ་སོགས་ལ་ཕེབས་དགོས་པ་རྣམས་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་དུས་ཚོད་གཏན་ཁེལ་ལྟར་ཕེབས་དགོས།
༢༽ དངོས་གཞི་ལ་རྒྱུགས་སྤྲོད་མཛད་སྒོ་ཉིན་མ་གཏོགས་ཉིན་བཅུའི་རིང་ཞོགས་པའི་ཆུ་ཚོད༧པའི་ཐོག་ནས་མང་ཇ་འཚོགས་རྒྱུ་དང་། ཆུ་ཚོད་གཅིག་རིང་གསུང་བྱ་ཞལ་འདོན་ལ། རྒྱུན་ཆགས་གསུམ་པ་དང་། ཇ་རྒྱབ་ཏུ་ཤེར་སྙིང་དང་ཟློག་པ་གསུང་གྲུབ་མཚམས་རྒྱལ་བའི་ཞབས་བརྟན་རབ་འབྱམས་རྒྱལ་བ་མ་གསུང་དགོས། དུས་ཚོད་ལ་གཟིགས་ནས་སྒྲོལ་མ་སོགས་དམིགས་བསལ་སྐུ་རིམ་རེ་གསུངས་ནས་ཚོགས་གྲོལ་ཁར་དམིགས་བརྩེ་མ་དང་ལྷ་མོའི་གསོལ་བསྡུས་གདན་སའི་རྟ་གཏོང་ནས་གྲོལ་རྒྱུ།
༣༽ ཞོགས་པའི་མང་ཇ་གྲོལ་ནས་ཆུ་ཚོད༩པའི་ཐོག་ནས་ཞལ་འདོན་ལ། ཆོས་ར་ཉིན་དང་པོར་འཇམ་དཔལ་མཚན་བརྗོད་དབུ་ནས། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པའི་བར་གསུངས་ནས་དེ་ནས་མཁའ་མཉམ་མ་དང་གང་བློ་མ་གསུངས་ཏེ་དྷི་སྐད་གཏོང་ནས་ཆུ་ཚོད༡༠པའི་བར་རྩོད་ཟླ་ཚུགས་རྒྱུ་དང་། ཆུ་ཚོད༡༠ནས༡༡བར་འཛིན་གྲྭ་སོ་སོའི་དམ་བཅའ་འཚོགས་རྒྱུ། ཉིན་ཐ་མར་འཇམ་དཔལ་མཚན་བརྗོད་ཀྱི་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པ་ནས་མཇུག་བར་གསུངས། དེ་ནས་མཁའ་མཉམ་མ་དང་གང་བློ་མ་གསུངས་ནས་དྷི་སྐད་གཏོང་ཏེ་རྩོད་ཟླ་ཚུགས་པ་སོགས་སྔར་ལྟར་ཡིན། དངོས་གཞི་ཉིན་གཉིས་པ་ནས་དགུ་པའི་བར་ཞལ་འདོན་ལ་པོ་ཏ་ལ་ཡི་གནས་མཆོག་ནས། སོགས་ཤློཀ་གཉིས་དང་། དེ་ནས་སྒྲོལ་མ་ཉེར་གཅིག་གི་གསོལ་འདེབས་ཚར་གཅིག་དང་། དེ་ནས་ཤེར་སྙིང་ཚར་གཅིག དེ་ནས་མཁའ་མཉམ་མ་དང་གང་བློ་མ་གསུངས་ནས་དྷི་སྐད་གཏོང་ནས་རྩོད་ཟླ་ཚུགས་པ་སོགས་སྤྱི་མཚུངས་ལྟར་ཡིན།
