མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོའི་བྱུང་རིམ་དང་སློབ་གཉེར་མཛད་སྟངས་ཁུངས་ལྡན་གཏམ་གྱི་བདུད་རྩི་ཞེས་བྱ་བ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-03-30 16:58:23     རྩོམ་པ་པོ།   དཀོན་མཆོག་བཟོད་པ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        བསམ་སྦྱོར་ཕུན་ཚོགས་བསྐལ་བ་བརྒྱར། །གོམས་པས་སྤངས་རྟོགས་བདེ་གཤེགས་མཆོག ། བརྙེས་པའི་སྐྱོབ་པ་མཐར་ཐུག་པ། །ཐུབ་དབང་ཚད་མའི་སྐྱེས་བུར་འདུད། ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི། །དགོངས་དོན་རྣལ་མའི་རང་བཞིན་ཀུན། །ཇི་ལྟར་འབྱེད་པའི་ལུགས་བཟང་རྣམས། ། གསལ་མཛད་རྒྱན་དྲུག་མཆོག་གཉིས་རྒྱལ། །སྟོན་དང་བསྟན་པ་ཀེ་ལ་ཤའི། །བསླུ་མེད་རང་མདངས་དངོས་སྟོབས་ཀྱི། །གཟི་འོད་འབུམ་གྱིས་གསལ་མཛད་པ། རིགས་པའི་ཉི་ཟླ་རྣམ་གཉིས་རྒྱལ། །བློ་གྲོས་ཀུན་བཟང་ཐུབ་པ་ཡི། །རྨད་བྱུང་རྣམ་ཐར་དུས་ཀྱི་མཐར། །ཇི་བཞིན་མཛད་པའི་གྲགས་པ་ཅན། ། གངས་ལྗོངས་ཚད་མའི་སྟོན་པར་འདུད། །འཆད་རྩོད་རྩོམ་པའི་གཟི་བྱིན་འབུམ། །འཛམ་གླིང་རྒྱན་དུ་འབར་དྲག་པས། ། རིས་མེད་སྨྲ་བའི་དབང་ཕྱུག་གི། །གཙུག་ནོར་སྲས་མཆོག་རྣམ་གཉིས་རྒྱལ། །འཇམ་མགོན་རྒྱལ་བ་ཡབ་སྲས་ཀྱི། ། ལེགས་བཤད་ཟབ་མོའི་སྙིང་བཅུད་དག །འཁྲུལ་མེད་རྙེད་པའི་དགེ་ལྡན་པའི། །ཡིག་ཆའི་མངའ་བདག་རྣམས་ལ་འདུད། ། བསིལ་ལྡན་ལྗོངས་ཀྱི་ལུགས་ཟུང་གི། །གསེར་གྱི་བ་དན་ཟླ་མེད་པ། ། གོ་ལའི་ཁྱོན་ལ་སྒྲེང་པའི་རྗེ། །༧ གོང་ས་རྒྱལ་བའི་དབང་བོར་འདུད། ། བློ་བཟང་བསྟན་པའི་རྒྱལ་མཚན་མཆོག ། འཛིན་ལ་འཇིགས་བྲལ་མཚུངས་མེད་པ། ། ཡེ་ཤེས་རྒྱ་མཚོའི་གཏེར་གཅིག་པུ། ། རོང་ཆེན་བསྟན་པའི་སྒྲོན་མེར་འདུད། །ཟབ་རྒྱས་ལེགས་བཤད་སྨན་ཐུར་གྱིས། ། བློ་གྲོས་མིག་ཡངས་འབྱེད་པའི་མགོན། ། མཁས་དང་གྲུབ་པའི་མཐར་སོན་པ། །དགེ་བའི་བཤེས་རྣམས་གཙུག་གིས་མཆོད། །ཨེ་མ་བདེ་གཤེགས་སྟོང་དག་ལས། །སྙིགས་དུས་འགྲོ་ལ་ཐུགས་བརྩེ་མཆོག །ནམ་མཁའི་མཐའ་ལས་རབ་ཡངས་པ། །བསྟན་པའི་བདག་པོ་ཐུབ་དབང་ཉིད། །གང་གིས་ཐེག་གསུམ་གདུལ་བྱའི་ཚོགས། །རྣམ་འདྲེན་རྒྱལ་པའི་གོ་འཕང་དུ། །བགྲོད་པའི་ཐབས་ཚུལ་ཟླ་མེད་པ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱིས། །འཁོར་ལོ་གསུམ་གྱི་དགོངས་པའི་བཅུད། ། གྲུབ་མཐའ་རྣམ་བཞིའི་བཀྲལ་བའི་སྲོལ། །འབྱེད་དང་འཛིན་པའི་བཀའ་དྲིན་བསྐྱངས། །དངོས་སྟོབས་རིགས་པའི་འཕྲུལ་ཤུགས་ཀྱིས། །སྟོན་པ་བསྟན་པ་ཐར་ལམ་ཀུན། ། འཁྲུལ་མེད་སྒྲུབ་པའི་ལུགས་སྲོལ་མཆོག །རིགས་པའི་དབང་ཕྱུག་གཉིས་ཀྱིས་བསྐྲུན། །8Skརྗེ་ཙོང་ཁ་པའི་དྲ་བ།
        ཉི་ཟླའི་བགྲོད་པ་ཡངས་པའི་ནོར་འཛིན་འདིར། ། བདེན་གཉིས་ཤེས་བྱའི་རང་མདངས་མ་འདྲེས་པར། །ཡང་དག་རིགས་ཚུལ་འབུམ་གྱིས་གསལ་མཛད་པ། །མདོ་དང་སྡེ་བདུན་བཅས་པའི་སྙན་པ་འཕུར། །རིགས་སྨྲའི་གཙུག་རྒྱན་ལྷ་ཤྱཀ་ཆོས་མཆོག་གིས། །སྡེ་བདུན་དགོངས་དོན་ཟབ་མོའི་དགའ་སྟོན་འབུམ། །སྐལ་ལྡན་ཐར་འདོད་དགྱེས་པའི་མཆོད་སྦྱིན་དུ། །སྤེལ་པའི་གྲགས་སྙན་དུས་འདིར་རང་སྒྲ་རྒོད། ། ལྗོངས་འདིའི་སྐྱེ་དགུ་ཡོངས་ཀྱི་བསོད་ནམས་ཀུན། །གཅིག་ཏུ་བཟླུམས་པའི་རིན་ཐང་གཞལ་མེད་པས། །ཐུབ་བསྟན་གསེར་གྱི་རྒྱལ་མཚན་ཕྱོགས་ཀུན་ཏུ། །བསྒྲེངས་པའི་སྐལ་བཟང་གངས་ཅན་བོད་ཀྱིས་རྙེད། ། འཁྲུལ་བྲལ་ཐུབ་བསྟན་པད་མོའི་དགའ་ཚལ་གྱིས། ། རིས་མེད་ཕྱོགས་ཀུན་འགེངས་པའི་ངོ་མཚར་དཔྱིད། ། ལྷུན་གྱིས་གྲུབ་པའི་རྫོགས་ལྡན་དཔལ་ཡོན་ཀུན། ། སྔོན་བྱོན་མེས་པོ་དག་གི་དུས་སུ་བྱུང་། །8Skརྗེ་ཙོང་ཁ་པའི་དྲ་བ།
        འཕགས་ཡུལ་མགྲིན་སྔོན་རལ་བའི་དཀྱིལ་འཁོར་ལས། ། ཚད་མའི་གཞུང་ལུགས་ལྷ་ཡི་གང་གཱ་མ། ། གངས་ལྗོངས་ཀེ་ལ་ཤ་འདིར་འདྲེན་པ་ལ། ། རྔོག་ལོ་སྐལ་ལྡན་ཤིང་རྟ་ཟླ་བྲལ་ཉིད། །8Skརྗེ་ཙོང་ཁ་པའི་དྲ་བ།
སྡེ་བདུན་མདོ་དང་བཅས་པ་ཡི། ། དགོངས་དོན་ས་འཛིན་དཀར་པོའི་སྤོར། ། ལུང་རིགས་གད་རྒྱངས་བསྒྲགས་པའི་དཔལ། ། རིགས་པའི་སེང་ཆེན་བརྒྱད་སོགས་བྱོན། ། མཁྱེན་པའི་གཏེར་ཆེན་འཇམ་པའི་དབྱངས་ཀྱིས་མ་འོངས་འགྲོ་བའི་མིག་ཉིད་དུ། ། ལུང་དུ་བསྟན་པ་ཚད་མ་ཀུན་བཏུས་ངེས་དོན་སྐྱེས་དགུའི་སྤྱན་ཡངས་སུ། ། བསྐྲུན་པའི་ཐུགས་བསྐྱེད་ཡོངས་སུ་སྨིན་པ་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཡིས། ། ངེས་དོན་དགོངས་པའི་ཡང་སྙིང་མཐའ་དག་འཆད་རྩོད་རྩོམ་པས་མཁའ་ཁྱབ་མཛད། ། གང་དེའི་གསེར་ཞལ་ཉིན་བྱེད་ལས། ། འཕྲོ་བའི་ལེགས་བཤད་འོད་སྟོང་གིས། ། བསྐྲུན་པའི་མཁས་དབང་ཆུ་སྐྱེས་ཚལ། ། ལུང་རིགས་དྲི་བསུང་ལྡང་བ་ཡིས། ། ནོར་འཛིན་ཡངས་པའི་དཀྱིལ་འཁོར་ཀུན། ། བར་མཚམས་མེད་པར་དཀྲིགས་པ་ན། ། གྲངས་མེད་སྐལ་ལྡན་རྐང་དྲུག་ཚོགས། ། ཟབ་རྒྱས་སྦྲང་རྩིས་ཅི་ཡང་ངོམས། ། དེ་ཚེ་དཔལ་ལྡན་ནཱ་ལེནྡྲཱའི། ། བཤད་དང་སྒྲུབ་པའི་རང་མདངས་ཀུན། ། བསིལ་ལྡན་ར་བའི་ཁོར་ཡུག་ན། ། འཁྲུལ་མེད་མངོན་སུམ་ཉིད་དུ་གྱུར། ། ལུང་རིགས་གཡས་འཁྱིལ་དུང་གི་སྒྲས། ། ཕྱོགས་ཀུན་འགེངས་པའི་ངོ་མཚར་ཅན། ། ཆོས་ཀྱི་སྡེ་ཆེན་གྲངས་མེད་ཀྱིས། ། མཐའ་དབུས་ཀུན་ཏུ་ཁྱབ་པར་བྱས། ། ལྗོངས་འདིའི་རིགས་པའི་སེང་ཆེན་འབུམ། ། ཕྱོགས་གཅིག་འདུས་ཏེ་ལུང་རིགས་ཀྱིས། ། གད་རྒྱངས་སྟོང་གསུམ་སྒྲོག་པའི་གཞི། ། འཇང་དགུན་ཚད་མའི་དགུན་ཆོས་ཉིད། ། དེ་ན་ལུང་རིགས་སྒྲོ་ལྡན་འབུམ། ། ཐལ་ངག་གཞི་མཆོག་ལ་སྦྱར་ཏེ། ། ལོག་རྟོག་སྲོག་རྩ་དྲུངས་འབྱིན་པའི།།མཁས་དབང་གྲངས་ཀྱིས་ཟིན་ཡོད་མིན། ། བཀའ་པོད་གཞུང་བརྒྱའི་རྔ་བོ་ཆེ། ། ལུང་རིགས་དབྱིག་གུས་རྟག་སྣུན་པས། ། འཁྲུལ་མེད་ལེགས་བཤད་དབྱངས་སྙན་གྱིས། ། གོ་ལའི་ཁྱོན་ཀུན་ཁྱབ་པར་བྱས། ། དེ་ལྟའི་རྣམ་པར་ཐར་བའི་རིས། ། ཡིད་ཀྱི་མེ་ལོང་དྭངས་མ་ལ། ། ལན་གཅིག་འཕོ་ན་དགའ་དད་ཀྱིས། ། མིག་ཆུའི་དོ་གལ་གདོང་ལ་སྦྲེང་། ། དེང་ཡང་འཕགས་མཆོག་ཕྱག་ན་པད་མོ་མཆོག ། ༧གོང་ས་རྒྱལ་བའི་དབང་པོ་ཡབ་སྲས་ཀྱིས། ། རིས་མེད་རྒྱལ་བསྟན་ཡོངས་ཀྱི་དགེ་མཚར་དཔལ། ། གོ་ལའི་ཁྱོན་ལ་ཁྱབ་པའི་མཛད་བཟང་བསྐྲུན། ། རིས་མེད་རྒྱལ་བསྟན་ཡོངས་ཀྱི་འཁུར་ཆེན་ཀུན། ། ཞུམ་མེད་ཕྲག་ཏུ་བཞེས་པའི་ཆོས་ཀྱི་རྗེ། ། ཟླ་མེད་རོང་ཆེན་བསྟན་པའི་སྒྲོན་མེ་ཡི། ། མཚུངས་མེད་མཛད་འཕྲིན་ཉི་ཟླའི་འོད་དུ་འབར། ། མགོན་དེས་དུས་འདིར་རྒྱལ་བའི་བསྟན། ། མི་ཉམས་འཕེལ་པའི་ཐབས་ཚུལ་དུ། ། འཁྲུལ་མེད་ལམ་སྟོན་ཚངས་ཐིག་ཀུན། ། བསྟན་འགྲོའི་ཕན་བདེ་གསོས་སུ་སྨིན། ། དེས་ན་མདོ་སྨད་ལྷོ་རྒྱུད་དུ། ། གནའ་བོའི་འཇང་དགུན་ཆེན་མོ་ཡི། ། སྲོལ་བཟང་གསེར་གྱི་བ་དན་མཆོག ། དགུང་དུ་སྒྲེང་པའི་དགེ་ལེགས་ཤར། ། ཀིརྟི་ཚང་གི་གདན་ས་གོང་འོག་གི། ། གཙོར་བྱས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི། །ཚད་མའི་དགུན་ཆོས་ཆེན་མོ་ཞེས་གྲགས་པའི། ། སྙན་པ་སྐྱེ་དགུའི་རྣ་བའི་དཔྱིད་དུ་སྨིན། ། གང་དེའི་བྱུང་རིམ་གསེར་གྱི་མེ་ཏོག་འབུམ། ། ཁུངས་ལྡན་ངེས་དོན་གསུང་གི་ཉིན་བྱེད་ཀྱིས། ། འབྱེད་པའི་ཡང་སྙིང་གཏམ་གྱི་བདུད་རྩིའི་བཅུད། ། དཔྱོད་ལྡན་རྐང་དྲུག་དགྱེས་པའི་གསོས་སུ་བསྐྲུན། །8Skརྗེ་ཙོང་ཁ་པའི་དྲ་བ།
        དེ་ལ་འདིར་གླེང་བར་བྱ་བ་ནི། དུས་གསུམ་རྒྱལ་བ་ཀུན་གྱི་དམིགས་མེད་བརྩེ་བ་ཆེན་པོའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་བདག་པོར་གྱུར་བ་གྲུ་འཛིན་ཞིང་གི་མགོན་པོ་འཕགས་མཆོག་ཕྱག་ན་པད་མོ་དེ་ཉིད། འཇམ་མགོན་བློ་བཟང་རྒྱལ་བའི་རིང་ལུགས་འཁོར་ལོ་བཅུ་བའི་ཤིང་རྟ་ཆེན་པོ་མཐའ་འཁོབ་ཀྱི་རྒྱན་དུ་འདྲེན་པ་ལ་བསྙེངས་པ་མེད་པའི་ཐུགས་བསྐྱེད་ཀྱི་མཛད་བཟང་ཡོངས་སུ་སྨིན་པའི་ཤིང་རྟ་བ་ཆེན་པོ༧རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ། བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་གང་གིས་གསར་འཛུགས་གནང་བའི་མདོ་སྨད་ལྷོ་བརྒྱུད་འདིར་སྔོན་བྱུང་མ་མྱོང་བའི་ལོ་རྒྱས་ཀྱི་རྡོ་རིང་ཆེན་མོ། ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཞེས་གྲགས་པ་འདིའི་ཐོག་མར་བྱུང་རིམ་དང་ད་ལྟའི་ཕྱག་ལེན་རྣམས་འུར་བརྗོད་སྤངས་ཏེ་ཁུངས་ལྡན་གྱི་གསུང་དང་སྦྱར་ནས་རགས་ཙམ་གླེང་ན། དེ་ཡང་བསྟན་པ་ཡང་དར་གྱི་དུས་འདིར་ཀིརྟི་ཚང་གི་བཤད་གྲྭ་ཡོད་པའི་གདན་ས་བཞི་ནས་ཚད་མའི་ཐད་ལ་བསྡུས་གྲྭ་དང་བློ་རྟགས་ཙམ་ལས་སྔོན་སྲོལ་གྱི་ཚད་མའི་སློབ་གཉེར་བྱེད་སྟངས་གཏིང་ཟབ་དེ་སླར་གསོ་བྱེད་མ་ཐུབ་པར་ལོ་དུ་མར་སོང་བ་ན། འཛམ་གླིང་ཞི་བདེ་དེད་དཔོན་༧གོང་ས་རྒྱལ་བའི་དབང་བོའི་འཕྲིན་ལས་ཀྱི་ཤིང་རྟ་པ་ཆེན་པོ་ཆོས་ཀྱི་མདུན་ན་འདོན་དམ་པ༧རོང་ཆེན་བསྟན་པའི་སྒྲོན་མེ༧སྐྱབས་མགོན་ཐམས་ཅད་མཁྱེན་པ་ཉིད་ནས། ཕྱི་ལོ༡༩༩༣ལོར་སྤྱི་སྩོལ་གནང་བའི་སྙན་སྒྲོན་དོན་ཚན་བཅུ་གསུམ་མ་གཉིས་པ་ལས༣༤། ལོ་ན་ཆུང་སྐབས་བསྡུས་གྲྭ་དང་བློ་རྟགས་ནང་རྒྱུན་རིང་མི་བཞུགས་པ་དང་། ལྷག་པར་བླ་སྤྲུལ་དང་རིག་སྟོབས་ཅན་རྣམས་གཞུང་གསར་བར་ཐོད་བརྒལ་གྱིས་ཕེབས་ཆོག་པའི་གནང་བ་ཞུ་སྲོལ་ཡོད་པས་དགུན་ཆོས་ཆེན་མོའི་སྐབས་ཚོགས་ཆེན་རྡོ་གཅལ་ཐོག་ནས་རྣམ་འགྲེལ་གྱི་ཆོས་ཐོག་བཙུགས་ནས་རྣམ་འགྲེལ་གྱི་འཛིན་གྲྭ་མཐོ་དམའ་གྲངས་ཇི་དགོས་གཏན་འབེབས་ཀྱིས་དགུན་ཆོས་རིང་རྣམ་འགྲེལ་རྐྱང་བ་གཟིགས་པས་རྣམ་འགྲེལ་ལ་མཁས་པར་མ་ཟད་གཞུང་འགྱོགས་པར་འཛུགས་ཐུབ་པའི་དགེ་མཚན་ཆེ་བ་དང་ཞེས་བཀའ་ཕེབས་པའི་དགོངས་དོན་གཅེས་ནོར་དུ་བཟུང་ནས། ཕྱི་ལོ༡༩༩༥ལོར་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ཚད་མའི་དམ་བཅའ་ཆེན་མོ་གསར་འཛུགས་མཛད་ཚུལ་ནི། རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཁྲི་ཐོག་སོ་ལྔ་བ་རབ་འབྱམས་སྨྲ་བའི་དབང་ཕྱུག་རྗེ་བཙུན་ཨ་རིག་བློ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་ལས། ༡༩༩༥ལོར་རྟགས་རིགས་འཛིན་གྲྭའི་ལོ་ཐ་མ་ལ་ཚད་མའི་དགེ་རྒན་བསྐོ་བཞག་བྱས་ནས་ལོ་གཅིག་ལ་དཔེ་ཁྲིད་ཆག་མེད་མཛད་ནས་ལོ་མཇུག་ཟླ་བ་བཅུ་བའི་ཚེས་བཅོ་ལྔའི་ནུབ་མཚན་ཕུད་དམ་བཅའ་དང་། ལོ་རེ་རེ་བཞིན་སྟོན་ཀའི་ཆོས་མཚམས་ཟླ་བ་གཅིག་གི་རིང་ལ་ཚད་མའི་དམ་བཅའ་རྣམ་འགྲེལ་དམ་བཅའ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་གསར་ཚུགས་མཛད། ཅེས་གསལ་བ་ལྟར་ལགས་ལ། ལོ་དེ་ནས་བཟུང་ཕྱི་ལོ༢༠༠༧བར་དུ་འཛིན་གྲྭ་བདུན་ནས་ཚད་མའི་དམ་བཅའ་ཆེན་མོ་བཞག་པ་དང་། དེ་བཞིན་དུ་མདོ་སྨད་ལྷོ་རྒྱུད་ཀྱི་བསྟན་པའི་འབྱུང་གནས་ཆེན་པོ་ཨ་མདོ་སྟག་ཚང་དཔལ་གྱི་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཕྱི་ལོ༡༩༩༦ལོའི་རྟགས་རིགས་འཛིན་གྲྭ་དེས་ལོ་གསུམ་ལ་ཚད་མ་སྦྱང་ནས་ཕྱི་ལོ༡༩༩༨ལོར་འཛིན་གྲྭ་དེས་ཧོར་ཟླ༡༢་ཚེས༢༢དགོང་མོའི་ས་རུབ་ཙམ་ནས་སང་གི་ཉིན་ཤར་གྱི་བར་ཚད་མའི་དམ་བཅའ་ཆེན་མོ་ཐེངས་དང་པོ་དེ་བཞག