༤༽ ཉིན་གུང་ཆུ་ཚོད༡༢ཐོག་གུང་ཚིགས་འཚོགས་རྒྱུ་དང་། ཞལ་འདོན་ལ། གསོལ་ཇ་གྲུབ་ནས་རྒྱལ་བའི་ཞབས་བརྟན་བར་རྟ་བྱས་ནས་གསུང་དགོས། དེ་མ་གཏོགས་དགོན་པ་སོ་སོའི་གསུང་བྱ་ཞབས་རིམ་སོགས་ཇི་ལྟར་བྱས་ཀྱང་ཆོག གུང་ཚིགས་འདི་ལ་སྐུ་འགྱེད་རྒྱག་རྒྱུ་སོགས་ཇི་ལྟར་བྱེད་དགོས་ཀྱང་ཆུ་ཚོད་གཅིག་དང་ཕྱེད་རིང་ངེས་པར་གྲུབ་པ་བྱེད་དགོས།
༥༽ རྒྱུགས་སྤྲོད་མཛད་སྒོ་ཉིན་མ་གཏོགས་ཉིན་ལྟར་ཆུ་ཚོད་༥ པའི་ཐོག་ནས་ཐོ་ཆོས་དམ་བཅའ་ཆུ་ཚོད་གཅིག་དང་ཕྱེད་རིང་འཚོགས་རྒྱུ་དང་། ཐོ་ཆོས་དམ་བཅའ་གྲོལ་ནས་བླ་སྤྲུལ་དགེ་བཤེས་མཁས་པ་ཞིག་གིས་སློབ་གཉེར་བྱེད་སྟངས་སོགས་ཀྱི་བསླབ་བྱ་སྐར་མ༡༥རིང་གནང་རྒྱུ། བསླབ་བྱ་ཉིན་ལྟར་མེད་ན་ཡང་འགྲིག དགོང་མོའི་ཆུ་ཚོད་ཛ༨པའི་ཐོག་ནས་ཆུ་ཚོད་གཅིག་རིང་རྩོད་ཟླ་དང་། དེ་ནས་ཆུ་ཚོད༩ནས༡༠པའི་བར་འཛིན་གྲྭ་སོ་སོའི་དམ་བཅའ་འཚོགས་རྒྱུ།
༦༽ ཐོ་ཆོས་དམ་བཅའི་རྩོད་གཞུང་ནི། གཤམ་གསལ་ལེའུ་དང་པོའི་འཛིན་གྲྭ་བདུན་གྱི་གཞུང་ཚན་བདུན་དང་། ལེའུ་གཉིས་པ་ལ་མཆོད་བརྗོད་དང་དབང་ཕྱུག་རྟག་པ་སྐྱེ་བ་སྔ་ཕྱི་རྣལ་འབྱོར་མངོན་སུམ། ད་དུང་ལུགས་ལྡོག་སྐབས་ཀྱི་རྩོད་གཞུང་དམ་བཅའ་འཇོག་མཁན་ཡོད་ན་དེ་མཚུངས་ཀྱིས་ཉིན་གྲངས་དང་རྩོད་གཞུང་བསྒྲིགས་ཏེ་དམ་བཅའི་གཞུང་ཚན་བཟོ་དགོས་པ་ཡིན། ཚད་ཆུང་གི་རྩོད་གཞུང་ནི། བསྡུས་ཆུང་སྟོད་སྨད་(དབུ་ནས་ཡིན་ལོག་མིན་ལོག་བར་སྟོད། རྒྱུ་འབྲས་ཆུང་ངུ་ནས་རྫས་ལྡོག་བར་སྨད།)གཉིས། བསྡུས་འབྲིང་སྟོད་སྨད་(བསྡུས་འབྲིང་དབུ་ནས་མཚན་མཚོན་བར་སྟོད། རྒྱུ་འབྲས་ཆེ་བ་དང་རྗེས་འགྲོ་ལྡོག་ཁྱབ་གཉིས་སྨད།)གཉིས། བསྡུས་ཆེན་སྟོད་སྨད་(བསྡུས་ཆེན་དབུ་ནས་ཐལ་འགྱུར་ཆེ་བའི་བར་སྟོད། གཞན་སེལ་ནས་སེལ་འཇུག་སྒྲུབ་འཇུག་བར་སྨད།)གཉིས་བཅས་དྲུག། བློ་རིག་སྟོད་སྨད་(བློ་རིག་དབུ་ནས་རྟགས་འཛིན་སེམས་བར་སྟོད། རང་ངེས་གཞན་ངེས་ནས་བློ་རིག་འཇུག་བར་སྨད།)གཉིས། རྟགས་རིགས་སྟོད་སྨད་(རྟགས་རིགས་དབུ་ནས་མ་དམིགས་པ་རྫོགས་མཚམས་བར་སྟོད། བསྒྲུབ་བྱའི་ཆོས་ཀྱི་དབྱེ་བ་ནས་རྟགས་རིགས་རྫོགས་མཚམས་བར་སྨད།)གཉིས་བཅས་བཅུ་ཡིན།
༧༽ མཚན་ཕུད་དམ་བཅའ་ཆེན་མོ་ལ་དམ་བཅའ་བ་གསུམ་གྱིས་ཆོས་གོས་དང་དབུ་ཞྭ་བསྣམས་རྒྱུ་དང་། ཚོགས་ལ་ཕེབས་འཕྲལ་དགེ་འདུན་མང་གི་གྲལ་མཐའ་ནས་སྐུ་ཕྱག་གསུམ་འཚལ་ཞིང་། དེ་ནས་སྐུ་པར་རིན་པོ་ཆེར་མཇལ་དར་ཕུལ་ནས་དམ་ཁྲིའི་སྟེང་དུ་བཞུགས། དབུ་མཛད་ཀྱིས་ཞལ་འདོན་ལ། དགའ་ལྡན་ལྷ་བརྒྱ་དམིགས་བརྩེ་མ་བཅས་པ་དང་། དེ་ནས་རྗེ་བཙུན་ཆོས་རྒྱལ་མ་རྟ་གཏོང་རྒྱུ་དང་། དེ་ནས་གསོལ་ཇ་དྲངས་ཏེ་ཇ་མཆོད་ཕུལ། ཇ་རྒྱབ་ཏུ་རྟ་མགྲིན་གཏོར་འབུལ་རྟ་གཏོང་རྒྱུ་དང་དེ་ནས་གང་བློ་མ་གསུངས། བརྩེ་ལྡན་ཁྱེད་ཀྱི་སོགས་ཤླཽཀ་གསུངས། དེ་ནས་རྟགས་གསལ་དབུ་འཛུགས་ཞུས་ནས་རྟགས་གསལ་ཁག་གསུམ་གྱི་རྩོད་གཞུང་ཐ་མའི་འཇུག་ཏུ་ཚིག་བཟང་གཏོང་དགོས། དེ་ནས་བློ་བཟང་རྒྱལ་བ་མ་གསུངས་ནས་གྲོལ་རྒྱུ་ཡིན། མཚན་ཕུད་དམ་བཅའི་རྩོད་གཞུང་ལ། དམ་བཅའ་དང་པོའི་རྩོད་གཞུང་ནི། ལེའུ་དང་པོ་མཆོད་བརྗོད་ནས་ཚད་མ་ཕྲུགས་གསུམ་རྫོགས་མཚམས་བར། དམ་བཅའ་གཉིས་པའི་རྩོད་གཞུང་ནི། ལེའུ་དང་པོའི་གཞན་སེལ་ནས་ཤིན་ལྐོག་རྫོགས་མཚམས་བར། དམ་བཅའ་གསུམ་པའི་རྩོད་གཞུང་ནི། ལེའུ་གཉིས་པའི་དབུ་ནས་སྐྱེ་བ་སྔ་ཕྱིའི་བར་བཅས་ཡིན།
༨༽ ཆོས་ཚོགས་འདི་ནི་དགོན་པ་ཁག་མང་ལས་གྲུབ་པའི་སྤྱི་པའི་ཆོས་ཚོགས་ཤིག་ཡིན་པས། མཚན་ཕུད་དམ་བཅའ་ཆེན་མོར་དགོན་པ་སོ་སོའི་བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་ཚོགས་མགོན་དུ་རྒྱམ་བསུ་དང་གདན་འདྲེན་ཞུ་བ་སོགས་བྱེད་མི་ཆོག དེ་དང་གཅིག་མཚུངས་སུ་མང་ཇ་དང་གུང་ཚིགས་ཀྱི་སྐབས་རྣམས་སུ་ཡང་འཇང་དགུན་ཆོས་ཚོགས་པའི་དམིགས་བསལ་ངོས་ལེན་གྱིས་ཕེབས་བསུ་དང་གདན་ཞུ་དགོས་རིགས་མ་གཏོགས་འཚོགས་ཡུལ་དགོན་པ་རང་ཉིད་དང་འབྲེལ་ཡོད་ཀྱི་ཐོག་ནས་བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་རྒྱམ་བསུ་དང་ཚོགས་མགོན་གདན་ཞུ་ཁྲི་སྟོན་སོགས་གཏན་ནས་བྱེད་མི་ཆོག