དམ་བཅའ་ཆེན་མོ་འདིའི་སྔོན་འགྲོར་རྟགས་རིགས་འཛིན་གྲྭའི་སློབ་གཉེར་བ་ཡོངས་ནས་དངོས་གཞིའི་ལོར་ཧྲིལ་བོ་ཚད་མའི་གཞུང་ལ་ཐོས་བསམ་དང་། ལྷག་པར་ཧོར་ཟླ་བརྒྱད་པའི་སྟོན་ཁའི་གུང་སེང་ངམ་ཆོས་མཚམས་ཆེན་མོ་ཟླ་གཅིག་རིང་ལ་ཉིན་རེ་ཆག་མེད་ཀྱིས་དུས་ཡུན་ཆུ་ཚོད་བཞི་ལྷག་གི་རིང་ལ་དམིགས་བསལ་ཐད་བསྐོས་ཀྱི་ཚད་མའི་དགེ་རྒན་ལགས་ཀྱི་མདུན་དུ་འཛིན་གྲྭའི་སློབ་གཉེར་བ་ཡོངས་རྫོགས་མ་ཆད་པར་ཕེབས་ཏེ་ཚད་མ་ལ་ཆེད་སྦྱང་ཟབ་མོར་མཛད་ནས་ལོ་གསུམ་པའི་ཧོར་ཟླ༡༢་ཚེས༢༢་དགོང་མོའི་ས་རུབ་ཙམ་ནས་སང་གི་ཉིན་ཤར་བར་ཚད་མའི་དམ་བཅའ་ཆེན་མོ་འཇོག་དགོས་པ་ཡིན། དེ་ལྟར་ཕྱི་ལོ༢༠༠༦ལོའི་བར་དུ་འཛིན་གྲྭ་གསུམ་གྱིས་ཚད་མའི་དམ་བཅའ་ཆེན་མོ་བཞག་པ་ཡིན། དེ་བཞིན་དུ་ཧོར་གཙང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང་དུ་ཚད་མའི་སློབ་སྦྱང་བྱེད་ཚུལ་མ་དགོན་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ཇི་བཞིན་བྱས་ནས་ཕྱི་ལོ༢༠༠༡ལོར་ཚད་མའི་དམ་བཅའ་ཆེན་མོ་ཐེངས་དང་པོ་བཞག་པ་དང་། དེའི་རྗེས་སུ་ཐེངས་གཉིས་པ་ཡང་བཞག་པ་ཡིན། ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དུའང་ཕྱི་ལོ༢༠༠༥ལོར་ལོ་དེའི་ཚད་མའི་འཛིན་གྲྭ་ཡོངས་ཀྱིས་ལོ་གཅིག་གི་རིང་ལ་ཚད་མའི་དཔེ་ཁྲིད་དང་ཚད་མ་ལ་དམིགས་གསལ་སློབ་གཉེར་གཏིང་ཟབ་བྱས་ནས་ཟླ༡༠་པའི་ཚེས༢༠་ལ་ཚད་མའི་དམ་བཅའ་ཆེན་མོ་ཐེངས་དང་པོ་བཞག་པ་ཡིན། འདི་དག་ནི་ཚད་མའི་དགུན་ཆོས་ཆེན་མོ་དངོས་སུ་མ་ཚུགས་པའི་སྔོན་གྱི་ཚད་མའི་དམ་བཅའ་ཆེན་མོའི་བྱུང་རིམ་དང་སློབ་གཉེར་གྱི་སྐོར་རགས་བསྡུས་ཙམ་མོ། །8Skརྗེ་ཙོང་ཁ་པའི་དྲ་བ།
        དེ་ཡང་གདན་ས་གོང་འོག་གང་ཡིན་ཡང་ཚད་མའི་སློབ་གཉེར་ཐད་ལ་རྟགས་རིགས་འཛིན་གྲྭས་ཚད་མའི་དམ་བཅའ་ཆེན་མོ་རེ་བཞག་པ་ཙམ་གྱིས་ཚད་མའི་སློབ་གཉེར་གཏིང་ཟབ་དང་མཐར་ཕྱིན་པ་ཞིག་ཡོང་དཀའ་བས་དགུན་ཆོས་ཆེན་མོའི་ཆོས་ཐོག་དེ་ཚད་མ་ཆེད་སྦྱོང་གི་དུས་ཚེས་སུ་གཏན་ཁེལ་ནས་སློབ་གཉེར་བ་ཡོངས་ཀྱིས་ཚད་མ་སྦྱང་གལ་ཆེ་པར་མཐོང་སྟེ། ཕྱི་ལོ༢༠༠༦ལོར༧རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནས། ༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་མཆོག་གིས། དགུན་ཆོས་ཆེན་མོའི་སྐབས་ཚོགས་ཆེན་རྡོ་གཅལ་ཐོག་ནས་རྣམ་འགྲེལ་གྱི་ཆོས་ཐོག་བཙུགས་ནས་རྣམ་འགྲེལ་གྱི་འཛིན་གྲྭ་མཐོ་དམའ་གྲངས་ཇི་དགོས་གཏན་འབེབས་ཀྱིས་དགུན་ཆོས་རིང་རྣམ་འགྲེལ་རྐྱང་བ་གཟིགས་པས་རྣམ་འགྲེལ་ལ་མཁས་པར་མ་ཟད་གཞུང་འགྱོགས་པར་འཛུགས་ཐུབ་པའི་དགེ་མཚན་ཆེ་ཞེས་བཀའ་ཕེབས་པའི་དགོངས་དོན་དང་ཐུགས་དགོངས་རྣལ་མ་ལྟར་དུ་ཚད་མའི་དགུན་ཆོས་གསར་འཛུགས་བྱ་རྒྱུ་གཏན་འབེབས་བྱས་ནས་དེའི་ཐད་ལ་བཀའ་སློབ་ལམ་སྟོན་ཞུས་པ་ན། དེའི་བཀའ་ལན་དུ༩༣། མདོ་སྨད་ལྷོ་རྒྱུད་ཀྱི་གདན་ས་ཆེན་པོ་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་ཁྲི་གདན་ཟུར། བཀའ་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན། བླ་སྤྲུལ། དགེ་འདུན་འདུས་མང་དང་བཅས་པས༧རྒྱལ་བསྟན་སྤྱི་དང་བྱེ་བྲག༧རོང་ཆེན་བསྟན་པའི་སྒྲོན་མེའི་བསྟན་ལ་གཅིག་ཏུ་སྨན་པའི་ལྷག་བསམ་ཟོལ་མེད་ཀྱིས་ལོ་མང་རིང་དཀའ་སྤྱད་སྡུག་རུས་ཀྱིས༧རྒྱལ་བསྟན་སླར་གསོ་གནང་བའི་མཛད་པར་བཀའ་དྲིན་རྗེས་དྲན་ཞུ་བ་དང་འབྲེལ་ངོས་ནས་སྔ་ཕྱིར་ཞུས་པའི་ལྷག་བསམ་ལ་བུང་བ་གསེར་གཟིགས་ཀྱིས་ཕྱག་ལེན་དུ་བསྟར་གང་ཐུབ་མཛད་པའི་ནང་གསེས་ཚད་མའི་དགུན་ཆོས་གསར་འཛུགས་གནང་ཕྱོགས་ཐད་བཀའ་འདྲི་ཕེབས་པའི་ལན་མདོ་ཙམ་ཞུ་ན། དེང་སྐབས་བོད་ཕྱི་ནང་གི་གྲྭ་བཙུན་གྱི་ཚོགས་སྡེ་ཁག་ལ་འཇང་དགུན་ཆོས་ཞེས་པའི་མཚན་དང་འབྲེལ་ནས་ཚད་མའི་དགུན་ཆོས་ཚོགས་པའི་ལམ་སྲོལ་དར་བཞིན་ཡོད་པས་འཇང་དགུན་ཆོས་ཞེས་པ་འདིའི་ལོ་རྒྱུས་མདོ་ཙམ་མཁྱེན་རྟོགས་ཆེད་ཞུ་ན། ལྷ་སའི་ལྷོ་ནུབ་ཀྱི་གཙང་ཆུའི་བྱང་རྒྱུད་དུ་འཇང་སྟོད་དང་འཇང་སྨད་ཅེས་པའི་ཡུལ་ཚོ་ཆུང་ངུ་ཞིག་ཡོད། འཇང་སྨད་ཀྱི་བྱང་ངོས་ལ་སྟག་ཚང་རྭ་བ་སྟོད་པའམ་རྭ་སྟོད་སྡེ་བ་ཅན་ཞེས་པ་ར་སྟོད་བསྡུས་གྲྭ་འདི་འབྱུང་སའི་དགོན་རྙིང་རབ་བྱུང་བཅུ་གསུམ་པའི་ནང་ཕྱག་བཏབ་པ་ཞིག་ཡོད། བཤད་སྲོལ་ལ་ས་གནས་འདིར་རྭ་སྟོད་དང་རྭ་སྨད་གཉིས་ལས་རྭ་སྨད་ནི་བཙུན་མའི་དགོན་པར་དྲུག་སྒྲ་དང་བར་ཤུན་གྱི་རིག་པའི་འཕྲུལ་གྱིས་བརྩད་ནས་བཙུན་མ་ཚོ་རྩོད་པ་ཕམ་སྟེ་ཁ་ཆད་ལྟར་རྭ་སྨད་ནས་སྤྲད་པ་རེད་ཅེས་ཟེར། རྭ་སྟོད་གྲྭ་ཚང་འདི་དབུས་གཙང་གི་སྔ་མོའི་གདན་ས་ཆེན་པོ་དྲུག་ཅེས་གྲགས་པའི་ནང་ཚན་ཡིན་པར་བཤད། གདན་ས་འདིར་བཀའ་པོད་ལྔའི་འཆད་ཉན་དང་ལྷག་པར་དགུན་དུས་ཀྱི་ཚད་མའི་འཆད་ཉན་དར་རྒྱས་ཆེ་བས་འཇང་སྨད་རྭ་སྟོད་དགོན་པའི་ཚད་མའི་དགུན་ཆོས་ལ་འཇང་དགུན་ཆོས་ཞེས་པའི་གྲགས་པ་ཕྱོགས་ཀུན་ཁྱབ། དུས་ཕྱིས་ས་ཐག་རིང་མདོ་སྟོད་སྨད་དང་ཆེན་པོ་ཧོར་གྱི་ཡུལ་གྲུ་སོགས་ནས་གྲྭ་རྒྱུན་ལོ་ན་སོན་པ་བརྒྱ་ཕྲག་མང་པོ་ལོ་ལྟར་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་ལ་སློབ་གཉེར་གནང་བར་ཕེབས་དུས། འཛིན་གྲྭ་འོག་མ་རྣམས་སུ་ཚད་མ་སྦྱངས་ནས་རྒྱུན་རིང་བཞུགས་མ་ཐུབ་པར་ལམ་སེང་གཞུང་གསར་འཛིན་གྲྭ་གནས་སྤར་ནས་ཐོད་རྒལ་གྱིས་ཕར་ཕྱིན་གཟིགས་སྲོལ་དར་བར་བརྟེན། ཚད་མའི་རྩོད་པ་སྔོན་དུ་མ་སོང་པའི་སློབ་གཉེར་བ་རྣམས་ཀྱིས་གྲྭ་ས་སོ་སོ་ནས་དགོངས་ཞུས་ཀྱིས་དགུན་གྱི་དུས་སུ་རང་མོས་ཆོས་གྲོགས་མཉམ་སྡེབ་ཀྱིས་འཇང་སྨད་རྭ་སྟོད་དགོན་པར་ཟུར་ཞུགས་ཀྱིས་ཚད་མའི་དགུན་ཆོས་ལ་ཕེབས་མཁན་ལོ་རེ་བཞིན་ཇེ་མང་དང་དེར་རྩོད་པ་ཤིན་ཏུ་བྱང་ཆེ་བྱུང་བས་སློབ་གཉེར་ལ་ཉིན་བསྐྱེད་ཞག་བསྐྱེད་བྱུང་བའི་སྙན་གྲགས་འཕེལ་བ་བརྟེན། གདན་ས་གསུམ་ནས་འཇང་དགུན་ཆོས་ལ་ཕེབས་མཁན་རྣམས་མཉམ་རུབ་ཀྱིས་ཚད་མའི་དགེ་རྒན་རེ་གདན་ཞུས་ཀྱིས་ལོ་ཤས་རིང་གི་དགུན་དུས་ཚད་མ་གཟིགས་པར་འཇང་དགུན་ཆོས་ལ་ཕེབས་སྲོལ་ལོ་རེ་བཞིན་འཕེལ་བས། དུས་ཕྱིས་མཚན་ཉིད་ཀྱི་གཞུང་ལ་སྦྱང་པ་མཛད་མཁན་ཞིག་ཡིན་ན་འཇང་དགུན་ཆོས་ལ་དཀའ་སྤྱད་སྡུག་རུས་གནང་བར་མ་ཕེབས་ཐབས་མེད་ལྟ་བུར་གྱུར་པས་དུས་འགྱུར་སྐབས་འཇང་དགུན་ཆོས་འདི་དར་རྒྱས་ཤིན་ཏུ་ཆེ་བའི་སྐབས་ཡིན། དགུན་ཆོས་འདིའི་སྐབས་རྭ་སྟོད་གྲྭ་ཚང་གི་འགྲིག་ལ་གནས་དགོས་པ་མ་ཟད་འཛིན་གྲྭའང་རྭ་སྟོད་གྲྭ་ཚང་གི་ཚད་མའི་འཛིན་གྲྭ་སོ་སོའི་ཐད་དཀར་ཞུགས་ཏེ་རྩོད་པ་གནང་དགོས། དེ་ཡང་ཞོགས་ཆོས། ཉིན་ཆོས། དགོང་མོའི་ཆོས་ར། ལྷག་པར་གདན་ས་ཁག་གི་ཆོས་ཐོག་པ་ཟུར་ཞུགས་རྣམས་ཀྱིས་ས་མ་རུབ་ཙམ་ནས་བཟུང་ཁང་ཚན་སོ་སོ་དང་གྲྭ་ཚང་སོ་སོར་བྱས་ཏེ་དམ་བཅའ་ཆེ་ཆུང་སྣ་ཚོགས་དང་མཚན་ཕུད་དམ་བཅའ་ཚུགས་པ། བླ་སྤྲུལ་སོགས་དམ་བཅའ་བསྐོར་བར་ཕེབས་པ། ཉིན་དང་མཚན་གྱི་དུས་ཚོད་སྟོང་བ་ནམ་བྱུང་ལ་ཚད་མའི་འཛིན་གྲྭ་སྣ་ཚོགས་པའི་དཔེ་ཁྲིད་ཆེ་ཆུང་སྣ་ཚོགས་ལ་ཕེབས་པ་དང་ཚད་མའི་གཞུང་བློ་འཛིན་སྐྱོར་སྦྱང་སོགས་ཀྱིས་ཉིན་མཚན་དུས་འདའ་བ་ཞིག་ཡོད། ས་གནས་དེར་མཐུན་རྐྱེན་ཆེས་ཞན་པ་དང་གྲང་ངར་ལྷག་པར་ཆེ་བས་ཆོས་རའི་ནང་ཐལ་མོ་ཡུན་རིང་བརྡབ་དྲགས་པས་མཛུབ་མོའི་བར་གྱི་པགས་པ་གས་པའི་གསེང་ནས་ཁྲག་ཐིགས་འཛག་པ་དམ་བཅའ་བའི་གདོང་ལ་ཐོར་བ་དང་ཞབས་ལ་ལྷམ་མེད་པར་ས་ལ་བརྡབ་པའི་ཕྱི་རྟིང་གས་པའི་ཁྲག་གིས་རྐང་རྗེས་རྒྱབ་པ་སོགས་ཀྱི་དཀའ་སྤྱད་སྡུག་རུས་མཛད་པའི་རྣམ་ཐར་ཤིན་ཏུ་མང་བ་བཅས་སྤྱིའི་བྱུང་བ་མདོ་ཙམ།8Skརྗེ་ཙོང་ཁ་པའི་དྲ་བ།