༩༽ ཚོགས་དང་ཆོས་གྲྭ་གང་གི་སྐབས་སུ་དགུན་ཆོས་ཚོགས་པ་དང་ཚོགས་ཡུལ་དགོན་པས་ཆེད་བསྐོས་དམིགས་བསལ་གྱི་པར་རྒྱག་མཁན་མ་གཏོགས་དགོན་པ་གཞན་དང་སྒེར་སོ་སོའི་ངོས་ནས་པར་རྒྱག་པ་དང་བརྙན་ལེན་པ་སོགས་གཏན་ནས་མི་ཆོག མ་ཟད་ཚོགས་དང་ཆོས་ར་གང་གི་སྐབས་སུ་ཡང་དགེ་འདུན་དམངས་སོ་སོའི་ངོས་ནས་ཁ་པར་གཏོང་ལེན་གཏན་ནས་བྱེད་མི་ཆོག
༡༠༽ ཆོས་ཚོགས་ཉིན་བཅུའི་རིང་རྩོད་པ་དང་གཞུང་གི་དཔེ་གཟིགས་ལ་མཐའ་གཅིག་ཏུ་བརྩོན་པ་མ་གཏོགས་ཟུར་དུ་བགྲོ་གླེང་འཚོགས་པ་དང་འདུས་ཚོགས་རྒྱག་པ་སོགས་གཏན་ནས་མི་ཆོག
 
རྒྱུགས་སྤྲོད་ཀྱི་སྐོར།
 
༡༽ འཇང་དགུན་ཆོས་ཚོགས་ཆེན་མོའི་རྩོད་རྒྱུགས་ཆེན་མོ་ནི། ལོ་སྔ་མའི་ཚོགས་གཙོ་སྔ་མ་རྣམ་པའི་ཉམས་མྱོང་ལ་གྲོས་བསྡུར་དང་བསླབ་བྱ་ཞུས་ནས། འགྱུར་བ་ཅུང་ཟད་བཏང་སྟེ་རྒྱུགས་སྤྲོད་སྤུས་ཀ་ལྡན་པ་དང་ཞིབ་ཚགས་ཡོང་ཆེད་དུ་དངོས་གཞི་ཉིན་བཞི་པ་ནས་དབུ་འཛུགས་ཀྱིས་རྒྱུགས་སྤྲོད་ལེན་རྒྱུ་ཡིན། རྒྱུགས་སྤྲོད་ཀྱི་གཞུང་ཚན་དང་འཛིན་གྲྭ་ནི། ༡ བསྡུས་གྲྭ་འཛིན་གྲྭ་(བསྡུས་གྲྭ་ཁག་གསུམ་གའི་རྒྱུགས་སྤྲོད་དགོས།)དང་། ༢ བློ་རྟགས་འཛིན་གྲྭ་(བློ་རིག་དང་རྟགས་རིགས་གཉིས་རྒྱུགས་སྤྲོད་དགོས།)དང་། ༣ འབྲས་རྟགས་འཛིན་གྲྭ་(ཐར་ལམ་གསལ་བྱེད་དབུ་ནས་འབྲས་རྟགས་བར་རྒྱུགས་སྤྲོད་དགོས།)དང་། ༤ རྟགས་གཞན་བཞི་བའི་འཛིན་གྲྭ་(རང་བཞིན་གྱི་རྟགས་ནས་རྟགས་གཞན་བཞི་བའི་བར་རྒྱུགས་སྤྲོད་དགོས།)དང་། ༥ འབྲེལ་བ་འཛིན་གྲྭ་(འབྲེལ་བ་སྟོད་སྨད་གཉིས་ཀ་རྒྱུགས་སྤྲོད་དགོས།)དང་། ༦ ལུང་འགལ་འཛིན་གྲྭ་(ལུང་འགལ་ནས་ཚད་མ་ཕྲུགས་གསུམ་གྱི་མཇུག་བར་རྒྱུགས་སྤྲོད་དགོས།)དང་། ༧ གཞན་སེལ་འཛིན་གྲྭ་(གཞན་སེལ་སྟོད་སྨད་གཉིས་ཀ་རྒྱུགས་སྤྲོད་དགོས།)དང་། ༨ བརྡ་ཡུལ་འཛིན་གྲྭ་(ཤིང་འཛིན་རྟོག་པ་དང་བརྡ་ཡུལ་གཉིས་ཀ་རྒྱུགས་སྤྲོད་དགོས།)དང་། ༩ ཤིན་ལྐོག་འཛིན་གྲྭ་(རྟོག་པ་ཕན་ཚུན་བརྟེན་པ་ནས་ཤིན་ལྐོག་རྫོགས་མཚམས་བར་རྒྱུགས་སྤྲོད་དགོས།)དང་། ༡༠ ལེའུ་གཉིས་པའི་མཆོད་བརྗོད་འཛིན་གྲྭ་(མཆོད་བརྗོད་ནས་དབང་ཕྱུག་རྟག་པ་རྫོགས་མཚམས་བར་རྒྱུགས་སྤྲོད་དགོས།)དང་། ༡༡ ལེའུ་གཉིས་པའི་སྐྱེ་བ་སྔ་ཕྱིའི་འཛིན་གྲྭ།(ལེའུ་གཉིས་པའི་སྐྱེ་བ་སྔ་ཕྱི་ནས་ལུགས་འབྱུང་རྫོགས་མཚམས་བར་རྒྱུགས་སྤྲོད་དགོས།) ༡༢ ལེའུ་གཉིས་པའི་ལུགས་ལྡོག་སྟོད་ཀྱི་འཛིན་གྲྭ། (སྡུག་ཀུན་གཉིས་ཀྱི་གཞུང་ཆ་ཚང་།) ༡༣ ལེའུ་གཉིས་པའི་ལུགས་ལྡོག་སྨད་ཀྱི་འཛིན་གྲྭ་(འགོག་ལམ་གཉིས་ཀྱི་གཞུང་ཆ་ཚང་།)བཅས་སོ། །
༢༽ ཉིན་གསུམ་པའི་ཕྱི་དྲོར་ཆུ་ཚོད་གསུམ་པའི་ཐོག་ནས་རྒྱུགས་བཞེས་པ་ཡོངས་རྫོགས་ཚོགས་འདུ་འཚོགས་དགོས་པས་དེ་ལུགས་དུས་ཐོག་ངེས་ཕེབས་དགོས།
༣༽ རྒྱུགས་སྤྲོད་དངོས་གཞིའི་སྐབས་སུ། རྒྱུགས་ཚོ་རྗེས་སུ་མཚན་ཐོ་ལ་བལྟས་ནས་བཟོ་རྒྱུ། རྒྱུགས་སྤྲོད་ལེན་མཁན་དགེ་བཤེས་རྣམ་པ་དང་དགོན་པ་སོ་སོའི་དགེ་རྒན་རྣམ་པས་མཛད་ལུགས་སྔ་རྒྱུན་ལྟར་ཡིན། རྒྱུགས་ཚོ་རེ་ལ་རྒྱུགས་ཞིབ་པ་མི་གསུམ་རེ་དང་། རེ་རེ་ལ་བརྒྱ་ཆ་ཉི་ཤུ་རེ་སྤྲད་རྒྱུའི་ཐོབ་ཐང་ཡོད། རྒྱུགས་སྤྲོད་སྐབས་རྩོད་པ་དང་ལན་ལ་བརྒྱ་ཆ་སོ་སོ་ནས་སྤྲད་རྒྱུ་དང་། ལན་ལ་བརྒྱ་ཆ་བཅུ་དང་རྩོད་པ་བརྒྱ་ཆ་བཅུའི་ཐོབ་ཐང་ཡོད། རྒྱུགས་སྤྲོད་ལེན་བཞིན་པའི་སྐབས་སུ་རྒྱུགས་ཞིབ་པ་རྣམས་ལ་མཚམས་མཚམས་སུ་གསོལ་ཇ་ཕུལ་དགོས། རྒྱུགས་སྤྲོད་པ་རང་རང་གི་འཛིན་གྲྭའི་རྒྱུགས་སྤྲོད་ཀྱི་འཇུག་མ་ཚར་བར་དུ་རང་དགར་འགྲོ་མི་ཆོག་པར་རྒྱུགས་སྤྲོད་ས་རང་ལ་སྡོད་དགོས།