        སྐབས་སུ་བབས་པའི་ཞུ་བྱ་ནི། སྔ་མོ་ཡིན་ན་གདན་ས་སྟག་ཚང་ལྷ་མོའི་ཆོས་སྒོར་དང་པོར་ཞུགས་དུས་ལོ་ན་ཆུང་ཤོས་བྱིས་པ་ལོ་དྲུག་བདུན་ནས་བཟུང་ལོ་བཅུ་གྲངས་ཀྱི་བར་ཙམ་ཡིན། དེང་སྐབས་ཡིག་རྨོངས་མེད་པར་བཟོ་དགོས་པ་ནི་འཛམ་གླིང་སྤྱིའི་སྲོལ་ལ་བརྟེན་གཞི་རིམ་འཛིན་གྲྭ་ཞིག་མ་ཐོན་ན་གྲྭ་སར་འཛུལ་ཞུགས་མི་ཐུབ་པ་ལྟ་བུར་འགྱུར་བཞིན་ཡོད་པས་སློབ་གཉེར་པ་ན་ཆུང་ཤོས་ལོ་བཅུ་གྲངས་ནས་ཉི་ཤུ་རྩ་གྲངས་བར་ཡིན། གྲྭ་སར་དང་པོར་འཛུལ་པའི་ལོ་ན་ཆེ་རུ་འགྲོ་བཞིན་ཡོད་དུས་སྔ་སྲོལ་ལྟར་འོག་ཏུ་ཚད་མའི་འཛིན་གྲྭ་ཁ་ཤས་ཀྱི་ནང་ལོ་མང་རིང་ཚད་མའི་གཞུང་རྐྱང་བར་སྦྱངས་ནས་བཞུགས་དགོས་ཚེ། གཞུང་གཙོ་བོ་དབུ་ཕར་སོགས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེ་མུ་མེད་པར་སློབ་སྦྱོང་གནང་རྒྱུར་ལོ་ན་ཆེ་རུ་ཕྱིན་པའི་དཀའ་ངལ་ཞིག་རིམ་གྱིས་འཕྲད་ངེས་ཅན་རེད། དེས་ན་དབུ་ཕར་གྱི་སློབ་སྦྱོང་གནང་ཞོར་ལ་ཚད་མའི་གཞུང་ཐམས་ཅད་ཆད་ལུས་མེད་པར་སློབ་སྦྱོང་གནང་ཐུབ་པ་དང་རྒྱུན་གྱི་རྩོད་ཤུགས་འཕེལ་རྒྱས་ཀྱི་ཆེད་དུ་དམིགས་ནས་དགུན་ཁར་ཚད་མའི་ཆོས་ཐོག་ཅིག་འཚོགས་ཐུབ་ན་འདིས་ཕན་ཐོགས་ངེས་ཅན་ཞིག་ཡོང་བར་མཐོང་ནས་ཚད་མའི་དགུན་ཆོས་ཤིག་ཚོགས་དགོས་པའི་བསམ་ཚུལ་འདི་བྱུང་བ་རེད། འཇང་གི་དགུན་ཆོས་ལ་དམིགས་བསལ་གྱི་འགྲིག་གཞི་མེད་ནའང་དུས་ཕྱིས་གདན་ས་སོ་སོ་ནས་དགུན་ཆོས་ལ་ཕེབས་མཁན་ཤིན་ཏུ་མང་བས་ཆོས་ཐོག་པ་རྒན་པ་རེ་བསྐོ་བཞག་གིས་འགན་དཀྲི་གནང་སྟེ་དེས་གྲྭ་མང་ལ་ལམ་སྟོན་གནང་སྲོལ་ཡོད། དེས་ན་གདན་ས་འདིར་དགུན་ཆོས་སྐབས་ཚད་མའི་ཆོས་ཐོག་ཚོགས་པ་ལ་བརྟེན་ནས་ཚད་མའི་རྩོད་ཤུགས་འཕེལ་ཐབས་དང་གྲྭ་ཚང་མང་ཉུང་གི་གནས་སྟངས་གཞི་ལ་བཞག་སྟེ་མ་བུ་དགོན་གྱི་ཁྲི་ལས་ཟུར། བཀའ་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་རྣམས་དང་། དཔེ་ཁྲིད་དགེ་རྒན་སོགས་བཀའ་བགྲོས་མཛད་ནས་ཚད་མའི་དགུན་ཆོས་ཀྱི་ལམ་སྲོལ་ཞིག་གསར་གཏོད་མཛད་ཐུབ་ན་དོན་དངོས་ཕན་ཐོགས་ཆེ་བ་ཡོང་ངེས་རེད། འོན་ཀྱང་སྔ་མོར་འཇང་དགུན་ཆོས་ལ་ལན་གཅིག་འགྲོ་མྱོང་བའི་ཉམས་མྱོང་ལ་གཞི་བཅོལ་ནས་མཁས་དབང་རྣམས་ཀྱི་དགོངས་པའི་དཔྱད་གཞིའི་ཆེད་དུ་དམིགས་ནས་ཚད་མའི་དགུན་ཆོས་ཚོགས་སྟངས་དང་འབྲེལ་བའི་དོན་ཚན་འགའ་ཤས་དཔེ་མཚོན་ཙམ་དུ་ཞུ་ན། ཞེས་རྩོད་གཞུང་དང་བློ་འཛིན། ཚད་མའི་འཛིན་གྲྭ་དང་རྩོད་མཚམས། ཉིན་རེའི་ཆོས་རའི་མཛད་སྒོ་དང་། མཚན་ཕུད་དམ་བཅའ་ཆུང་བ་དང་མཚན་ཕུད་དམ་བཅའ་ཆེན་མོ་ཚུགས་སྟངས་དང་དེའི་སྐབས་ཀྱི་ཞལ་འདོན། རྟགས་གསལ་གཏོང་མཁན། དཔེ་ཁྲིད་དགེ་རྒན་དང་དཔེ་ཁྲིད་མཛད་སྟངས་སོགས་དོན་ཚན་བཅུ་གསུམ་ཞིབ་གསལ་དུ་སྤྱི་སྩོལ་ཏེ། ༧སྐྱབས་མགོན་རྡོ་རྗེ་འཆང་ཉིད་ནས། དོན་ཚན་བཅུ་གསུམ་པོ་འདི་རྣམས་མཁས་དབང་ཚོའི་དགོངས་པའི་དཔྱད་གཞིའི་ཚུལ་དུ་བྲིས་པ་ཙམ་མ་གཏོགས་གཙོ་བོ་ཀིརྟི་ཚང་གི་དགོན་མ་ལག་གི་རྩོད་ཤུགས་འཕེལ་ཐབས་དང་མ་བུ་དགོན་གྱི་དགོས་མཁོ་ལ་དཔགས་ནས་ལམ་སྲོལ་གསར་གཏོད་མཛད་རྒྱུ་གལ་ཆེ། ད་ལམ་སྟག་ཚང་དཔལ་གྱི་ལྷ་མོའི་གདན་སའི་མཁན་ལས་སྣེ་དང་བཀའ་རམས་འཛིན་གྲྭ་བཅས་ནས་འཆད་ཉན་སློབ་གཉེར་འཕེལ་རྒྱས་ཡོང་ཆེད་ཐུགས་ཁུར་ཆེ་བཞེས་ཀྱིས་བཀའ་བགྲོས་གཅིག་ཏུ་མཐུན་ནས་ཚད་མའི་དགུན་ཆོས་ཁོང་རྡོ་རྗེ་འཆང་གི་བཀའ་སློབ་བཞིན་དུ་ད་ལོར་དགུན་ཆོས་ཆེན་མོར་རྣམ་འགྲེལ་ཆོས་ཐོག་འཛུགས་དགོས་པར་གཏན་འབེབས་མཛད་ཟིན་པའི་ཞུ་འཕྲིན་ཕུལ་བའི་གཏམ་བཟང་འདིས་ངོས་ཀྱི་སེམས་ལ་དགའ་སྤྲོའི་ཚོར་བ་གསར་པ་ཞིག་སྦྱིན་བྱུང་བས་བཀའ་དྲིན་ཐུགས་རྗེ་ཆེ། ཞེས་བཀའ་གསུང་ལམ་སྟོན་འཁྲུལ་མེད་མཛད་པའི་དགོངས་དོན་ལྟར་དུ། ཕྱི་ལོ༢༠༠༦ལོ་དེར་ཀིརྟི་ཚང་གི་བཤད་གྲྭ་ཡོད་པའི་གདན་ས་བཞི་ཀ་ནས་དགུན་ཆོས་ཆེན་མོ་ཟླ་གཅིག་གི་རིང་ཚད་མའི་དགུན་ཆོས་ཆེན་མོའི་སྔོན་འགྲོ་ཚོགས་ཤིང་། འདིའི་རིང་ལ་མཚན་ཕུད་དམ་བཅའ་ཆུང་བ་བཞི་དང་མཚན་ཕུད་དམ་བཅའ་ཆེན་མོ་གཅིག་བཅས་ཡོད་ལ། གཞན་དགོང་མོར་འཛིན་གྲྭ་གོང་འོག་གི་དཀྲུགས་འདུག་གི་དམ་བཅའ་བཅས་བྱས་ནས་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི་བཀའ་སློབ་ལམ་སྟོན་ལྟར་མཛད། ཕྱི་ལོ༢༠༠༧ལོར་ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་དངོས་སུ་འཚོགས་རྒྱུའི་ཐད་ལ། གདན་ས་བཞིའི་ཁྲི་ལས་ཟུར་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། དཔེ་ཁྲིད་དགེ་རྒན་བཅས་ལྷན་འཛོམས་ཀྱིས་དོན་ཚན་བཅུ་གསུམ་ལ་བཀའ་བསྡུར་མཛད་དེ༧སྐྱབས་མགོན་རྡོ་རྗེ་འཆང་ཉིད་ལ་ལམ་སྟོན་བཀའ་འདྲི་ཕུལ་བའི་བཀའ་ལན་དུ༡༡༣། ༧རོང་ཆེན་བསྟན་པའི་སྒྲོན་མེའི་ཆོས་ཀྱི་གདན་ས་མ་བུ་དགོན་བཞིའི་ཁྲི་ལས་ཟུར། བཀའ་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་རྣམས་དང་། དཔེ་ཁྲིད་དགེ་རྒན་སོགས༧རྒྱལ་བསྟན་འཛིན་ཅིང་སྤེལ་བའི་ཁུར་འཛིན་པ་པོ་རྣམས་ད་ལམ་དཀྱིལ་འཁོར་གཅིག་ཏུ་ཐེངས་དང་པོར་གདན་འཛོམས་ནས་ཆོས་འཆད་ཉན་སྤྱི་དང་ལྷག་པར་ཚད་མའི་འཆད་ཉན་རྒྱས་ཐབས་ལ་སྨན་པའི་བཀའ་བགྲོས། ཆོས་ཀྱི་འདུ་བ་དང་པོ་མ་དགོན་སྟག་ཚང་དཔལ་གྱི་ལྷ་མོར་གནང་སྟེ་མེ་ཕག་ལོའི་ས་ག་ཟླ་བའི་ཚེས་བཅུ་གཅིག་ཉིན་ལེགས་གྲུབ་བྱུང་བའི་གཏམ་སྙན་ཐོས་པས་དགའ་སྤྲོ་བླ་མེད་དུ་འཕེལ་ལགས། སྤྱིར་དེང་སང་དུས་སྙིགས་མ་ལས་ཀྱང་ཆེས་སྙིགས་མར་སོང་འཇིག་རྟེན་ཆབ་སྲིད་ཀྱི་བྱ་བ་ལྟ་ཅི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བའང་ཆོས་དང་མཐུན་པར་མཛད་མཁན་ནི་ཉིན་སྐར་ལས་ཀྱང་ཆེས་དཀོན་ཏེ། བསྟན་པའི་བྱ་བར་མིང་གིས་བཏགས་པའི་མི་ཁོམ་པའི་ལས་ཁྲ་ཁྲ་ཟང་ཟིང་སྣ་ཚོགས་པས་ཉིན་མཚན་དུས་འདའ་བར་བྱས་པ་མང་ཆེ་བའང་འཇིག་རྟེན་ཆོས་བརྒྱད་ཀྱིས་བསླད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་པར་མ་ཟད། དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རྣམས་ཀྱི་བློ་ལ་འཇུ་མི་བདེ་བའི་སྲོལ་རྒྱུན་ངན་པ་སྐྱོན་ཅན་སྣ་ཚོགས་པའི་དྲི་མས་སྦགས་པས་ཉོན་མོངས་རྒྱས་པའི་གྲོགས་སུ་གྱུར་པ་མ་གཏོགས། བསྟན་པ་དེ་འཛིན་དང་བཅས་པར་དད་པ་སྐྱེ་བའི་རྐྱེན་དང་མཁས་རྣམས་མགུ་བ་བསྐྱེད་ནུས་པའི་མཛད་བཟང་ཞིག་ག་ལ་ཡིན། དེས་ན༧རྒྱལ་མཆོག་བདུན་པ་ཆེན་པོས། ཆོས་སྤྱོད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུ་ངོ་ཚ་སྤངས་ནས་ནི། ། ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་ལྟ་དམ་པས་སྨད་པའི་ལས་ལ་འཇུག ། ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་བོའི་ཕྲག་ཏུ་ནུབ་ལ་ཉེ། ། ཞེས་དང་། རྗེ་གུང་ཐང་པ་ཆེན་པོས། བསྟན་པའི་བྱ་བར་བཏགས་ནས་དགོན་སྡེ་བསྐྱངས། ། ཆགས་སྡང་རུ་མར་སོང་བ་ཡིད་རེ་མུག ། ཅེས་གསུངས་པ་ནི་དོན་ལ་གནས་པས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཐུགས་མུག་ནས་ཞིང་ཁམས་གཞན་དང་གཞན་དུ་གཤེགས་པའི་ཚུལ་བསྟན་པ་སོགས༧རྒྱལ་བསྟན་ལ་ཁའི་ཉི་མ་ལྟར་གྱུར་པའི་སྐབས་འདིར་ཆོས་མཐུན་གྱི་གཏམ་བཟང་འདི་ལྟ་བུ་རེ་ཐོས་རྒྱུ་ཡོད་པ་ནི༧རྒྱལ་བ་དགྱེས་པའི་མཆོད་པ་བླ་ན་མེད་པ་ཞིག་ཡིན་པར་མ་ཟད། ཁྱེད་རྣམས་ནི་དོན་དམ་པའི་༧རྒྱལ་བསྟན་འཛིན་སྟངས་ངོ་ཤེས་པའི་མཁས་པ་རྣམ་དཔྱོད་ཅན་ཡིན་པར་ངོས་འཛིན་གྱིས་ཐུགས་རྗེ་ཞུ། ཞེས་སོགས་བཀའ་སློབ་དགྱེས་སྩོལ་གནང་ལ་རྒྱས་པར་འདིར་མངས་དོགས་ནས་མ་བྲིས་ལ་ཞིབ་པར་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི་གསུང་འབུམ་པོད་ཕྲེང་བཅུ་གཉིས་པར་གསལ་ལོ། ། འདི་ལྟར་འཁྲུལ་མེད་ཀྱི་ལམ་སྟོན་བཀའ་སློབ་སྔ་ཕྱི་གཉིས་ཀྱི་དགོངས་དོན་ཇི་བཞིན་དུ། གདན་ས་བཞིའི་ཁྲི་ལས་ཟུར་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། དཔེ་ཁྲིད་དགེ་རྒན་བཅས་ལྷན་འཛོམས་ཀྱིས་གནའ་སྔ་མོ་ནས་སློབ་གཉེར་ཐད་དུ་གདན་ས་གོང་འོག་ཕན་ཚུན་ལ་ཕེབས་ནས་རྩོད་པ་དང་དམ་བཅའ་སོགས་ཚོགས་རྒྱུའི་སྲོལ་ཡོད་པ་ལྟར་ཕྱི་ལོ༢༠༠༧ལོ་ནས་བཟུང་ཚད་མའི་དགུན་ཆོས་ཆེན་མོ་འདི་ཡང་ཀིརྟི་ཚང་གི་བཤད་གྲྭ་ཡོད་པའི་གདན་ས་བཞི་འཁོར་རེས་ཀྱི་འཚོགས་དགོས་པའི་ཆོས་ཐོག་ཏུ་གཏན་འབེབས་བྱས་ནས་དེ་ལུགས་བཞིན་རྫོང་དང་ཁུལ་རིམ་པ་ལ་སྙན་ཞུ་ཆོག་མཆན་ཞུས་པ་ན་གོང་རིམ་གྱིས་ཆོག་མཆན་དང་གནང་བ་ལེགས་པར་ཐོབ་སྟེ། ཕྱི་ལོ༢༠༠༧ལོར་ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོ་དེ། ལུང་དང་རིགས་པའི་སྒྲ་བརྒྱ་ཕྱོགས་ཀུན་ལྡིར་བའི་ཆོས་གྲྭ་ཆེན་པོ། གཞུང་ལུགས་རབ་འབྱམས་སྨྲ་བའི་སེང་ཆེན་བྱེ་བའི་བསྟི་གནས། རོང་ཆེན་ཆོས་ཀྱི་རྒྱལ་བོ་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་དངོས་སུ་འཚོགས་པའི་སྐལ་བཟང་མངོན་དུ་གྱུར་ནས་མདོ་སྨད་ལྷོ་རྒྱུད་ཕྱོགས་སུ་སྔོན་ལོ་རྒྱུས་དང་དེབ་ཐེར་དུ་བྱུང་མ་མྱོང་བའི་ཚད་མའི་དགུན་ཆོས་ཆེན་མོ་དེ། ཀིརྟི་ཚང་གི་གདན་ས་གོང་འོག་གི་ཁྲི་བ་དང་མཁན་པོ་རྣམ་པ་དང་དགེ་བའི་བཤེས་གཉེན་དང་སློབ་གཉེར་བ་རྣམས་གཙོས་ལྷ་སའི་དཔལ་ལྡན་འབྲས་སྤུངས་དགོན་པ། རྫ་སེར་ཤུལ་དགོན་པ། རོང་བོ་དགོན་ཆེན། མགར་ཐར་དགོན་པ། བྲག་མགོ་དགོན་པ་སོགས་མདོ་དབུས་ཁམས་གསུམ་གྱི་ཆོས་བརྒྱུད་གྲུབ་མཐའ་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ང་བདུན་ནས་ཕེབས་པའི་བཀའ་པོད་རབ་འབྱམས་སྨྲ་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ལྷ་སའི་འབྲས་སྤུངས་ཀྱི་རྒན་ཕུན་ཚོགས་བཀྲ་ཤིས་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་ནས་ཕེབས་པའི་རྒན་སྦྱིན་པ་དང་། རྫ་སེར་ཤུལ་གྱི་རྒན་བཀྲ་ཤིས་བསོད་ནམས། རོང་བོའི་རྒན་བློ་བཟང་དཔལ་ལྡན་སོགས་དགེ་བཤེས་ཆེན་མོ་བཅུ་ཕྲག་ཁ་ཤས་དང་སློབ་གཉེར་པ་གང་མང་དངོས་ཞུགས་མཛད་ནས་དགེ་འདུན་པ་སུམ་སྟོང་ལྷག་དཀྱིལ་འཁོར་གཅིག་ཏུ་གདན་འཛོམས་ཏེ་ཧོར་ཟླ༡༡ཚེས༡༦ལ་ཡར་ཚོགས་ཀྱིས་ཧོར་ཟླ༡༢ཚེས༡༥ཉིན་བར་དུས་ཡུན་ཟླ་གཅིག་གི་རིང་ལ་རྩོད་པ་དང་བགྲོ་གླེང་། གཏུགས་འདུག་དམ་བཅའ། མཚན་ཕྱེད་དང་མཚན་ཕུད་དམ་བཅའ་ཆེན་མོ་སོགས་ཚད་མ་རིག་པའི་སློབ་གཉེར་ལ་ཤིན་ཏུ་སྨན་པའི་ཐབས་གང་ཟབ་ཀྱིས་ཚོགས་ནས་རིགས་པའི་དབང་ཕྱུག་ཕྱོགས་གླང་ཡབ་སྲས་ནས་བརྒྱུད་པའི་ཚད་མའི་གཞུང་ལུགས་ཟབ་མོའི་དགོངས་དོན་ལས་འཕྲོས་པའི་ལུང་རིགས་ཀྱི་འབྲུག་སྒྲའི་དབྱངས་སྙན་ཕྱོགས་ཀུན་ལ་ཁྱབ་པར་བྱས་ཏེ། ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཞེས་པའི་ལོ་རྒྱུས་ཀྱི་རྡོ་རིང་གསར་བ་ཞིག་བླ་ན་བླར་བསྒྲེངས་སོ། །8Skརྗེ་ཙོང་ཁ་པའི་དྲ་བ།
        ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་གཉིས་པ་ནི། མདོ་སྨད་ཀྱི་དཔལ་ནཱ་ལེནྡྲཱ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ཕྱི་ལོ༢༠༠༨ལོར་འཚོགས་རྒྱུ་གཏན་ཁེལ་ཡང་ལོ་དེ་ནི་བོད་ཁ་བ་རི་བའི་ཕྱོགས་ཡོངས་ལ་དུས་འགྱུར་གྱི་གཞན་དབང་བཙན་པོས་གནས་སྟངས་ཀྱི་འགྱུར་བ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ནི་སུས་ཀྱང་བཤད་མི་དགོས་པ་ཡིན་པས་ལོར་དེར་ཚོགས་མ་ཐུབ་ལ། འོན་ཀྱང་ཕྱི་ལོ༢༠༠༩ལོར་ཟླ་གཉིས་པར་དུས་ཚོད་ཀྱི་བར་གསེང་གློ་བུར་བ་ཞིག་ཐོབ་པས་གོ་སྐབས་དམ་འཛིན་བྱས་ཏེ་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་གཉིས་པ་དངོས་སུ་འཚོགས་ཐུབ་པར་བྱུང་། དེ་ལྟར་ཡིན་ཡང་ཡོད་ཚད་གཞན་དབང་ཁོ་ནས་ཁ་ལོ་བསྒྱུར་བས་ཕྱོགས་གཞན་ཕར་བཞག་གདན་ས་གོང་འོག་ལྷན་འཛོམས་ཀྱང་བྱུང་མ་ཐུབ། ཟླ་གཅིག་གི་ཡུན་ལ་རྔ་ཡུལ་ཀིརྟི་དགོན་ཆེན་གྱིས་གཙོར་བྱས་ནས་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་བདུན་ཅུ་དོན་གསུམ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་བ་བཞི་སྟོང་དྲུག་བརྒྱ་ལྷག་འདུས་ཏེ་ཚད་མ་རིག་པ་ལ་དཔྱད་བསྡུར་བགྲོ་གླེང་གི་སྒོ་ནས་སློབ་གཉེར་ཡང་སྙིང་ལྡན་པར་བྱས་སོ། །8Skརྗེ་ཙོང་ཁ་པའི་དྲ་བ།
        ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་གསུམ་པ་ནི། ཕྱི་ལོ༢༠༠༩ལོར་མདོ་སྨད་ཚ་བ་རོང་གི་ཆོས་ཀྱི་སྡེ་ཆེན་པོ་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དུ་འཚོགས་རྒྱུ་གཏན་ཁེལ་ན་ཡང་ལོ་དེ་ནི་ད་དུང་བོད་ཀྱི་ས་ཁུལ་གང་དུའང་དགོན་སྡེ་མང་པོ་ལྷན་འཛོམས་ཀྱིས་ཚད་མའི་དགུན་ཆོས་སོགས་འཚོགས་རྒྱུའི་ཐད་ལ་སྲིད་གཞུང་གིས་བཀག་འགོག་བྱས་པའི་རྒྱ་ཚད་ལོ་སྔ་མ་ཇི་བཞིན་དུ་གྱུར་བའི་རྐྱེན་གྱིས་གདན་ས་གོང་འོག་སོགས་ཆོས་སྡེ་མང་པོ་ལྷན་ཚོགས་ཀྱིས་ཚད་མའི་དགུན་ཆོས་ཆེན་མོ་ཚོགས་ཐུབ་པའི་གོ་སྐབས་མ་བྱུང་ཀྱང་དེ་ནི་ལོ་རྒྱུས་ཀྱི་ཤོག་དེབ་གསར་བ་ཞིག་ཏུ་འགྱུར་རྒྱུ་ལས་གཞན་བྱ་ཐབས་བྲལ། འོན་ཀྱང་ལོ་དེའི་དགུན་ཆོས་ཆེན་མོའི་སྐབས་སུ་ཀིརྟི་ཚང་གི་བཤད་གྲྭ་ཡོད་པའི་གདན་ས་བཞི་ནས་རང་རང་གི་སར་ཚད་མའི་དགུན་ཆོས་ཆེན་མོའི་ཚོགས་སྟངས་དང་། རྩོད་པ། གཏུགས་འདུག་དམ་བཅའ། མཚན་ཕྱེད་དང་མཚན་ཕུད་སོགས་ཐམས་ཅད་མ་ཉམས་པར་བྱས་ནས་གང་ཟབ་ཞིག་ཚོགས་པ་ཡིན།8Skརྗེ་ཙོང་ཁ་པའི་དྲ་བ།
        ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བཞི་བ་ནི། ཕྱི་ལོ༢༠༡༠ལོར་རྒྱ་བོད་ས་མཚམས་ཀྱི་བསྟན་པའི་བ་དན་ཆེན་མོ་ཧོར་གཙང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང་དུ་འཚུགས་རྒྱུ་གཏན་ཁེལ་བྱས་ལ། ལོ་དེར་ཚད་མའི་དགུན་ཆོས་ཆེན་མོ་རྒྱ་ཆེན་ཞིག་འཚོགས་རྒྱུ་ལ་བཀག་འགོག་ཡོད་པས་ལོ་དེར་༧སྐྱབས་མགོན་ཐམས་ཅད་མཁྱེན་པའི་གཟིམ་ཆུང་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་དང་སྒོ་བསྟུན་གྱིས་ཧོར་ཟླ་བཅུ་བའི་ཚེས་བརྒྱད་ནས་ཉིན་བདུན་གྱི་རིང་ལ་གདན་ས་གོང་འོག་གི་དགེ་བའི་བཤེས་གཉེན་རྣམས་དབུ་བཞུགས་ཀྱིས་སློབ་གཉེར་པ་ཉུང་བསྡུས་རེ་དང་གཞན་རོང་བོ་དགོན་ཆེན་དང་ཁམས་མགར་ཐར་སོགས་ཆོས་སྡེ་བཅུ་ལྷག་གི་དགེ་བའི་བཤེས་གཉེན་དང་སློབ་གཉེར་པ་ཉུང་ངུ་རེ་དངོས་ཞུགས་གནང་ནས་གཏུགས་འདུག་དམ་བཅའ་དང་མཚན་ཕྱེད་དང་མཚན་ཕུད་ཆེན་མོ་ཆ་ཚང་ཡོད་པའི་སྒོ་ནས་ཚད་མའི་དགུན་ཆོས་ཐེངས་བཞི་བ་ཚོགས་ཐུབ་པར་བྱས།8Skརྗེ་ཙོང་ཁ་པའི་དྲ་བ།
        ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་ལྔ་བ་ནི། མདོ་སྨད་ལྷོ་རྒྱུད་ཀྱི་བསྟན་པའི་འབྱུང་གནས། ༧རོང་ཆེན་ཆོས་ཀྱི་རྒྱལ་བོ་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཕྱི་ལོ༢༠༡༡ལོར་ཚོགས། སྐབས་དེར་ཕྱི་ནང་གཉིས་ཀ་ནས་རྐྱེན་མང་པོ་ཞིག་གི་ནུས་ཤུགས་ཀྱིས་སྲིད་གཞུང་གི་ལས་བྱེད་དག་གིས་བློ་རྒྱ་ཡངས་པོ་དང་མིག་རྒྱ་རིང་བོ་བྱས་ནས་རྔ་ཁུལ་ཙམ་མ་ཡིན་པར་ཞིང་ཆེན་གཞན་དག་ནས་གདན་ཞུས་ཀྱིས་ཚད་མའི་དགུན་ཆོས་ཆེན་མོ་ཚོགས་ཆོག་པའི་ཆོག་མཆན་ལེགས་པར་ཐོབ་པ་མ་ཟད་ཚད་མའི་དགུན་ཆོས་ལ་རོགས་སྐྱོར་གང་ལེགས་གནང་བས། ཀིརྟི་ཚང་གི་གདན་ས་གོང་འོག་གི་ཁྲི་བ་དང་མཁན་པོ་རྣམ་པ་དང་དགེ་བའི་བཤེས་གཉེན་དང་སློབ་གཉེར་བ་རྣམས་གཙོས་འབུམ་རྙིང་དགོན་དང་། རྫ་དར་རྒྱས་དགོན། ཁམས་དཀར་བཞི་དགོན། ཡུན་ནན་མི་ལི་དགོན་ཆེན། མཚོ་སྔོན་གཙང་དགོན་པ་དང་རོང་པོ་དགོན་ཆེན། ཤིས་ཚང་སྒར་གསར། རྔ་བའི་བོན་པོ་སྣང་གཞི་དགོན་པ་སོགས་སི་ཁྲོན་དང་། མཚོ་སྔོན་དང་ཀན་ལྷོ། ཡུན་ནན་དང་ལྷ་ས་བཅས་ཞིང་ཆེན་དང་ཁུལ་མི་འདྲ་བ་དག་གི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཆོས་སྡེ་དྲུག་ཅུ་རེ་དགུ་ནས་ཕེབས་པའི་དགེ་པའི་བཤེས་གཉེན་ཆེན་མོ་རྒྱ་གར་བྱེས་པ་གྲྭ་ཚང་གི་རྒན་བཀྲ་ཤིས་བསོད་ནམས་དང་། འབུམ་རྙིང་གི་རྒན་བློ་བྷ་དང་སེར་ཤུལ་རྒན་ཚུལ་ཁྲིམས། གཙང་དགོན་པའི་རྒན་བློ་བཟང་རྒྱ་མཚོ། རོང་བོའི་རྒན་བློ་བཟང་དཔལ་ལྡན། ཤིས་ཚང་གི་རྒན་སྐལ་བཟང་རྒྱ་མཚོ་སོགས་བཅུ་ཕྲག་དུ་མ་དང་སློབ་གཉེར་པ་སྟོང་གཅིག་དང་བརྒྱ་ལྷག་འཚོགས་ཏེ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་ཉིན་ཉི་ཤུའི་རིང་ལ་རྩོད་པ་དང་གཏུགས་འདུག་དམ་བཅའ། མཚན་ཕྱེད་དང་མཚན་ཕུད་དམ་བཅའ་ཆེན་མོ་སོགས་ཚད་མའི་དགུན་ཆོས་ཆེན་མོའི་ཚོགས་སྟངས་ཀྱི་ཟུར་གཅིག་ཀྱང་མ་ཉམས་པར་ཇི་བཞིན་བྱས་ནས་ཚོགས་ཏེ། ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་དེ་དུས་ནམ་ཡང་རྒྱ་གང་ཆེས་ཀྱིས་ཚོགས་ཆོག་པའི་ལམ་སྲོལ་གྱི་སྒོ་འཕར་ཡངས་པོར་ཕྱེས་སོ། །8Skརྗེ་ཙོང་ཁ་པའི་དྲ་བ།
        ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དྲུག་པ་ནི། ལུང་རིགས་ཀྱི་མགྲིན་རྔ་དབྱངས་སུ་སྒྲོགས་པའི་ཆོས་ཀྱི་དགའ་ཚལ་ཆེན་པོ། བཀའ་པོད་རབ་འབྱམས་ཀྱི་དགོངས་དོན་སྨྲ་བ་ལ་བསྙེངས་པ་མེད་པའི་མཁས་དབང་འབུམ་གྱི་བསྟི་གནས་མདོ་སྨད་ཀྱི་དཔལ་ནཱ་ལེནྡྲཱ་ཆེན་པོ་རྔ་བ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ཕྱི་ལོ༢༠༡༢ལོར་ཚོགས། སྐབས་དེར་ཀིརྟི་ཚང་གི་གདན་ས་གོང་འོག་གི་ཁྲི་བ་དང་མཁན་པོ་རྣམ་པ་དང་དགེ་བའི་བཤེས་གཉེན་དང་སློབ་གཉེར་བ་རྣམས་ཀྱིས་གཙོས་རྒྱ་གར་འཕགས་པའི་ཡུལ་དང་བོད་ཆོལ་ཁ་གསུམ་ནས་ཕེབས་པའི་གསར་མ་དང་རྙིང་མ། བཀའ་བརྒྱུད་དང་ས་སྐྱ། ཇོ་ནང་། གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་བརྒྱ་དང་ཉེར་གསུམ་དང་སློབ་གཉེར་པ་དྲུག་སྟོང་བཞི་བརྒྱ་ལྷག་དང་། གདན་ས་གོང་འོག་གི་དགེ་བའི་བཤེས་གཉེན་རྣམས་དང་། གཞན་རྒྱ་གར་ལྷོ་ཕྱོགས་སོགས་བོད་ཕྱི་ནང་ནས་ཕེབས་པའི་དགེ་བའི་བཤེས་གཉེན་ཆེན་མོ་འབྲས་སྤུངས་བློ་གསལ་གླིང་བའི་དགེ་བཤེས་ལྷ་རམས་པ་དགེན་དཔལ་ལྡན་ཡེ་ཤེས། དགེ་བཤེས་ལྷ་རམས་པ་བཀྲ་ཤིས་བསོད་ནམས། དགེ་བཤེས་འདན་མ་དགེ་ལེགས། སེ་རའི་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེར། དགེ་བཤེས་ལྷ་རམས་པ་འབྲུག་གྲགས། དགེ་བཤེས་ལྷ་རམས་པ་མཁར་ནང་བློ་བཟང་ཡར་རྒྱས། དགེ་བཤེས་ལྷ་རམས་པ་བསོད་ནམས་བཟང་པོ། དགེ་བཤེས་ཆེན་མོ་བྲག་མགོའི་སྦྱིན་པ། སྟོང་སྐྱབས་དགོན་པའི་མཁན་པོ་སང་། དགེ་བཤེས་རོང་བོ་བློ་བཟང་དཔལ་ལྡན། ཇོ་ནང་བ་དགེ་བཤེས་དངོས་གྲུབ་དཔལ་བ། དགེ་བཤེས་འབྲོག་དགེ་དཔལ་ལྡན། དགེ་བཤེས་འཛམ་ཐང་སྨོན་གྲོལ་སོགས་གྲུབ་མཐའ་རིས་མེད་ཀྱི་དགེ་བཤེས་བཅུ་ཕྲག་དུ་མ་དཀྱིལ་འཁོར་གཅིག་ཏུ་ཞལ་འཛོམས་ནས། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་ཉིན་ཉི་ཤུའི་རིང་ལ་རྩོད་པ་དང་བགྲོ་གླེང་། གཏུགས་འདུག་དམ་བཅའ། མཚན་ཕྱེད་དང་མཚན་ཕུད་དམ་བཅའ་ཆེན་མོ་སོགས་གང་ཟབ་གང་རྒྱས་ཀྱིས་ཚོགས་པས། འུར་བརྗོད་ཀྱི་དབྱངས་རྟ་ཙམ་མ་ཡིན་པར་བོད་ཀྱི་ལྗོངས་འདིར་གང་དུ་ཡང་ཚོགས་མ་མྱོང་བའི་ཚད་མའི་དགུན་ཆོས་ཆེན་མོ་ཤིན་ཏུ་རྒྱ་ཆེ་བ་ཞིག་ཚོགས་ཏེ་གྲགས་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་གཡོ་པར་བྱས་སོ། །8Skརྗེ་ཙོང་ཁ་པའི་དྲ་བ།
        ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བདུན་པ་ནི། ༧རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་རིམ་བྱོན་གྱི་རིང་ལུགས་དྲི་མ་མེད་པའི་གསེར་གྱི་རྒྱལ་མཚན་མཐོ་པོ་སྟོད་ཕྱོགས་ཚ་བ་རོང་དུ་སྤེལ་བའི་བྱེད་པོ་དམ་པ། མདོ་སྔགས་ལུང་རིགས་ཀྱི་སྒྲ་དབྱངས་བར་མེད་དུ་ལྡིར་བའི་ཆོས་སྡེ་ཆེན་པོ་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དུ་ཕྱི་ལོ༢༠༡༣ལོར་ཚོགས། སྐབས་དེར་ཀིརྟི་ཚང་གི་གདན་ས་གོང་འོག་གི་ཁྲི་བ་དང་མཁན་པོ་རྣམ་པ་དང་དགེ་བའི་བཤེས་གཉེན་དང་སློབ་གཉེར་བ་རྣམས་ཀྱིས་གཙོས་འབྲས་སྤུངས་དགོན་པ། སེར་ཤུལ་དགོན། བླ་རུང་དགོན། དཀར་མཛེས་དགོན། བྲག་མགོ་དགོན། རྫ་དར་རྒྱས་དགོན། རོང་བོ་དགོན་ཆེན། མཚོ་སྔོན་གཙང་དགོན། འཛམ་ཐང་གཙང་དགོན། མགར་ཐར་དགོན། འབུམ་རྙིང་དགོན། ཆབ་ཆ་དགོན། གདུགས་དཀར་དགོན་པ་སོགས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་གྱ་བརྒྱད་ནས་ཕེབས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འབྲས་སྤུངས་བློ་གླིང་དགེ་བཤེས་ལྷ་རམས་པ་རྒན་རིག་འཛིན་མཆོག་དང་། འབྲས་སྤུངས་བློ་གླིང་དགེ་བཤེས་ལྷ་རམས་པ་རྒན་དཀོན་མཆོག་ནོར་བུ། འབྲས་སྤུངས་བློ་གླིང་དགེ་བཤེས་ལྷ་རམས་པ་རྒན་དཔལ་ལྡན་ཡེ་ཤེས་དང་རྒན་བཀྲ་ཤིས་བསོད་ནམས་དང་རྒན་བྲག་མགོ་སྦྱིན་པ་བཅས་དང་། ལྷ་སའི་བློ་གླིང་དགེ་བཤེས་རྒན་གསེར་མདོག། སེར་བྱེས་དགེ་བཤེས་ལྷ་རམས་པ་རོང་བོའི་རྒན་ཡོན་ཏན་དང་རྒྱ་རོང་འཇིགས་མེད། སྒོ་མང་དགེ་བཤེས་ལྷ་རམས་པ་རྒན་འཇམ་དབྱངས་རྒྱ་མཚོ། རོང་བོའི་རྒན་བློ་བཟང་དཔལ་ལྡན། སེར་ཤུལ་དགོན་པའི་རྒན་ཚུལ་ཁྲིམས། རྫ་དར་རྒྱས་དགོན་པའི་དགེ་རྒན་བཞི་དང་། དཀར་མཛེས་དགོན་པའི་དགེ་རྒན་བཞི་སོགས་དགེ་བཤེས་ཆེན་མོ་སུམ་ཅུ་ལྷག་དང་སློབ་གཉེར་བ་སྟོང་དང་དྲུག་བརྒྱ་ལྷག་དངོས་སུ་ཞལ་འཛོམས་ཀྱིས་ཧོར་ཟླ་དགུ་བའི་ཚེས་གཉིས་ནས་ཉིན་ཉི་ཤུའི་རིང་ལ་རྩོད་པ་དང་གཏུགས་འདུག་དམ་བཅའ། དགེ་བཤེས་ལྷ་རམས་པའི་སྔོན་འགྲོའི་གྲྭ་སྐོར། མཚན་ཕྱེད་དང་མཚན་ཕུད་དམ་བཅའ་ཆེན་མོ་སོགས་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་ཇི་བཞིན་དུ་འཚོགས་ཏེ། ངེས་དོན་གྱི་འཆད་ཉན་ལ་སྨན་པའི་ལུང་རིགས་ཀྱི་བགྲོ་གླེང་རིང་མོས་ཚ་བ་རོང་དུ་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་ལུགས་ལ་འཆད་རྩོད་རྩོམ་པའི་སྲོལ་བཟང་གི་འོད་སྟོང་འབར་བའི་ཉིན་བྱེད་ཆེས་ཆེར་གསལ་བར་བྱས་སོ། །8Skརྗེ་ཙོང་ཁ་པའི་དྲ་བ།
        ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བརྒྱད་པ་ནི། ༧རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་མདོ་སྨད་རྒྱ་བོད་མཚམས་སུ་སྤེལ་བའི་འཕྲིན་ལས་ཀྱི་བྱེད་པོ་དམ་པ། ལུང་རིགས་ཀྱི་དབྱངས་སྙན་ཕྱོགས་ཀུན་ཏུ་སྒྲོགས་པའི་ཆོས་སྡེ་ཆེན་པོ་ཧོར་གཙང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང་དུ་ད་ལོ་སྟེ་ཕྱི་ལོ༢༠༡༤ལོ་འདི་ལ་འཚོགས། སྐབས་འདིར་ཡང་ཀིརྟི་ཚང་གི་གདན་ས་གོང་འོག་གི་ཁྲི་བ་དང་མཁན་པོ་རྣམ་པ་དང་བཀའ་པོད་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་བ་ཡོངས་ཀྱིས་གཙོས་མཚོ་སྔོན་གཙང་དགོན་པ། རོང་བོ་དགོན་ཆེན། བིས་མདོ་དགོན་ཆེན། ཀ་རིང་དགོན་པ། དཀར་མཛེས་དགོན་པ། མགར་ཐར་དགོན་པ། ཆས་པ་རྒྱ་མཁར་དགོན་པ། རྔོག་རྒྱ་མོ་སྒར། རྒན་གྱ་དགོན་པ། བྱམས་མེ་དགོན་པ། དམུ་དགེ་དགོན་ཆེན་སོགས་ཆོས་སྡེ་ཉེར་དྲུག་ལས་ཕེབས་པའི་བཀའ་རབ་འབྱམས་སྨྲ་བའི་དབང་ཕྱུག་འབྲས་སྤུངས་བློ་གླིང་དགེ་བཤེས་ལྷ་རམས་པ་རྒན་དཀོན་མཆོག་ནོར་བུ་དང་རྒན་བཀྲ་ཤིས་བསོད་ནམས། འབྲས་སྤུངས་སྒོ་མང་དགེ་བཤེས་ལྷ་རམས་པ་རྒན་འཇམ་དབྱངས་རྒྱ་མཚོ། གཙང་དགོན་པའི་དགེ་བཤེས་ཨ་ལགས་བཏང་སྙོམས་རིན་པོ་ཆེ། གཙང་དགོན་པའི་དགེ་བཤེས་མཆོད་ཡོན་རྒྱ་མཚོ། རོང་བོ་དགོན་ཆེན་གྱི་དགེ་བཤེས་བློ་བཟང་དཔལ་ལྡན་དང་། དགེ་བཤེས་བསྟན་འཛིན་ཀུན་དགའ་དང་དགེ་བཤེས་ཞོ་ཕུང་བློ་བཟང་། ཆས་པ་རྒྱ་མཁར་དགོན་པའི་དགེན་རྒན་གྱའི་དཀོན་མཆོག་རྒྱ་མཚོ། བྱམས་མེ་དགོན་པའི་རྒན་བསམ་གཏན་སོགས་དགེ་བཤེས་ཆེན་མོ་བཅུ་ཕྲག་དུ་མ་དང་སློབ་གཉེར་བ་བདུན་བརྒྱ་ལྷག་དཀྱིལ་འཁོར་གཅིག་ཏུ་གདན་འཛོམས་ནས་ཉིན་ཉི་ཤུའི་རིང་ལ་རྩོད་པ་དང་གཏུགས་འདུག་དམ་བཅའ། དགེ་བཤེས་ལྷ་རམས་པའི་སྔོན་འགྲོའི་གྲྭ་སྐོར། མཚན་ཕྱེད་དང་མཚན་ཕུད་དམ་བཅའ་ཆེན་མོ་སོགས་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་དང་ཚད་མའི་དགུན་ཆོས་ཀྱི་བཀའ་ལན་གྱི་ཚངས་ཐིག་ཇི་བཞིན་དུ་ཚོགས་ཏེ། དཔལ་ནཱ་ལེནྡྲཱ་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་ལུགས་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ལ་དྲི་མ་མེད་པའི་རིགས་པའི་དཔྱད་བསྡུར་གྱི་ལུགས་སྲོལ་ཆེན་པོ་ཚད་མའི་དགུན་ཆོས་ཆེན་མོ་ཞེས་སྔོན་ནས་ད་བར་དུ་ཀན་ལྷོའི་ཞིང་ཆེན་དུ་དར་མ་མྱོང་བའི་ལོ་རྒྱུས་ཀྱི་དེབ་ཐེར་གསར་བ་ཞིག་གི་དགེ་ལེགས་ཐོག་མར་བསྐྲུན་པར་བྱས་སོ། །8Skརྗེ་ཙོང་ཁ་པའི་དྲ་བ།
        དེ་ལྟར་ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོ་ནས་དྲུག་པའི་བར་ནི། འཛིན་གྲྭ་དང་རྩོད་མཚམས། ཚོགས་དང་ཆོས་གྲྭ། རྩོད་པ་དང་གཏུགས་འདུག་དམ་བཅའ། མཚན་ཕྱེད་དང་མཚན་ཕུད་དམ་བཅའ་ཆེན་མོ་སོགས་ཚད་མའི་དགུན་ཆོས་ཚོགས་སྟངས་དང་སྒྲིག་ལམ་སོགས་ཐམས་ཅད་གོང་དུ་གསལ་བར་བཤད་ཟིན་ལྟར༧སྐྱབས་མགོན་རྡོ་རྗེ་འཆང་ལ་ཚད་མའི་དགུན་ཆོས་ཆེན་མོའི་འཚོགས་སྟངས་ཀྱི་རིམ་པ་སོགས་བཀའ་འདྲི་ཞུས་པའི་བཀའ་ལན་གཞིར་བྱས་ནས་ཚོགས་པ་ཡིན་ནོ། ། དེ་ཡང་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་བོད་ཟླ༡༠ཚེས༡༥དང་། ཕྱི་ལོ༢༠༡༢ཟླ༡༢ཚེས༨ལ། ༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ཉིད་ནས་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་འཆད་ཉན་སློབ་གཉེར་གྱི་ལམ་སྲོལ་གཅིག་གྱུར་ཡོང་ཐབས་ཀྱི་རྩ་འཛིན་ཡིག་ཆ་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་དང་། དེའི་ཟུར་རྒྱན་བཅས་པ་སློབ་འབངས་ཡོངས་ལ་སྤྱི་སྩོལ་དུ་གནང་ཞིང་། གདན་ས་བཞི་ཀས་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་དང་། དེའི་ཟུར་རྒྱན་བཅས་པའི་དགོངས་དོན་ཕྱག་ལེན་དུ་བསྟར་ཏེ་གདན་ས་བཞི་ཀ་འཆད་ཉན་སློབ་གཉེར་མཛད་སྟངས་གཅིག་གྱུར་བྱ་དགོས་པའི་སྐོར་རྫོང་དང་ཁུལ་སོགས་གོང་རིམ་ལ་སྙན་ཞུ་ཆོག་མཆན་ཞུས་པ་ན་ཁུལ་དཔོན་ཆེན་མོས་གཙོས་གོང་རིམ་ནས་དགོངས་པ་ཆེར་བཞེས་ཀྱིས་ཆོག་མཆན་ལེགས་པར་གནང་བས། ཕྱི་ལོ༢༠༡༣ལོའི་ཧོར་ཟླ་གཉིས་པའི་ཚེས་གཅིག་ནས། མཉམ་མེད་བུ་རམ་ཤིང་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་ཚུལ་རྨད་དུ་བྱུང་བ། གཞུང་ཆེན་དཀའ་པོད་ལྔ་དང་རྒྱུད་སྡེ་བཞི་ལ་སློབ་གཉེར་མཐར་ཆགས་དཔྱིས་ཕྱིན་པར་མཛད་ཚུལ་གྱི་འཁྲུལ་མེད་ལམ་སྟོན་གྱི་ཚངས་ཐིག་ཆེན་མོ། སྔོན་བྱོན་འཕགས་བོད་ཀྱི་མཁས་དབང་སུས་ཀྱང་བློ་གྲོས་ཀྱི་ར་བར་མ་ཤོང་ཞིང་ལྗགས་ཡངས་ཀྱི་རྩེ་ནས་མ་ཐོན་པའི་སྔོན་མེད་ལེགས་བཤད་རིན་པོ་ཆེ་བཅའ་ཡིག་བློ་གསལ་འཇུག་ངོགས་དང་དེའི་ཟུར་རྒྱན་དང་བཅས་པའི་དགོངས་དོན་ཟུར་གཅིག་ཀྱང་མ་བཅག་པར་གདན་ས་བཞི་ཀ་གཅིག་མཚུངས་ཀྱིས་ཤར་བསྐྱོད་བྱས་པས། ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བདུན་པ་དང་བརྒྱད་པ་གཉིས་ནི། བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་དང་དེའི་ཟུར་རྒྱན། ཕྱི་ལོ་༢༠༡༣ལོར་ཚད་མའི་དགུན་ཆོས་ཐད་ལ་དོན་ཚན་འགའ་རེ་བཀའ་འདྲི་ཞུས་པའི་བཀའ་ལན་གཞིར་བཞག་བྱས་ནས་ཚོགས་པ་ཡིན་ལ། མ་འོངས་པ་ན་ཡང་འདི་ཇི་བཞིན་བྱས་ནས་འཚོགས་རྒྱུ་ནི་འགྱུར་མེད་ཀྱི་གཏན་ཁེལ་ཡིན་ནོ། ། དེས་ན་ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་འཚོགས་སྟངས་དང་སློབ་གཉེར་གྱི་རིམ་པ་ཕྲ་ཞིབ་ནི། བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་ལས༨༣། ཡུལ་དབུས་ཀྱི་འཇང་དགུན་ཆོས་ཆེན་མོ་དང་མཚུངས་པར་ཀིརྟི་ཚང་གི་དགོན་མ་ལག་ཡོངས་རྫོགས་ཀྱི་སློབ་གཉེར་རྣམས་ཀྱི་རྩོད་པའི་རིག་པ་གོང་དུ་འཕེལ་བའི་ཆེད། གདན་ས་ཆེ་ཁག་རྣམས་ལ་ལྷན་ཅིག་ཏུ་ཚོགས་རེས་ཀྱིས་ཚད་མའི་གཞུང་ལ་དམིགས་བཀར་གྱིས་སློབ་གཉེར་གནང་དགོས་པའི་ཆོས་ཐོག་འདིའི་མཚན་ལ་ཚད་མའི་དགུན་ཆོས་ཆེན་མོ་ཟེར། དགུན་གྱི་དཀྱིལ་དུ་གྲང་ངར་ཆེ་བའི་དཀལ་ངལ་ཡོད་པར་བརྟེན། ཟླ་བ་དགུ་པའི་ཚེས་གཉིས་ཉིན་ཡར་ཚོགས་ཀྱིས་ཉིན་ཉི་ཤུའི་རིང་ཚད་མའི་དགུན་ཆོས་ཆེན་མོ་འཚོགས་རྒྱུ། ཆོས་ཐོག་གཞན་ལྟར་གཟའ་ཉི་མ་ནམ་འཁེལ་ལ་ཤིང་སློང་ཡིན། གཟའ་སྤེན་པ་ནམ་ཡིན་གྱི་དགོང་མོར་མཚན་འཕུལ་ས་རུབ་ཙམ་ནས་མཚན་དཀྱིལ་བར་དམ་བཅའ། ཆོས་ཐོག་གི་མཇུག་ཏུ་མཚན་འཕུལ་དམ་བཅའ་ས་རུབ་ཙམ་ནས་སང་གི་ཉི་མ་རྩེ་ཤར་བར་ཆེན་མོའི་སྐབས་བཅའ་ཡིག་ཟུར་རྒྱན་ལྟར་ཞལ་འདོན་དང་དམ་བཅའི་དབུ་ལ་ས་བཅད་དང་མཇུག་ཏུ་ཚིག་བཀྲ་གསུང་དགོས། ཉིན་ལྟར་ཞོགས་ཚོགས་མང་ཇ་རེ་ངེས་པར་འཚོགས་དགོས་ཤིང་། ཞོགས་ཆོས་སྐུ་རིམ་དང་རྩོད་གྲྭ། ཉིན་ཆོས་སྐུ་རིམ་དང་རྩོད་གྲྭ། དགོང་མོའི་སྐུ་རིམ་དང་རྩོད་གྲྭ་ཉིན་ལྟར་ཡོད་དགོས། ཆོས་ཐོག་གཞན་ལྟར་ཆོས་ཐོག་གི་ཉིན་དང་པོ་དང་གཟའ་ཟླ་བ་ནམ་ཡིན་ལ་ཇ་ཐུག་ལྡན་པའི་གུང་ཚིགས་མང་ཇ་རེ་ཡོད་ཆོག ཚད་མའི་དགུན་ཆོས་གོ་སྒྲིག་གི་འགན་གཙོ་བོ་ནི་མ་བུ་དགོན་ཐུན་མོང་གི་ཚད་མའི་དགུན་ཆོས་གོ་སྒྲིག་ཚོ་ཆུང་ནས་བཞེས་དགོས་ཤིང་། དགུན་ཆོས་གང་དུ་ཚོགས་སའི་གདན་ས་གང་ཡིན་དེས་མཐུན་འགྱུར་རོགས་རམ་མཛད་དགོས་པ་དང་། ལས་སྣེ་རྣམས་ཀྱིས་ཆོས་ཐོག་དེའི་རིང་གི་འགྲིག་ལམ་སྤྱི་དང་། ལྷག་པར་ཚད་མའི་རྩོད་ཤུགས་ཆེན་པོ་དང་། རྩོད་གྲྭ་རྒྱུན་གང་རིང་། སློབ་གཉེར་བ་ཐམས་ཅད་ཀྱི་རྩོད་པའི་རིགས་པ་འཕེལ་ཐུབ་པའི་འགན་བཞེས་དགོས། དགུན་ཆོས་སྐབས་ཀྱི་ཚད་མའི་འཛིན་གྲྭ་དབྱེ་སྟངས་ནི་ཀིརྟིའི་དགོན་མ་ལག་གི་སློབ་གཉེར་པ་རྣམས་དང་། ཕྱོགས་གཞན་ནས་ཚད་མའི་དགུན་ཆོས་ལ་ཆེད་དུ་ཕེབས་པའི་སློབ་གཉེར་པ་ཡོངས་རྫོགས་ཚད་མའི་དགུན་ཆོས་ཀྱི་རིང་བཅའ་ཡིག་ཟུར་རྒྱན་ལྟར་གྱི་ཚད་མའི་འཛིན་གྲྭ་གང་རུང་ཞིག་ཏུ་འཛུལ་ནས་སློབ་གཉེར་གནང་དགོས་ཤིང་། ཚད་མའི་འཛིན་གྲྭའི་གྲངས། འཁྲིད་གཞུང་། རྩོད་གཞུང་། ཟུར་བལྟ་དགོས་པའི་གཞུང་གི་སྐོར་བཅས་བཅའ་ཡིག་ཟུར་རྒྱན་དུ་གསལ་བ་ལྟར་ཡིན། ཞེས་གསུངས་པ་དང་།བཅའ་ཡིག་ཟུར་རྒྱན་དེབ་ཕྲེང་དང་པོ་ལས༩༡། ཚད་མའི་དགུན་ཆོས་ཀྱི་སྐོར། སྔ་མོར་བོད་ཡུལ་དབུས་འཇང་སྨད་རྭ་སྟོད་དགོན་པར་ཚད་མའི་དགུན་ཆོས་ཆེན་མོ་ཚོགས་པ་འདིས་རིག་པའི་རྩལ་བྱང་བར་ཁྱད་པར་ཤིན་ཏུ་ཆེ་བའི་སྙན་གྲགས་བྱུང་བས་དུས་ཕྱིས་བོད་ཕྱི་ནང་གཉིས་ཀར་འཇང་དགུན་ཆོས་ཚོགས་སྲོལ་དར་བ་བཞིན། ཕྱི་ལོ་༢༠༠༧ལོར་གདན་ས་སྟག་ཚང་ལྷ་མོར་ཀིརྟི་ཚང་གི་མ་བུ་དགོན་ལྷན་འཛོམས་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་གསར་དུ་ཚུགས་པ་ནས་བཟུང་། ཕ་ཡུལ་གྱི་གདན་ས་རྣམས་ལྷན་འཛོམས་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ནི། རང་རེའི་གདན་ས་ཆེན་པོ་བཞིར་འཁོར་རེས་ཀྱིས་འཚོགས་དགོས་པའི་ཆོས་ཐོག་ཏུ་གྱུར་ཡོད། འདི་ནི་གདན་ས་བཞིའི་སློབ་གཉེར་པས་གཙོ་བོ་བྱས་ཏེ་དགོན་མ་ལག་གི་སློབ་གཉེར་པ་ཐམས་ཅད་དང་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ནས་སློབ་གཉེར་པ་གང་མང་མང་དང་། དེ་བཞིན་དུ་ཕྱོགས་གང་ས་ནས་ཚད་མའི་གཞུང་་ལུགས་ལ་མཁས་པའི་དགེ་རྒན་རྣམས་གདན་ཞུས་ཀྱིས་ཆོས་ཐོག་འདི་ནི་ཉིན་མཚན་སྦྲེལ་ནས་ཚད་མའི་གཞུང་ལ་རྩོད་པ་དང་དཔེ་ཁྲིད་ཀྱིས་དུས་འདའ་བ་ཞིག་བྱེད་དགོས་པའི་དམིགས་བསལ་གྱི་ཆོས་ཐོག་ཅིག་ཡིན། ཚད་མའི་དགུན་ཆོས་ལ་མ་ཕེབས་པའི་གོང་ནས་གདན་ས་སོ་སོའི་ནང་སྔོན་འགྲོའི་གྲྭ་སྒྲིག་ལྟ་བུར་ཚད་མའི་གཞུང་གི་དཔེ་ཁྲིད་མཛད་རྒྱུ་གལ་ཆེ།8Skརྗེ་ཙོང་ཁ་པའི་དྲ་བ།

དང་པོ། འཛིན་གྲྭ་དང་རྩོད་མཚམས།8Skརྗེ་ཙོང་ཁ་པའི་དྲ་བ།

        ཚད་མའི་དགུན་ཆོས་ཆེན་མོར་འདུས་པའི་དགེ་འདུན་པ་རྣམས་འཛིན་གྲྭར་བགོས་ཏེ་འཛིན་གྲྭ་སོ་སོར་རྩོད་མཚམས་འཛིན་སྟངས་དང་མཐུན་པའི་མཚན་གསོལ་བ་དང་། ཚད་མའི་འཛིན་གྲྭ་རེ་རེ་བཞིན་སྐབས་སོ་སོའི་དེར་འདུས་ཀྱི་འཛིན་གྲྭའི་ནང་ནས་བླ་མ་དང་སྐྱོར་དཔོན་རེ་བདམ་དགོས། རྟགས་རིགས་འཛིན་གྲྭ་མན་ཆད་ཀྱི་བསྡུས་གྲྭའི་འཛིན་གྲྭ་རྣམས་གདན་ས་གཞན་དུ་ཚད་མའི་དགུན་ཆོས་ལ་ཕེབས་མི་དགོས་ཀྱང་གཞིས་དགོན་ཁག་ནས་ཕེབས་པ་སྔོན་མ་བསྡུས་གྲྭ་དང་བློ་རྟགས་སོགས་ཀྱི་རིགས་ལམ་ལ་སྦྱངས་མ་མྱོང་མཁན་གྱི་རིགས་ཚད་མའི་དགུན་ཆོས་གང་དུ་ཚོགས་སའི་གདན་ས་སོ་སོར་ཡོད་པའི་བསྡུས་གྲྭ་དང་། རྟགས་རིགས་ཀྱི་འཛིན་གྲྭ་གང་རུང་ལ་ཞུགས་འདོད་ཡོད་ཚེ་རང་མོས་ཀྱིས་ཞུགས་ཆོག་རྒྱུ། ཚད་མའི་སློབ་གཉེར་པ་རྒན་པ་རྣམས་ཚད་མའི་འཛིན་གྲྭ་བཅུ་གཉིས་སུ་དབྱེ་རྒྱུ།8Skརྗེ་ཙོང་ཁ་པའི་དྲ་བ།
༡ ༼ ཕྱོགས་སྒྲའི་འཛིན་གྲྭ བློ་རིགས་འཛིན་གྲྭ རྩོད་མཚམས་ནི། རྣམ་འགྲེལ་རྩ་བའི་དབུ་ནས། སྒྲུབ་པ་ལ་ནི་ཐལ་བ་བཞིན། ཞེས་པའི་བར་དང་། ཐར་ལམ་གསལ་བྱེད་དབུ་ནས། འགལ་འབྲས་ལ་ཡང་རྟགས་གང་བྱུང་གིས་མི་ཆོག་ཅེས་པའི་དོན་ཏོ། ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༢ ༼ རྟགས་གཞན་བཞི་པའི་འཛིན་གྲྭ། ཕར་ཕྱིན་ལོ་རིམ་དང་པོ། རྩོད་མཚམས་ནི། རྩ་བ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། ། ཞེས་པ་ནས། དེ་ལ་ལྷག་མ་ལྡན་ཞེས་བརྗོད། ཅེས་པའི་བར་དང་། ཐར་ལམ་གསལ་བྱེད། གཉིས་པ་ལ་གཉིས། ཡང་དག་གི་ཁྱད་པར་གསུམ་་དུ་མ་འདུས་པ་དགག་པ། ཞེས་པ་ནས། མཐུན་ཕྱོགས་ལ་ཐེ་ཚོམ་དང་བཅས་པ་ཞེས་བྱའི་རྗེས་ཁྱབ་ལ་ཐེ་ཚོམ་ཟ་བ་མིན་ནོ། ། ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༣ ༼ བྱས་མི་རྟག་འཛིན་གྲྭ། ཕར་ཕྱིན་ལོ་རིམ་གཉིས་པ། རྩོད་མཚམས་ནི། རྩ་བ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། ། ཞེས་པ་ནས། ངེས་པ་བརྗོད་པར་མཛད་པ་ཡིན། ། ཞེས་པའི་བར། ཐར་ལམ་གསལ་བྱེད། གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་རྒྱས་པར་བཤད་པ་ལ་གཉིས། ཞེས་པ་ནས། དེ་བཞིན་དུ་མི་མཐུན་ཕྱོགས་ལ་ཡང་སྦྱར་ནས་སྟོན་པ་ཡིན་པས་ཁྱབ་པ་གཉིས་འགལ་བའི་སྒྲུབ་བྱེད་དུ་འབྲེལ་བ་ཅུང་ཟད་མེད་དོ། ། ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༤ ༼ ལུང་འགལ་འཛིན་གྲྭ། ཕར་ཕྱིན་ལོ་རིམ་གསུམ་པ། རྩོད་མཚམས་ནི། རྩ་བ། མི་མཐུན་ཆོས་བརྗོད་གང་ཡིན་པ། ། ཞེས་པ་ནས། འབྲས་བུ་ན་ཡང་ག་ལ་ངེས། ། ཞེས་པའི་བར་དང་། ཐར་ལམ་གསལ་བྱེད། གཉིས་པ་ལ་གཉིས། སློབ་དཔོན་གྱི་བརྗོད་པ་འཁྲུལ་པར་ཐལ་བ་དང་། ཞེས་པ་ནས། གནོད་པ་དེ་དག་འཇུག་པར་འདོད་པ་ནི་ཧ་ཅང་ཐལ་བའོ། །8Skརྗེ་ཙོང་ཁ་པའི་དྲ་བ།
ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༥ ༼ཚད་མ་ཕྲུགས་གསུམ་འཛིན་གྲྭ། ཕར་ཕྱིན་ལོ་རིམ་བཞི་བ། རྩོད་མཚམས་ནི། རྩ་བ། མེ་ཡི་འབྲས་བུ་དུ་བ་སྟེ། ། ཞེས་པ་ནས། དེས་ན་ཐ་དད་རྣམ་པར་གནས། ཞེས་པའི་བར་དང་། ཐར་ལམ་གསལ་བྱེད། གཉིས་པ་འབྲེལ་བ་དེ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གཉིས། ཞེས་པ་ནས། དེ་ལ་རྟགས་དེའི་ཁྱབ་པ་ངེས་པའི་ཚད་མ་དེ་ཉིད་ཀྱིས་ཁྱོད་རང་གི་གཏན་ཚིགས་དེ་འབྲེལ་མེད་དུ་སྒྲུབ་ཟིན་ཡིན་ནོ། ། ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༦ ༼ གཞན་སེལ་འཛིན་གྲྭ། ཕར་ཕྱིན་ལོ་རིམ་ལྔ་པ། རྩོད་མཚམས་ནི། དོན་གྱི་རང་གི་ངོ་བོ་གཅིག། ཅེས་པ་ནས། བྱ་བ་འདི་ལ་རྒྱུ་ཅི་ཡོད། ཅེས་པའི་བར་དང་། ཐར་ལམ་གསལ་བྱེད། གཉིས་པ་ལ། སྒྲུབ་པའི་སྒྲ་རྟོག་སེལ་བའི་ཡུལ་ཅན་དུ་རྒྱས་པར་བསྒྲུབ་པ་དང་། ཞེས་པ་ནས། རང་འགྲེལ་དུ་གཞན་སེལ་ཡུལ་དུ་བྱེད་པའི་རྟོག་པ་རྣམས་ཀྱི་བྱེད་ལས་དང་བཅས་པ་རྒྱས་པར་བསྟན་ཏོ། ། ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༧ ཤིང་འཛིན་རྟོག་པའི་འཛིན་གྲྭ། ཕར་ཕྱིན་ལོ་རིམ་དྲུག་པ། རྩོད་མཚམས་ནི། རྩ་བ། ཐ་དད་དངོས་རྣམས་ལ་བརྟེན་ནས། ཞེས་པ་ནས། སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། ཞེས་པའི་བར་དང་། ཐར་ལམ་གསལ་བྱེད། གཉིས་པ་ལ། ཡུལ་སྤྱིའི་གནས་ཚུལ་དང་། ཞེས་པ་ནས། སེལ་བ་ལ་འཇུག་པར་བསྒྲུབ་པ་རྩོད་སྤང་དང་བཅས་པར་འདུས་སོ། ། ཞེས་པའི་བར་དང་།8Skརྗེ་ཙོང་ཁ་པའི་དྲ་བ།
༨ ༼ བརྡ་ཡུལ་འཛིན་གྲྭ། ཕར་ཕྱིན་ལོ་རིམ་བདུན་པ། རྩོད་མཚམས་ནི། རྩ་བ། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། ཞེས་པ་ནས། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའོ། ། ཞེས་པའི་བར་དང་། ཐར་ལམ་གསལ་བྱེད། གསུམ་པ་བརྡའི་ཡུལ་གཏན་ལ་དབབ་པ་ལ། ཞེས་པ་ནས། ལེའུ་དང་པོའི་མཇུག་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༩ ༼ ཚད་གྲུབ་འཛིན་གྲྭ། དབུ་མ་ལོ་རིམ་དང་པོ། རྩོད་མཚམས་ནི། རྩ་བ། ཚད་མ་བསླུ་མེད་ཅན་ཤེས་པ། ། ཞེས་པ་ནས། དེ་ཙམ་གྱིས་ནི་ལྡོག་པ་མིན། ཞེས་པའི་བར་དང་། ཐར་ལམ་གསལ་བྱེད། ལེའུ་གཉིས་པའི་དབུ་ནས། རྫའི་བུམ་པ་སོགས་ལ་མེ་ལ་སོགས་པས་གནས་སྐབས་ཕན་འདོགས་པ་བཞིན་ནོ། ། ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༡༠ ༼ ལུགས་འབྱུང་འཛིན་གྲྭ། དབུ་མ་ལོ་རིམ་གཉིས་པ། རྩོད་མཚམས་ནི། རྩ་བ། ལུས་ནི་གནས་པ་ཉིད་ན་སེམས། ཞེས་པ་ནས། དེ་ཕྱིར་ཚད་ཡིན། །ཞེས་པའི་བར་དང་། ཐར་ལམ་གསལ་བྱེད། གཉིས་པ་རྒྱས་བཤད་ལ། ལུས་བློའི་རྟེན་ཁྱད་པར་ཅན་ཡིན་པ་དགག་པ། ཞེས་པ་ནས། སྟོན་པ་འདི་ལ་དགོས་ནུས་གཉིས་ཀ་ངེས་པར་ཚོགས་པ་ཡིན་ནོ། ། ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༡༡ ༼ ལུགས་ལྡོག་འཛིན་གྲྭ། དབུ་མ་ལོ་རིམ་གསུམ་པ། རྩོད་མཚམས་ནི། རྩ་བ། ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་པའོ། ། ཞེས་པ་ནས། སྤོངས་ལ་དེ་ནི་རྟག་པར་སྨོན། ཞེས་པའི་བར་དང་། ཐར་ལམ་གསལ་བྱེད། གཉིས་པ་ལ། ཁྱད་ཆོས་དེ་དག་སྔ་མ་ལས་ཕྱི་མ་འགྲུབ་པའི་ཚུལ། ཞེས་པ་ནས། ཡང་ན་དེ་ཡན་ཆད་རྣམ་པ་ལྷག་མ་གཉིས་སོ་སོར་མ་བཅད་པར་འགོག་པའི་རྣམ་པའི་འཕྲོས་འབའ་ཞིག་ཏུ་སྦྱར་རོ། ། ཞེས་པའི་བར།8Skརྗེ་ཙོང་ཁ་པའི་དྲ་བ།
༡༢ ༼ལམ་བདེན་འཛིན་གྲྭ། མཛོད་ལོ་རིམ་དང་པོ། རྩོད་མཚམས་ནི། རྩ་བ། བཤད་ཟིན་ལམ་དེ་གོམས་པ་ལས། ཞེས་པ་ནས། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་ཚད་མ་གྲུབ་པ་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ། ། ཞེས་པའི་བར་དང་། ཐར་ལམ་གསལ་བྱེད། བཞི་བ་ལམ་གྱི་བདེན་པ་ལ། ཞེས་པ་ནས། ལེའུ་གཉིས་པའི་མཇུག་བར།8Skརྗེ་ཙོང་ཁ་པའི་དྲ་བ།
རྩོད་གཞུང་དང་ཁྲིད་གཞུང་། འཛིན་གྲྭ་བཅུ་གཉིས་པོ་རྩོད་མཚམས་མ་འདྲ་བ་མ་གཏོགས་འཁྲིད་གཞུང་དང་རྩོད་གཞུང་ནི་གཅིག་གྱུར་ཡིན།8Skརྗེ་ཙོང་ཁ་པའི་དྲ་བ།
༡ འཁྲིད་གཞུང་། རྣམ་འགྲེལ་རྩ་བ། ཐར་ལམ་གསལ་བྱེད། པཎ་ཆེན་རྣམ་འགྲེལ།8Skརྗེ་ཙོང་ཁ་པའི་དྲ་བ།
༢ རྩོད་གཞུང་། ཚད་མ་སྡེ་བདུན་མདོ་དང་བཅས་པ། རྗེ་སྡེ་བདུན། རྒྱལ་ཚབ་རྗེའི་རྣམ་ངེས་ཊྰིཀ་ཆེན་དང་ཚད་མའི་བརྗེད་བྱང་ཆེན་མོ། མཁས་གྲུབ་རྗེའི་ཊྰིཀ་ཆེན་རིགས་པའི་རྒྱ་མཚོ་དང་སྡེ་བདུན་ཡིད་ཀྱི་མུན་སེལ། རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན།8Skརྗེ་ཙོང་ཁ་པའི་དྲ་བ།
༣ ཟུར་ལྟའི་གཞུང་། རྗེ་ཡབ་སྲས་གསུམ་གའི་ཚད་མའི་ལམ་སྒྲིག་དང་ལམ་ཁྲིད། རྗེ་དགེ་འདུན་གྲུབ་ཀྱི་རྣམ་འགྲེལ་ལེགས་པར་བཤད་པ། གདན་ས་ཁག་གི་ཚད་མའི་སྐོར་གྱི་ཡིག་ཆ་ཁག།8Skརྗེ་ཙོང་ཁ་པའི་དྲ་བ།
༤ ཚད་མའི་དགུན་ཆོས་ཆེན་མོའི་སྐབས་ཀྱི་འཁྲིད་གཞུང་དང་ཟུར་ལྟ་དགོས་པའི་གཞུང་གལ་ཆེ་ཁག དང་པོ་རྒྱ་གཞུང་། ༡ ཚད་མ་སྡེ་བདུན་མདོ་དང་བཅས་པ། ༢ སློབ་དཔོན་ཆོས་གྲགས་ཉིད་ཀྱིས་མཛད་པའི་རྣམ་འགྲེལ་ལེའུ་དང་པོ་རང་དོན་རྗེས་དཔག་གི་རང་འགྲེལ། ༣ སློབ་དཔོན་ལྷ་དབང་བློའི་རྣམ་འགྲེལ་གྱི་དཀའ་འགྲེལ། ༤ སློབ་དཔོན་ཤཱཀྱ་བློས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། ༥ སློབ་དཔོན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། ༦ དེའི་དཀའ་འགྲེལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ༧ སློབ་དཔོན་ཤེར་འབྱུང་སྦས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱན། ༨ སློབ་དཔོན་རྒྱལ་དབང་ཆེན་གྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། ༩སློབ་དཔོན་ཉི་མ་སྦས་པས་མཛད་པའི་རྣམ་འགྲེལ་ལེའུ་གསུམ་པ་མངོན་སུམ་ལེའུའི་འགྲེལ་པ། ༡༠ སློབ་དཔོན་ཛྰ་མ་རིས་མཛད་པའི་ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ། ༡༡ སློབ་དཔོན་ཆོས་མཆོག་གིས་མཛད་པའི་གཞན་དོན་རྗེས་དཔག་གི་རྣམ་བཤད།8Skརྗེ་ཙོང་ཁ་པའི་དྲ་བ།
གཉིས་པ་བོད་གཞུང་། ༡ རྗེ་ཡབ་སྲས་གསུམ་གའི་ཚད་མའི་ལམ་སྒྲིག་དང་ལམ་ཁྲིད། ༢ རྗེའི་ཚད་མ་སྡེ་བདུན། ༣ རྒྱལ་ཚབ་རྗེའི་རྣམ་འགྲེལ་ཐར་ལམ་གསལ་བྱེད། ༤ རྒྱལ་ཚབ་རྗེའི་རྣམ་ངེས་ཊཱིཀ་ཆེན་དང་ཚད་མའི་བརྗེད་བྱང་ཆེན་མོ། ༥ རྒྱལ་ཚབ་རྗེས་མཛད་པའི་ཚད་མ་རིགས་ཐིགས་ཀྱི་འགྲེལ་བ་ལེགས་བཤད་སྙིང་པོ། ༦ རྒྱལ་ཚབ་རྗེའི་འབྲེལ་བ་བརྟག་པའི་རྣམ་བཤད་ཉི་མའི་སྙིང་པོ། ༧ མཁས་གྲུབ་རྗེའི་ཊྰིཀ་ཆེན་རིགས་པའི་རྒྱ་མཚོ་དང་སྡེ་བདུན་ཡིད་ཀྱི་མུན་སེལ། ༨ མཁས་གྲུབ་དགེ་ལེགས་དཔལ་བཟང་གི་ཚད་འབྲས་ཀྱི་རྣམ་བཞག་ཆེན་མོ་དང་མངོན་སུམ་ལེའུའི་ཊྰིཀྐ། ༩ རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན། ༡༠ རྗེ་དགེ་འདུན་གྲུབ་ཀྱི་རྣམ་འགྲེལ་ལེགས་པར་བཤད་པ། ༡༡ རྗེ་སྨོན་ལམ་དཔལ་བའི་རྣམ་འགྲེལ་ལེའུ་བཞི་ཀའི་ཊྰིཀྐ། ༡༢ འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ཚད་མའི་མདོ་ཀུན་ལས་བཏུས་པའི་རྣམ་བཤད་རིགས་པའི་རྒྱ་མཚོ། ༡༣ པཎ་ཆེན་རྣམ་འགྲེལ་སོགས་གདན་ས་ཁག་གི་ཚད་མའི་སྐོར་གྱི་ཡིག་ཆ་ཁག། ༡༤ རྟ་ནག་རྣམ་འགྲེལ་མཐའ་དཔྱོད། ༡༥ ཨ་ལག་ཤ་བསྟན་དར་གྱི་དམིགས་བརྟག་འགྲེལ་བ་མུ་ཏིག་འཕྲེང་མཛེས་དང་རྟགས་རིགས་དཀའ་གནས་ཟིན་བྲིས་ཉི་མའི་འོད་ཟེར་སོགས།8Skརྗེ་ཙོང་ཁ་པའི་དྲ་བ།