༤༽ རྒྱུགས་སྤྲོད་ཀྱི་ལེགས་འབུལ་ཕུལ་ཕྱོགས་སྐོར་ལ། ཉིན་བཅུ་པའི་ཞོགས་པའི་ཆུ་ཚོད༡༠པའི་ཐོག་མཛད་སྒོ་དབུ་འབྱེད་བྱས། རྒྱུགས་སྤྲོད་ཀྱི་ལེགས་འབུལ་ནི། འཛིན་གྲྭ་རང་གི་ཨང་རིམ་མཐོ་ཤོས་ནས་བརྩིས་པའི་དགེ་འདུན་པའི་གྲངས་ཀྱི་བརྒྱ་ཆའི་བཅུ་ལ་ལེགས་འབུལ་སྤྲོད་རྒྱུ་དང་། དེ་ཡང་འཛིན་གྲྭ་དེ་ལ་དགེ་འདུན་པ་བརྒྱ་བྱུང་ན་ལེགས་འབུལ་དང་རྟགས་མ་མི་བཅུ་ལ་སྤྲོད་རྒྱུ་ཡིན། གཞན་ཡང་རྒྱུགས་ཞིབ་པ་དང་འཚོགས་ཡུལ་གྱི་དགོན་པའི་ལས་བྱེད་མཁན་པོ་དབུ་མཛད་དགེ་བསྐོས་ཆབ་རིལ་གཞུང་གཉེར་སོགས་ཐུགས་རྗེ་ལེགས་འབུལ་དགོས་རིགས་རྣམས་ལ་ཕུལ་དགོས། དགོན་པ་རང་ལ་གཟེངས་བསྟོད་ལེགས་བྱང་དགོན་བདག་བླ་མ་ལ་ཕུལ་རྒྱུ།
༥༽ མདོ་ཁམས་འཇང་དགུན་ཆོས་ཀྱི་རྒྱུགས་སྤྲོད་ལེགས་གྲུབ་བྱུང་མཚམས། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་གསལ་བསྒྲགས་གི་ཤོག་བུ་ཆ་ཚང་རེ་དགོན་པ་སོ་སོ་ལ་འབུལ་རྒྱུ་ཡིན་པས་དེ་ལུགས་དགོན་པ་སོ་སོའི་ནང་དུ་སྦྱོར་དགོས།
༦༽ སྔ་དྲོ་རྒྱུགས་སྤྲོད་ལེགས་འབུལ་གྱི་མཛད་སྒོ་འཚོགས་པའི་ཕྱི་དྲོར་ཆུ་ཚོད༣པ་ནས་ཆུ་ཚོད༦པའི་བར་དུ་འཇང་དགུན་ཆོས་ཚོགས་ལ་ཕེབས་པའི་དགོན་པ་སོ་སོའི་མཁན་པོ་ལས་སྣེ་དགེ་བཤེས་སོགས་འགན་ཁུར་ཐུབ་པ་རྣམས་ཚོགས་འདུ་ལ་ཕེབས་ནས་འཇང་དགུན་ཆོས་ཚོགས་པའི་ལེགས་སྤེལ་ཉེས་འགོག་གི་ལས་དོན་སྒྲུབ་ཕྱོགས་སྐོར་གྱི་ཚོགས་འདུ་ཡིན་པས་དེ་ལུགས་དུས་ཐོག་ལ་ཕེབས་དགོས།
༧༽ ཉིན་བཅུ་པའི་དགོང་མོར་ཆུ་ཚོད༨ཐོག་ལ་མཚན་ཕུད་དམ་བཅའ་དབུ་ཚུགས་ཤིང་ཆུ་ཚོད༡༡བར་འཚོགས་ནས་རྩོད་གཞུང་མི་འདྲ་བ་གསུམ་ལ་བགྲོ་གླེང་ཚད་ལྡན་གནང་རྒྱུ་དང་། སྐབས་དེའི་ཞལ་འདོན་སོགས་གོང་དུ་གསལ།
༨༽ ཉིན་བཅུ་གཅིག་པ་ལ་སྔ་དགོང་དམ་བཅའ་དང་ཐོ་ཆོས་སོགས་རྒྱུན་ལྡན་ཡིན་པས་དགོན་པ་དང་ཚོགས་ཞུགས་སློབ་གཉེར་བ་ཡོངས་རྒྱུན་ལྡན་ལྟར་ཐོ་ཆོས་ལ་ཕེབས་དགོས་ཤིང་ཕྱི་ཉིན་མང་ཇ་མ་གྲོལ་བར་དུ་ཕེབས་མི་ཆོག