ཚད་མའི་འཛིན་གྲྭ་གོང་མར་ལོ་རེ་བཞིན་འཕར་ཆོག། འཛིན་གྲྭ་འོག་མ་ཚོའི་ནང་གྲྭ་ཚོགས་མང་བའི་དཀའ་ངལ་ཡོད་ཚེ་སློབ་གཉེར་ཉི་ཤུ་རྩ་གྲངས་རེ་ལ་ཆ་བགོས་ཀྱིས་རྩ་བའི་འཛིན་གྲྭ་གཅིག་ལ་ནང་གསེས་འཛིན་གྲྭ་གཉིས་གསུམ་སོགས་སུ་དབྱེ་ཐུབ་ན་རྩོད་པ་འཕེལ་བ་དང་སྒྲིག་ལམ་ལེགས་པའི་ཁྱད་ཡོད། དཔེར་ན། ཕྱོགས་སྒྲའི་འཛིན་གྲྭ་དང་པོ་དང་ཕྱོགས་སྒྲའི་འཛིན་གྲྭ་གཉིས་པ་སོགས་སུ་དབྱེ་བ་ལྟ་བུ་ཡིན། བློ་རིག་ནས་མཛོད་ལོ་རིམ་དང་པོ་བར་གྱི་སློབ་གཉེར་པ་རྣམས་གདན་ས་བཞི་གའི་ཚད་མའི་དགུན་ཆོས་ཆེན་མོ་ལ་ལོ་ལྟར་ཕེབས་ནས་ལོ་སྔ་ཕྱིའི་རྩོད་པ་འཕྲོ་མཐུད་ཀྱིས་ཚད་མའི་འཛིན་གྲྭ་ཆ་ཚང་ལ་ཕེབས་ཐུབ་པ་དང་། རྩོད་པའི་རིགས་པ་ལ་གཙོ་བོར་བྱང་ཆུབ་པའི་ལམ་ཞིག་ཏུ་འགྱུར་དགོས་པ་འདིའི་དམིགས་ཡུལ་གཙོ་བོ་ཡིན་པས་འབྲེལ་ཡོད་ལས་ཀྱི་སྣེ་མོ་པ་རྣམས་ཀྱིས་ལྟ་རྟོག་ནན་པོ་མཛོད།8Skརྗེ་ཙོང་ཁ་པའི་དྲ་བ།

གཉིས་པ། ཚད་མའི་དགུན་ཆོས་ཀྱི་འདོན་སྒྲིག8Skརྗེ་ཙོང་ཁ་པའི་དྲ་བ།

        ཚད་མའི་དགུན་ཆོས་ཆེན་མོ་ཚུགས་པའི་དགོས་པ་ནི། ཆོས་ཐོག་འདིར་དམིགས་ཀྱིས་བཀར་ནས་རྩོད་པའི་རིགས་པ་ཡར་རྒྱས་འགྲོ་བའི་ཆེད་སྦྱངས་པ་གནད་དུ་སྨིན་པ་ཞིག་མཛད་དགོས། འོན་ཀྱང་དགུན་ཆོས་ཀྱི་དུས་ཚོད་ནི་ཉི་མ་ཐུང་དུས་ཡིན་པས་རྒྱུན་ཚོགས་དང་ཆོས་རའི་སྐུ་རིམ་གྱི་འདོན་པ་གང་ཉུང་ཉུང་དང་རྩོད་གྲྭའི་དུས་ཚོད་གང་རིང་རིང་ཡོང་ཐབས་གནང་དགོས། ཆོས་རའི་སྐུ་རིམ་གྱི་འདོན་བསྒྲིགས་དཔེ་མཚོན་ཙམ་ཞིག་སྨོས་ན་འདི་ལྟར།8Skརྗེ་ཙོང་ཁ་པའི་དྲ་བ།
ཞོགས་ཆོས་དང་ཉིན་ཆོས་ཀྱི་ཆོས་རྭའི་སྐུ་རིམ་བསྡུས་པ་འདི་འདོན་པ་དལ་བྲེལ་འཚམས་པོས་གསུང་དགོས། སྐྱབས་སེམས་བསྡུས་པ། ༡ སངས་རྒྱས་ཆོས་དང་་་་་་་་། ༢ དཀོན་མཆོག་གསུམ་ལ་་་་་་་། ༣ སེམས་ཅན་ཐམས་ཅད་་་་། ༤ མཁའ་མཉམ་འགྲོ་ལ་་་་་་ཞེས་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ། ༥ པོ་ཏཱ་ལ་ཡི་་་་་། ༦ ཨོཾ་རྗེ་བཙུན་མ་་་་་་། ཞེས་སྒྲོལ་མ་ཚར་གསུམ། ༧ འདི་སྐད་བདག་གིས་་་་་། ཞེས་ཤེར་སྙིང་ཚར་གཅིག་ཟློག་པ་དང་བཅས་པ། ༨ བགེགས་རིགས་སྟོང་ཕྲག་་་་་། ༩ སངས་རྒྱས་རྣམ་གཟིགས་་་་་། ༡༠ ཆོས་ཀྱི་རྒྱལ་པོ་་་་་། རྟ་ཆེན། བདག་དང་གཞན་གྱི་་་་་་། རྟ་ཆེན། ངྷཱིཿ སྐད་དང་བཅས་སྐུ་རིམ་གྲོལ་ནས་རྩོད་པ་དང་དམ་བཅའ་གང་འོས་ལ་འཇུག་རྒྱུ།8Skརྗེ་ཙོང་ཁ་པའི་དྲ་བ།
        དགོང་མོའི་སྐུ་རིམ་རྒྱས་ཙམ་དལ་བྲེལ་འབྲིང་པོས་གསུང་རྒྱུ། སྐྱབས་འགྲོ་རྒྱས་པ། ༡ ཕྱོགས་བཅུའི་དུས་གསུམ་གྱི་དེ་བཞིན་གཤེགས་པ་་་་་་། ༢ བླ་མ་ལ་སྐྱབས་སུ་་་་། ༣ སངས་རྒྱས་ཆོས་དང་་་་་་། ༤ དཀོན་མཆོག་གསུམ་ལ་་་་་་། ༥ སེམས་ཅན་ཐམས་ཅད་་་་་། ༦ གང་གིས་རྟེན་ཅིང་་་་་་། ༧ ཉན་ཐོས་ཞི་བ་་་་་། ༨ རྟོག་པའི་དྲ་བ་་་་་། ༩ འགྲོ་ལ་ཕན་བཞེད་་་་། ཅེས་དཔལ་ནཱ་ལེཎྡའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས། ༡༠ པོ་ཏཱ་ལ་ཡི་གནས་མཆོག་་་་་། ༡༡ ཨོཾ་རྗེ་བཙུན་མ་་་་་་། ཞེས་སྒྲོལ་མ་ཧྲིག་འདོན་ཚར་གསུམ། ༡༢ ལྷ་མོ་ལ་གུས་་་་། ༡༣ རྗེ་བཙུན་འཕགས་མ་སྒྲོལ་མ་་་་་། ༡༤ རྗེ་བཙུན་བཅོམ་ལྡན་འདས་མ་་་་་། ༡༥ སྨྲ་བསམ་བརྗོད་མེད་་་་་། ༡༦ འདི་སྐད་བདག་གིས་་་་་། ཤེར་སྙིང་ཚར་གཅིག་བཟློག་པ་དང་བཅས་པ། ༡༧ མཁའ་ལ་སྤྱོད་པའི་་་་་་་་། ༡༨ ཨ༔ཀ༔ས༔མ༔་་་།ཞེས་སེང་གདོང་མའི་སྔགས།༡༩ ན་མོ་བླ་མ་ཡང་དག་པའི་་་་་་། ཞེས་པའི་སེང་གདོང་མའི་ཟློག་པ། ༢༠ བགེགས་རིགས་་་་། ༢༡ གཞོན་ནུའི་སྐུ་ལས་་་་་། ༢༢ རིང་ནས་གོམས་པའི་་་་་་། ཞེས་བསྟོད་སྤྲིན་རྒྱ་མཚོའི་བསྐུལ་མཚམས་རེ། སྐུལ་མཚམས་སོ་སོ་བཅའ་ཡིག་ཟུར་རྒྱན་གྱི་འདོན་སྒྲིག་ཏུ་གསལ་བ་ལྟར་ཡིན། ༢༣ ཐོས་བསམ་སྒོམ་པའི་ཤེས་རབ་་་་་། ༢༤ སྐུ་བཞིའི་བདག་ཉིད་་་་། ཅེས་ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། ༢༥ ཆོས་ཀྱི་རྒྱལ་བོ་་་་་། རྟ་ཆེན། ༢༦ བདག་དང་གཞན་གྱི་་་་། རྟ་ཆེན། ༧ ངྷཱིཿ་སྐད་དང་བཅས་སྐུ་རིམ་གྲོལ་ནས་རྩོད་པ་དང་དམ་བཅའ་གང་རུང་ལ་འཇུག་རྒྱུ།8Skརྗེ་ཙོང་ཁ་པའི་དྲ་བ།

གསུམ་པ། མཚན་འཕུལ་དམ་བཅའ།8Skརྗེ་ཙོང་ཁ་པའི་དྲ་བ།

༡༼ བདུན་རེའི་མཚན་འཕུལ་དམ་བཅའ་ནི་འཛིན་གྲྭ་མང་ཉུང་ལ་གཟིགས་ནས་འཛིན་གྲྭ་གཉིས་རེ་ཙམ་ལྷན་ཅིག་ཏུ་ཁག་སོ་སོར་འཚོགས་དགོས་པའི་མཚན་འཕུལ་དམ་བཅའ་ཡིན།8Skརྗེ་ཙོང་ཁ་པའི་དྲ་བ།
འདོན་པ་ནི། སྐྱབས་སེམས་བསྡུས་པ། ༡ སངས་རྒྱས་ཆོས་དང་་་་། ༢ དཀོན་མཆོག་གསུམ་ལ་་་་་་། ༣ སེམས་ཅན་ཐམས་ཅད་་་་་། ༤ མཁའ་མཉམ་འགྲོ་ལ་་་་་་་། ཞེས་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ། པཎ་ཆེན་བསོད་ནམས་གྲགས་པའི་སྐུ་བསྟོད་བཅས་གསུངས་གྲུབ་མཚམས་སུ་དམ་བཅའ་པ་དམ་བཅའི་གདན་ལ་བཞུགས་ནས་རྟགས་གསལ་འགོ་འཛུགས་རྒྱུ་དང་། མཇུག་བསྡུ་དམིགས་བསལ་མི་དགོས་པར་མཚན་ཕྱེད་ཙམ་ནས་གྲོལ་རྒྱུ།8Skརྗེ་ཙོང་ཁ་པའི་དྲ་བ།
༢༼ ཚད་མའི་དགུན་ཆོས་མཇུག་གི་མཚན་འཕུལ་དམ་བཅའ་ཆེན་མོ་ནི་ཚད་མའི་དགུན་ཆོས་ལ་ཕེབས་པའི་སློབ་གཉེར་བ་ཡོངས་རྫོགས་ལྷན་ཅིག་ཏུ་འཛོམས་ནས་སང་ཉིན་ཉི་མ་རྩེ་ཤར་བར་འཚོགས་རྒྱུའི་དམ་བཅའ་ཆེན་མོ་ཡིན། ཞལ་འདོན་རྣམས་གོང་དང་མཚུངས། ཚད་མའི་དམ་བཅའ་པ་དམ་ཁྲིར་བཞུགས་པ་དང་། ཚད་མའི་འཛིན་གྲྭ་བཅུ་གཉིས་པ་ལམ་བདེན་འཛིན་གྲྭའི་སྐྱོར་དཔོན་ནས་ཚད་མ་རྣམ་འགྲེལ་གྱི་ས་བཅད་སྐྱོར་དགོས། མཇུག་ཏུ་འཛིན་གྲྭ་དེའི་བླ་མས་ཚིག་བཀྲ་སྐྱོར་ཟིན་པ་དང་སྒོར་ཚོགས་ཀྱིས། རྒྱལ་བ་མ་ལུས་་་་། སྐུ་བཞིའི་བདག་ཉིད་་་་་། ཞེས་ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་ཤར་འདོན། སངས་རྒྱས་རྣམ་གཟིགས་་་་་། ཆོས་ཀྱི་རྒྱལ་བོ་་་་་། རྟ་ཆེན། བདག་དང་གཞན་གྱི་་་་་་་། རྟ་ཆེན། བཅས་གསུངས་ནས་ཐལ་སྐད་ལན་གསུམ་དང་བཅས་གྲོལ་རྒྱུ། ཞེས་གསུངས་པ་དང་། གཞན་ཚད་མའི་དགུན་ཆོས་ཀྱི་དམ་བཅའ་ཆེན་མོའི་སྐབས་ཀྱི་རྣམ་འགྲེལ་གྱི་ས་བཅད་དང་མཇུག་ཏུ་གསུང་རྒྱུའི་ཚིག་བཀྲ་དང་བཅས་པ་བཅའ་ཡིག་རིན་པོ་ཆེའི་ཟུར་རྒྱན་དང་པོར་རྒྱས་པར་ཡོད་ཀྱང་འདིར་མངས་དོགས་ནས་མ་བྲིས་པས་ཞིབ་པར་དེར་གཟིགས་དགོས་སོ། ཡང་ཕྱི་ལོ༢༠༡༣ལོར་ཚད་མའི་དགུན་ཆོས་ཀྱི་དོན་ཚན་འགའ་རེ་བཀའ་འདྲི་སྙན་སེང་ཞུས་པའི་བཀའ་ལན་དུ། འཚོགས་ཡུལ་གྱི་གདན་ས་དེའི་མཛོད་ལོ་རིམ་གཉིས་པ་ཡན་གྱིས་ཚད་མའི་དགུན་ཆོས་སྐབས་ཚད་མའི་གཞུང་གི་དཀའ་གནད་སྤྱིའི་ཐོག་དོགས་གཅོད་རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་གནང་རྒྱུ་ལས་རྩོད་མཚམས་མེད།8Skརྗེ་ཙོང་ཁ་པའི་དྲ་བ།
        རྒྱུད་གྲྭ་སོགས་དང་སྒྲུབ་སྡེ་ཁག་གི་སློབ་གཉེར་བའི་ཁོངས་ནས་གནས་སྐབས་རིང་ན་གཞོན་སློབ་གཉེར་གནང་ཐུབ་མཁན་གྱི་རིགས་གང་མང་ཚད་མའི་དགུན་ཆོས་ལ་ཕེབས་དགོས་པ་དང་། རྗེས་སོར་རྒྱུད་གྲྭ་དང་སྒྲུབ་སྡེ་ཁག་གི་འགྲོ་ལམ་གསར་བའི་བཅའ་ཡིག་གཏན་འབེབས་བྱུང་རྗེས་འཛིན་རིམ་གང་གི་མཚམས་ནས་ཕེབས་དགོས་མིན་གསལ་ཆ་ཡོང་རྒྱུ།8Skརྗེ་ཙོང་ཁ་པའི་དྲ་བ།
        དོན་ཚན་གསུམ་པའི་སྐོར། ཡར་ཚོགས་ཀྱི་འདོན་པ་ནི་བཅའ་ཡིག་ཟུར་རྒྱན་དེབ་གཉིས་པའི་ཤོག་གྲངས༣༣༤ ན་གསལ་བ་ལྟར་ཆོས་ཐོག་བཅུའི་ཡར་ཚོགས་ཀྱི་འདོན་པ་གཅིག་མཚུངས་ཡིན། ཆོས་རའི་དུས་ཡུན་ནི་ཕལ་ཆེར་དེ་བཞིན་འགྲིག་ནའང་། ཉེ་ལམ་ཕར་ཕྱིན་དབྱར་ཆོས་ཆེན་མོའི་སྐབས་ཞུས་པ་ལྟར། ཉིན་གུང་དང་དགོང་མོའི་རྩོད་པའི་དུས་ཡུན་དེ་དག་གི་ཐོག་རང་མོས་ཀྱི་རྩོད་པའི་དུས་ཡུན་བསྣན་ནས་རྩོད་པ་རྒྱུན་གང་རིང་གནང་དགོས། ང་ཚོའི་ཚད་མའི་དགུན་ཆོས་ནི་ཆོས་ཚོགས་དང་ཆོས་ཀྱི་མཛད་སྒོ། ཆོས་ཀྱི་དུས་སྟོན་ལྟ་བུ་མིན་པར་འཆད་ཉན་སློབ་གཉེར་རྒྱས་ཐབས་ཁོ་ན་ལ་གཙོ་པོར་དམིགས་པ་ཡིན་དུས། བགྲོ་གླེང་འཚོགས་རྒྱུ་འདི་རྩོད་རིགས་འཕེལ་བ་ལ་ཕན་ཐོགས་ཡོད་ཚེ་ཆོས་ར་དང་རྩོད་པའི་དུས་ཡུན་ལ་མ་གནོད་པའི་སྒོ་ནས་འཚོགས་ན་འགྲིག འོན་ཀྱང་དེ་ཕྱོགས་ཀྱི་བགྲོ་གླེང་འདི་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་མཁས་པའི་བགྲོ་གླེང་འཚོགས་སྟངས་ཤིག་མིན་པར་འདུག་པས། བགྲོ་གླེང་དཀྱུས་མ་འདི་རིགས་འཚོགས་སྟངས་ཀྱི་ལམ་སྲོལ་གསལ་པོ་མེད་ཚེ་རྗེས་སུ་དཀའ་རྙོག་ཡོང་གཞིར་འགྱུར་བ་ནི་ཉེ་ཆར་ཕར་ཕྱིན་དབྱར་ཆོས་ཐེངས་དང་པོའི་སྐབས་བྱུང་བ་དེ་དཔེ་མཚོན་ཡིན་པས། སྔོན་ལ་འདིའི་འགྲོ་སྟངས་ཀྱི་ལམ་སྲོལ་ཞིག་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་ན་ལེགས། དགོན་སྡེ་སྤྱིའི་འཆད་ཉན་སློབ་གཉེར་དང་འབྲེལ་བའི་ཚོགས་ཆུང་ཆེ་ཆུང་གང་ཡོད་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་རྩ་འཛུགས་གནང་དགོས་ཤིང་། ཚོགས་ཆུང་སོ་སོའི་ལས་དོན་བྱེད་ཕྱོགས་ཐམས་ཅད་ཀྱི་བཀོད་ཁྱབ་ཤེས་ཡོན་འགན་འཛིན་ལྷན་ཚོགས་དེས་གནང་དགོས།ཚོགས་ཆུང་སོ་སོའི་ལས་དོན་བྱེད་ཕྱོགས་ཀྱི་བཀའ་འཁྲོལ་ཡང་ཤེས་ཡོན་འགན་འཛིན་ལྷན་ཚོགས་དེ་ལ་ཞུ་དགོས། བཅའ་ཡིག་ནང་གསལ་ཁ་ཐོན་ཡོད་མེད་གང་ལྟར་ཡང་སློབ་གཉེར་དང་འབྲེལ་བའི་ཚོགས་ཆུང་ཐམས་ཅད་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་དེའི་འོག་ཏུ་གནས་དགོས་པ་འདི་འགྲིག་ལམ་སྤྱིའི་ཆ་ནས་ཤིན་ཏུ་གལ་ཆེ།8Skརྗེ་ཙོང་ཁ་པའི་དྲ་བ།
        སྲོད་ཆོས་དམ་བཅའ་ཞེས་པ་འདི་ཚད་མའི་དགུན་ཆོས་ལ་ཕེབས་པའི་དགོན་སྡེ་ཁག་ཕན་ཚུན་གཏུགས་འདུག་ཆེད་ཡིན་ཚེ་བདུན་རེའི་མཚན་འཕུལ་དམ་བཅའ་ཆུང་བའི་སྐབས་རང་རང་གི་འཛིན་གྲྭའི་གྲས་སུ་གཏུགས་འདུག་གི་གོ་སྐབས་གང་མཚམས་ཡོད། འོན་ཀྱང་རང་རེའི་གདན་ས་མ་ཡིན་པའི་ཕྱོགས་གཞན་ནས་ཕེབས་མཁན་ཚོར་གཏུགས་འདུག་གི་དམ་བཅའ་ཉིན་ལྟར་མི་དགོས་པར་བདུན་རེའི་ནང་ལན་གཉིས་ཙམ་རེ་འཚོགས་ཐུབ་ནའང་འགྲིག དབུས་ཀྱི་གདན་ས་ཁག་ཏུ་གྲྭ་ཚང་ཕན་ཚུན་ཡིག་ཆ་མི་འདྲ་བའི་བཞེད་མཚམས་མི་འདྲ་བར་གཏུགས་རེས་ཀྱིས་རྩོད་པ་གནང་རྒྱུར་གོམས་ཡོད་པས་སྐྱོན་མེད་ཀྱང་། ང་ཚོའི་ཕྱོགས་སུ་དེ་འདྲ་བའི་གོམས་འདྲིས་མེད་པས་དགོན་པ་ཕན་ཚུན་གཏུགས་འདུག་བྱས་ཚེ་མཐུན་ལམ་ལ་གནོད་པ་བྱུང་བའི་ལོ་རྒྱུས་དེ་སྔོན་བྱུང་མྱོང་ཡོད་པས་ཡིད་གཟབ་གནང་དགོས།ཞེས་དང་།སྲོད་ཆོས་ཞེས་པ་ནི་ས་དཀར་ཆོས་ཐོག་སོགས་ཀྱི་སྐབས་དགོང་མོ་ས་རུབ་མཚམས་ཏེ་སྲོད་ཀྱི་དུས་སུ་ཆོས་རའི་ནང་མཁན་པོས་བཀའ་ཆོས་གནང་བ་དེ་ལ་སྲོད་ཆོས་ཞེས་པའི་ཐ་སྙད་དམིགས་བསལ་ཅན་ཞིག་ཏུ་གནའ་སྔ་མོ་ནས་འབོད་བཞིན་ཡོད་ཚུལ་སྲོད་ཆོས་དམ་བཅའ་ཞེས་པ་འདི་སྲོད་ཆོས་ཀྱི་རྗེས་སུ་དམ་བཅའ་ཚོགས་པ་ལྟར་བུར་གོ ། སྔ་ལོར་རྔ་བ་ཀིརྟིའི་དགོན་དུ་འཚོགས་སྐབས་ཞུས་ཟིན་པ་དེ་ལྟར་ཡང་ད་དུང་དགོང་མོའི་གཏུགས་འདུག་གི་དམ་བཅའ་ལ་ཐ་སྙད་འདི་སྦྱོར་བཞིན་པར་རྒྱུ་མཚན་དམིགས་བསལ་བ་མེད་ཚེ་མ་སྦྱར་ན་ལེགས། འདི་ནས་བསམ་ཚུལ་སྔ་ཕྱིར་ཞུས་པ་གང་ཡོད་འབྲེལ་ཡོད་ཐམས་ཅད་ཀྱིས་ཤེས་དགོས་པ་འདི་ཤིན་ཏུ་ནས་གལ་ཆེ། བདུན་རེའི་མཚན་འཕུལ་དམ་བཅའ་ནི་འཛིན་གྲྭ་གཉིས་རེ་ཙམ་བྱས་ཏེ་ཚན་པ་མི་འདྲ་བ་ཅི་ཡོད་ཚོ་ཁག་སོ་སོར་འཚོགས་དགོས་པ་འདི་ནི་སྔོན་གྱི་ཚོགས་སྲོལ་ལ་འགྱུར་བ་བཏང་སྟེ་གསར་བཏོད་བྱས་པ་ཞིག་ཡིན་ཞིང་། འདོན་པའང་ཚོ་ཁག་སོ་སོར་གསུང་། འཛིན་གྲྭ་སྒྲིག་སྟངས་ནི་ཉེ་ལོགས་དང་དགྲ་ལོགས་ཇི་ལྟར་སྒྲིག་ནའང་ལེགས་དེ་ག་ནས་གཟིགས། མཚན་འཕུལ་དམ་བཅའ་ཆེན་མོའི་སྐབས་དམ་བཅར་བཞུགས་མཁན་ལོ་དེའི་དགེ་བཤེས་དམ་བཅའ་འཇོག་མཁན་གཉིས་དགོས་པ་ནི་དགུན་ཆོས་འཚོགས་ཡུལ་དེ་ནས་དམ་བཅའ་འཇོག་མཁན་ཡོད་མེད་ལ་ཁྱད་པར་མེད། ལོ་དེའི་ནང་གདན་ས་གོང་འོག་སོགས་ནས་ལྷ་རམས་དགེ་བཤེས་དམ་འཇོག་གི་སྔོན་འགྲོའི་གྲྭ་སྐོར་གནང་བཞིན་པའི་དགེ་བཤེས་དུ་མ་ཡོད་ཚེ་དེའི་ཁྲོད་ནས་རྒན་པ་གཉིས་སོགས་གོ་རིམ་གྱིས་དམ་བཅའ་འཇོག་དགོས། དགེ་བཤེས་དེ་དག་གིས་སྔོན་འགྲོའི་གྲྭ་སྐོར་དམ་བཅའ་འཇོག་སྟངས་ནི་བཅའ་ཡིག་གསར་བ་ཇི་བཞིན་ད་ལྟ་ནས་ལག་ལེན་དུ་བསྟར་དགོས་ཚུལ་ཉེ་སྔོན་བཀའ་ལན་སོང་ཟིན་པ་ལྟར་དང་། གྲྭ་སྐོར་དམ་བཅའི་ཁོངས་སུ་ཕར་ཕྱིན་དབྱར་ཆོས་ཆེན་མོ་དང་ཚད་མའི་དགུན་ཆོས་ཆེན་མོ་གཉིས་ཀའི་སྐབས་འཛིན་གྲྭ་སོ་སོར་གྲྭ་སྐོར་དམ་བཅའ་དང་བདུན་རེའི་མཚན་འཕུལ་དམ་བཅའ་ཞིག་ལ་དམ་བཅའ་འཇོག་དགོས་པ་བཅས་བཅའ་ཡིག་ཏུ་འཁོད་ཡོད་ནའང་ད་རེས་ཀྱི་གྲོས་ཆོད་དམ་འཆར་གཞི་འདིའི་ནང་མི་གསལ་བ་ནི་ཕལ་ཆེར་དེ་ནས་ལུས་པ་འདྲ། དེས་ན་གདན་ས་བཞི་ཁྱད་མེད་ཀྱི་དགེ་བཤེས་ལྷ་རམས་པའི་སྔོན་འགྲོའི་གྲྭ་སྐོར་གནང་མཁན་དགེ་བཤེས་བགྲེས་གཞོན་གོ་རིམ་གྱིས་མཚན་འཕུལ་དམ་བཅའ་ཆེ་བ་དང་ཆུང་བར་དམ་འཇོག་གནང་ཐུབ་པ་ཞིག་མཛད་དགོས། དཔེ་ཁྲིད་ལ་དགེ་རྒན་སུའི་མདུན་དུ་ཕེབས་དགོས་མིན་གཞུང་ནས་བཀོད་སྒྲིག་མེད་ནའང་རང་མོས་ཀྱིས་སུ་དང་སུའི་མདུན་དུ་ཕེབས་རྒྱུ་ཡིན་མིན་དང་པོ་ནས་གསལ་བོར་གཏན་འབེབས་ཀྱིས་དེང་སང་དགེ་རྒན་གྱི་མདུན་ནས་དཔེ་ཁྲིད་བྱེད་མི་དགོས་ཟེར་མཁན་རེ་ཡོད་པས་གཟབ་དགོས ཉིན་ལྟར་ཚད་མའི་དཔེ་ཁྲིད་གཅིག་ལ་ངེས་པར་ཕེབས་དགོས་པའི་ཚགས་འཛིན་ལྷོད་མེད་གནང་དགོས། ཚད་མའི་དགུན་ཆོས་ལ་དཔེ་ཁྲིད་དགེ་རྒན་རྣམས་ངེས་པར་ཕེབས་དགོས་པའི་ཐོག གདན་ས་ཆེ་བ་བཞིའི་ཁྲི་བ་རྣམས་ཚད་མའི་དགུན་ཆོས་ཀྱི་དབུ་བཞུགས་སུ་ཕེབས་ཏེ་འཆད་ཉན་སློབ་གཉེར་སྤྱིའི་ཐུགས་འགན་གཙོ་བོར་བཞེས་དགོས།ཞེས་བཀའ་ཕེབས་པ་ཇི་བཞིན་དུ་འཚོགས་བཞིན་ཡོད་ལ་ཕྱིས་སུ་ཡང་འཁྲུལ་མེད་ལམ་སྟོན་ཚངས་ཐིག་ཆེན་མོ་འདི་ལས་མི་བརྒལ་བར་འདི་ཇི་བཞིན་དུ་འཚོགས་རྒྱུ་ཡིན་ནོ། ། དེ་ལྟར་ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་འདི་ནི། གཙོ་བོ་ཆོས་ཚོགས་དང་ཆོས་ཀྱི་མཛད་སྒོ། ཆོས་ཀྱི་དུས་སྟོན་ལྟ་བུ་མིན་པར་འཆད་ཉན་སློབ་གཉེར་རྒྱས་ཐབས་ཁོ་ན་ལ་དམིགས་ནས། ཡུལ་དབུས་ཀྱི་འཇང་དགུན་ཆོས་ཆེན་མོ་དང་མཚུངས་པར་ཀིརྟི་ཚང་གི་དགོན་མ་ལག་ཡོངས་རྫོགས་ཀྱི་སློབ་གཉེར་པ་དང་ཕྱོགས་གཞན་ཕེབས་པའི་སློབ་གཉེར་པ་ཡོངས་ཀྱི་རྩོད་པའི་རིག་པ་གོང་དུ་འཕེལ་བ་སོགས་ཀྱི་ཆེད། གདན་ས་ཆེ་ཁག་རྣམས་ལ་ལྷན་ཅིག་ཏུ་ཚོགས་རེས་ཀྱིས་གདན་ས་སོ་སོའི་བློ་རིག་ནས་མཛོད་ལོ་རིམ་དང་པོ་བར་གྱི་སློབ་གཉེར་པ་རྣམས་གདན་ས་བཞི་གའི་ཚད་མའི་དགུན་ཆོས་ཆེན་མོ་ལ་ལོ་ལྟར་ཕེབས་ནས་ལོ་སྔ་ཕྱིའི་རྩོད་པ་འཕྲོ་མཐུད་ཀྱིས་ཚད་མའི་འཛིན་གྲྭ་ཆ་ཚང་ལ་ཕེབས་ཐུབ་པ་དང་། རྩོད་པའི་རིགས་པ་ལ་གཙོ་བོར་བྱང་ཆུབ་པའི་ལམ་ཞིག་ཏུ་འགྱུར་པའི་ཆེད་ཁོ་ནས་ཚད་མའི་གཞུང་ལ་དམིགས་བཀར་གྱིས་སློབ་གཉེར་གནང་དགོས་པའི་ཆོས་ཐོག་ཅིག་ཟུར་དུ་འཚོགས་པ་ཡིན་པས་དབུ་ཕར་སོགས་ཀྱི་སློབ་སྦྱོང་གནང་ཞོར་ལ་ཚད་མའི་གཞུང་ཐམས་ཅད་ཆད་ལུས་མེད་པར་སློབ་སྦྱོང་དཔྱིས་ཕྱིན་པ་ཞིག་གནང་ཐུབ་པ་དང་རྒྱུན་གྱི་རྩོད་ཤུགས་འཕེལ་རྒྱས་ཀྱི་ཆེད་དུ་འཚོགས་པའི་བཤད་གྲྭ་ཡོད་པའི་གདན་ས་ཁག་ལ་འཁོར་རེས་ཀྱིས་འཚོགས་དགོས་པའི་རྒྱུན་ལྡན་གྱི་ཆོས་ཐོག་ཅིག་ཡིན་ལ། དེ་བཞིན་སྔོན་གྱི་གསང་ཕུའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་སླར་གསོའི་ཚུལ་དུ་རྗེ་བླ་མའི་དྲང་ངེས་ལེགས་བཤད་སྙིང་བོ་རྩོད་གཞུང་གི་གཙོ་བོར་བཟུང་ནས་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཀིརྟི་ཚང་གི་ཚང་གི་གདན་ས་གོང་འོག་འཁོར་རེས་ཀྱིས་ཧོར་ཟླ་ལྔ་བའི་ཚེས་བཅུ་དྲུག་ནས་ཡར་ཚོགས་ཀྱིས་ཉིན་ཉི་ཤུའི་རིང་ལ་འཚོགས་དགོས་པའི་རྒྱུན་ལྡན་གྱི་ཆོས་ཐོག་ཏུ་བྱས་ནས་ཐེངས་དང་པོ་ཕྱི་ལོ༢༠༡༣ལོར་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཚོགས་ལ། ཐེངས་གཉིས་པ་ད་ལོར་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་འཚོགས་པ་ཡིན། དེ་ལྟར་དུ་གོང་རིམ་ལའང་འདི་བཞིན་སྙན་ཞུ་ཕུལ་བས་ཚད་མའི་དགུན་ཆོས་ཆེན་མོ་དང་ཕར་ཕྱིན་དབྱར་ཆོས་ཆེན་མོ་གཉིས་ཀ་ཀིརྟི་ཚང་གི་བཤད་གྲྭ་ཡོད་པའི་གདན་ས་ཁག་ལ་འཁོར་རེས་ཀྱིས་འཚོགས་རྒྱུའི་རྒྱུན་ལྡན་གྱི་ཆོས་ཐོག་ཅིག་ཏུ་ངོས་འཛིན་གྱིས་ཆོག་མཆན་ལེགས་པར་ཐོབ་ཡོད། དེ་ལྟར་ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་འདི་བཤད་གྲྭ་ཡོད་པའི་ཀིརྟི་ཚང་གི་གདན་ས་ཁག་ལ་འཁོར་རེས་ཀྱིས་འཚོགས་ཏེ་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་ལུགས་ཚད་མ་མདོ་སྡེ་བདུན་དང་བཅས་པའི་དགོངས་དོན་འཇམ་མགོན་རྒྱལ་བ་གཉིས་པ་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བ་གཞིར་བྱས་ནས་ཚད་མ་རིག་པ་ལ་སློབ་གཉེར་གང་གཱའི་རྒྱུན་བཞིན་བསྐྱང་ཞིང་མཁྱེན་དཔྱོད་ཡར་ངོའི་ཟླ་བཞིན་རྒྱས་ཏེ་ཚད་མ་རིག་པའི་འཕྲིན་ལས་ཀྱི་དགེ་མཚན་གསར་བའི་འོད་སྣང་གོ་ལ་ཟླུམ་པོའི་ཁྱོན་ཡོངས་ལ་རྟག་ཏུ་ཁྱབ་པར་བྱེད་པར་འགྱུར་རོ། །8Skརྗེ་ཙོང་ཁ་པའི་དྲ་བ།
        སྨྲས་པ།8Skརྗེ་ཙོང་ཁ་པའི་དྲ་བ།
        དེང་འདིར་འཕགས་བོད་ཀུན་ཀྱི་ཞིང་ཁམས་ན། ། ཚད་མའི་འཇང་དགུན་ཆེན་མོའི་འཕྲིན་ལས་ཀྱི། ། རྒྱལ་མཚན་རིས་མེད་ཕྱོགས་ཀུན་སྒྲེང་པ་ལ། ། སྔོན་མེད་དགེ་ལེགས་གསར་བ་ཉིན་བཞིན་འཕེལ། ། ཚད་མ་གཞུང་བརྒྱའི་ཟབ་དོན་མ་ལུས་པ། ། ཇི་བཞིན་འབྱེད་དང་འཛིན་ཅིང་སྤེལ་བ་ལ། ། ཡངས་པའི་ནོར་འཛིན་ཁྱོན་ན་ཟླ་བྲལ་བ། ། འཇམ་མགོན་ཡབ་སྲས་ལས་གཞན་དམིགས་སུ་མེད། ། ཚད་མ་རིག་པའི་སློབ་དཔོན་རྣམ་གཉིས་ཀྱི། །ཚད་མའི་གཞུང་གི་དགོངས་མཐིལ་ཟབ་མོའི་གནས། །ཚད་མས་ངེས་པ་རྙེད་པའི་ཐབས་ཚུལ་མཆོག ། ཚད་མའི་དགུན་ཆོས་ཆེན་མོ་ལས་གཞན་གང་། ། ནང་བསྟན་རིག་པའི་གཞི་ལམ་འབྲས་གསུམ་ཀུན། །ལུང་རྐྱང་ཨུ་ཚུགས་ཙམ་མིན་དངོས་སྟོབས་ཀྱི། །དྲི་མེད་རིགས་པས་ཡང་དག་གསལ་འདོད་ན། །ཚད་མའི་གཞུང་ལ་སློབ་གཉེར་རྣལ་མ་དགོས། ། རིག་གཞུང་འདི་ཉིད་དགོས་མེད་སྨྲ་བ་དེ། །བླུན་པོ་ཕུལ་དུ་སོན་པའི་རང་རྟགས་སུ། །སྔོན་བྱོན་མཁས་པས་འཁྲུལ་མེད་ལུང་བསྟན་པ། །བདག་གིར་སྤྱོད་པ་བདུད་ཀྱིས་ཟིན་པ་དངོས། །ཕལ་པར་ཆགས་དང་ལེགས་བཤད་དོན་མི་གཉེར། །ཕྲག་དོག་དྲི་མས་སྡང་བ་འདི་གསུམ་ནི། །དཔལ་ལྡན་ཆོས་ཀྱི་གྲགས་པའི་ལུགས་མཆོག་ལ། །རྨོངས་པ་ཨ་འཐས་འགྱུར་བའི་རྐྱེན་ཉིད་ཡིན། །དེས་ན་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱིས། ། གཟུར་གནས་བློ་ལྡན་དོན་གཉེར་ཚངས་ཐིག་ལས། །འདའ་བར་མེད་པར་ཚད་མ་རིག་པ་ལ། །སློབ་གཉེར་བྱེད་པ་གནད་ཀྱི་ཡང་སྙིང་ལགས། ། མཁྱེན་དཔྱོད་གནམ་རུའི་རྒྱུད་ལས་ཉེར་བཀུག་པའི། ། དགག་སྒྲུབ་ལུང་རིགས་བྱེ་བའི་སྒྲོ་ལྡན་གྱིས། ། རབ་རྨོངས་དཔུང་ཚོགས་དྲུངས་ནས་ལེགས་འབྱིན་པའི། །རིགས་པའི་དཔའ་བོས་ཕྱོགས་ཀུན་ཁྱབ་གྱུར་ཅིག ། ཞེས་ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོའི་བྱུང་རིམ་དང་སློབ་གཉེར་མཛད་སྟངས་ཁུངས་ལྡན་གཏམ་གྱི་བདུད་རྩི་འདི་ནི། ཙོང་ཁ་པ་དུས་དེབ་རྩོམ་སྒྲིག་པ་དག་གི་བཀའ་དགོངས་འཁུར་དུ་བླངས་ནས། གོང་དུ་དྲངས་པའི་ལུང་རྣམས་དང་གདན་ས་སོ་སོའི་ཁྲི་རིན་པོ་ཆེ་དང་ཚད་མའི་དགུན་ཆོས་གོ་སྒྲིག་ཚོགས་ཆུང་སོགས་ལ་བཀའ་འདྲི་ཞུས་ནས་སྒྲོ་སྐུར་གྱིས་མ་བསླད་པར་བདེན་གཙང་གི་སྒོ་ནས་མདོར་བསྡུས་ཙམ་ཞིག་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་གྲྭ་ཚང་དང་ཧོར་གཙང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང་གི་ཚོགས་ཆེན་ཁྲི་ལས་ཐོག་པའི་གཟུགས་བརྙན་ཙམ་འཛིན་པ་དཀོན་མཆོག་བཟོད་པར་འབོད་པས་བྲིས་པ་དགེའོ། །8Skརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K