༩༽ དངོས་གཞི་ཉིན་དང་པོ་ནས་རྒྱུགས་འབུལ་མཛད་སྒོའི་ཉིན་མ་གཏོགས་ཉིན་བཅུའི་རིང་དགོང་མོའི་ཆུ་ཚོད༨ ནས༩བར་རྩོད་ཟླ་དང༩ནས༡༠བར་འཛིན་གྲྭ་སོ་སོའི་དམ་བཅའ་འཚོགས་རྒྱུ་དང་། དེ་གྲོལ་ནས་དགེ་འདུན་པ་སུ་ཞིག་ཡིན་ཡང་འཁྱམ་ཉུལ་སོགས་གཏན་ནས་བྱེད་མི་ཆོག
༡༠༽ ཆོས་ཚོགས་འདིར་འཚོགས་པའི་རིང་ལ་ཡུལ་དུས་ཀྱི་དབང་གིས་ཚོགས་པ་སྲ་བརྟན་དང་རྒྱུན་གནས་ལ་གནོད་སྐྱོན་ཡོང་གཞིའི་ཚོང་ལས་དང་ཅ་ལག་སོགས་འགྲེམ་སྤེལ་མི་ཆོག་པར་དགོངས་འཇགས་ཞུ།
༡༡༽ ཆོས་ཚོགས་འདི་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ཉམས་གོང་འཕེལ་དུ་འོང་བའི་ཐབས་སུ་བཙུགས་པ་ཞིག་ཡིན་པས་འདིར་མཉམ་ཞུགས་གནང་མཁན་གྱི་དགེ་འདུན་པ་ཐམས་ཅད་ཀྱིས་ཆོས་ཐོག་འདིའི་མཚན་སྙན་ལ་གནོད་པའི་བྱ་བ་སྣེ་གཅིག་ཀྱང་མི་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཟུང་སྟེ་ཆོས་ཐོག་འདིར་ཕེབས་ཐུབ་པའི་རེ་འདུན་ཞུ་རྒྱུ་བཅས།
མཐར་དོན། མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཆོས་སློབ་གཉེར་གྱི་སྒྲིག་གཞི་ཐམས་ཅད་ཡུལ་དུས་ལ་བསྟུན་དགོས་པ་ཁག་ཕུད་གདན་ས་ཆེན་པོ་གསུམ་གྱི་འཇང་དགུན་ཆོས་ཆེན་མོའི་སྒྲིག་ལམ་ཕྱག་བཞེས་གཞིར་བཞག་བྱས་ནས་འགྲོ་རྒྱུ་སྐབས་སྔ་མའི་ཚོགས་གཙོ་རྒྱུན་ལས་རྣམ་པས་ཇི་ལྟར་མཛད་པ་བཞིན་ཡིན་ལ། ད་དུང་ཡང་འགྱུར་བ་གང་ཡང་མེད་པར་དེ་ལུགས་ལག་ལེན་ལ་བཀལ་ཅི་ཐུབ་བྱེད་རྒྱུ་ཡིན་པས། ཆོས་ཚོགས་འདིར་ཞུགས་འདོད་ཡོད་པའི་དགོན་པ་སུ་ཞིག་ཡིན་ཡང་དེ་ལུགས་གོང་གསལ་སྒྲིག་ལམ་ཁག་ལ་ངེས་པར་བརྩི་སྲུང་གནང་དགོས་པ་བཅས།
མདོ་ཁམས་འཇང་དགུན་ཆོས་སྐབས་བཞི་པའི་རྒྱུན་ལས་ལྷན་ཚོགས་ཀྱིས།
སྤྱི་ལོ༢༠༡༣ལོའི་ཟླ༣ཚེས༢༥ཉིན།
 
རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K