མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།གཙང་སྦྲའི་བསླབ་བྱ་གལ་ཆེན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-08-18 11:43:13         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

          ༡༽ཟ་མ་བཞེས་པའི་སྔོན་དུ་ལག་པ་ཁྲུས། །ཆབ་གསང་ཕེབས་པའི་རྗེས་སུ་ལག་པ་ཁྲུས། ། ནངས་ནུབ་གདོང་དང་སོ་ཡི་དྲི་མ་བཀྲུས། །ཉལ་ཁར་རྐང་པ་བཀྲུས་ན་ལུས་ལ་ཕན། ། ༢༽སེན་མོའི་བར་གྱི་དྲི་མ་མ་བཀྲུས་ན། །ནད་འབུ་མང་པོ་ཁོང་དུ་འགྲོ་བར་ངེས། །དེས་ན་རྒྱུན་དུ་སེན་མོ་དྲ་བཟོ་དང་། །གཙང་བར་བཀྲུ་བ་ཤིན་ཏུ་གལ་ཆེའོ། ། ༣༽ལག་པ་ཁྲུས་ལ་ལྷ་མདུན་མཆོད་པ་ཤོམས། །ལག་པ་ཁྲུས་ལ་གསུང་རབ་ཆོས་དཔེ་ཀློག །ལག་པ་ཁྲུས་ལ་འཁོར་ལོ་ཕྲེང་བ་ཐོགས། །ལག་པ་ཁྲུས་ལ་གཞན་ལ་ཁ་ལག་བྱིན། ། ༤༽ཁ་ནས་ཁ་དྲི་མགོ་ནས་སྐྲ་དྲི་དང་། །རྐང་ནས་རྐང་དྲི་ལུས་ནས་རྔུལ་དྲི་བཅས། །ལྷ་ཁང་དང་ནི་ཆོས་ཞུར་སོང་བ་ན། །ཉེས་པ་ཚབས་ཆེན་བསགས་པའང་ཤེས་པར་མཛོད། ། ༥༽གཙང་སྦྲ་མི་བྱེད་བཟང་པོའི་སྲོལ་རྒྱུན་མིན། །གཙང་སྦྲ་མི་བྱེད་ཆོས་པའི་ཉམས་ལེན་མིན། །གཙང་སྦྲ་མི་བྱེད་མི་རིགས་ལ་རྒྱ་མིན། །གཙང་སྦྲ་མི་བྱེད་བོད་མིའི་ཁྱད་རྟགས་མིན། ། ༦༽གཙང་སྦྲ་མེད་ན་མི་རིགས་གཞན་གྱིས་བརྙས། །གཙང་སྦྲ་མེད་ན་ནད་རིགས་རྣམས་ཀྱིས་སྡང་། །གཙང་སྦྲ་མེད་ན་ཟས་རིགས་སྲོག་གི་གཤེད། །གཙང་སྦྲ་མེད་ན་རང་རིཊ་མགོ་རྣ་བརྫད། ། ༧༽གཙང་སྦྲ་མི་ཤེས་རིག་གནས་མེད་པའི་རྟགས། །གཙང་སྦྲ་མི་ཤེས་གུས་ཞབས་མི་ཤེས་རྟགས། །གཙང་སྦྲ་མི་ཤེས་འཚོ་བ་དབུལ་བའི་རྟགས། །གཙང་སྦྲ་མི་ཤེས་མི་རིགས་རྗེས་ལུས་རྟགས། ། ༨༽ཟས་ལ་གཙང་སྦྲ་བྱས་ན་ཡི་གར་འོང་། །གོས་ལ་གཙང་སྦྲ་བྱས་ན་ཡང་ཞིང་དྲོ། །ཁྱིམ་ལ་གཙང་སྦྲ་བྱས་ན་ཁྱིམ་གང་སྐྱིད། །ཁོར་ཡུག་གཙང་སྦྲ་བྱས་ན་ཐམས་ཅད་སྤྲོ། ། ༩༽གཙང་སྦྲ་གལ་ཆེན་འཛམ་གླིང་ཀུན་གྱིས་གླེང་། །གཙང་སྦྲ་གལ་ཆེན་སྨན་གྱི་གཞུང་ལས་གསུངས། །གཙང་སྦྲ་དགོས་པ་སངས་རྒྱས་ཆོས་ནང་ཡོད། །དེ་ཕྱིར་གཙང་སྦྲའི་ཕྱོགས་ལ་ཀུན་གྱིས་གཟབ། ། ༡༠༽ཁྱིམ་ལུད་གད་སྙིགས་གང་བྱུང་སྤུངས་མི་རུང་། །གོས་རྙིང་ལྷམ་རྙིང་ཆུ་ཤོག་འགྱིག་དམ་སོགས། །གང་བྱུང་མི་གཏོར་གད་སྙིགས་སྒམ་དུ་དོར། །ཀུན་སྤྱོད་བཟང་པོ་འདྲིས་ཤིང་གོམས་པར་བྱ། ། ༡༡༽ཀུན་གྱིས་སྤྱོད་པའི་ཆུ་ནང་གཅིན་སྐྱག་སོགས། །བརྩོག་པས་བརྫད་ན་སྡིག་པ་ཅི་ལ་མེད། །ས་དང་ཆུ་སོགས་དུག་གིས་ཁྱབ་བྱེད་པའི། །གློག་རྫས་གང་བྱུང་མི་གཡུག་ཅིས་ཀྱང་གཟོབ། ། ༡༢༽སྣབས་དང་ཁ་ལུད་གང་བྱུང་མི་འཕེན་པར། །གཙང་ཤོག་ནང་དང་དེ་ཡང་སྙིགས་ཟོམ་དོར། །གྲོང་ནས་གཅིན་སྐྱག་གང་སར་གཏོང་རྒྱུ་མེད། །རང་གི་ཀུན་སྤྱོད་རང་གིས་གཟབ་པར་བྱ། ། ༡༣༽རྩྭ་ཐང་སྟེང་དུ་སྤྲོ་སྤྲོ་ཕེབས་མཁན་ཚོས། །ཆུ་ཤོག་འགྱིག་དམ་ཤུན་པ་སོགས་དོར་ནས། །བྱ་ཞིག་བསད་པའི་ཤུལ་ལྟར་མི་བྱེད་པར། །གཙང་མ་རུག་ནས་ཁྱེར་ཏེ་སྙིགས་སྒམ་དོར། ། ༡༤༽དེ་བཞིན་ཆང་རག་སྤྱོད་པའི་མི་ཀུན་གྱིས། །རྩྭ་ཐང་སྟེང་དུ་ཤེལ་དམ་བཅག་མི་བྱ། །མི་དང་དུད་འགྲོ་ལུས་ལ་གནོད་པ་དང་། །མི་རིགས་གཞན་གྱིས་མཐོང་ཆུང་བྱེད་པའི་རྒྱུ། ། ༡༥༽རླངས་འཁོར་ནང་དུ་ཞུགས་ནས་ཕེབས་པའི་ཚེ།།སྒེའུ་ཁུང་ནང་ནས་གད་སྙིགས་ཕྱིར་མ་གཡུག ། གད་སྙིགས་ཆུ་ཤོག་ཁུག་མའི་ནང་གསོགས་ནས། །འབབ་པའི་དུས་སུ་སྙིགས་ཟོམ་བཙལ་ནས་དོར། ། ༡༦༽མདོར་ན་གཅེས་པར་འོས་པའི་ཁོར་ཡུག་ལ། །གཏོར་བརླག་མི་གཏོང་ཀུན་གྱིས་སྲུང་སྐྱོབས་བྱ། །ཆོས་དང་འཇིག་རྟེན་ཡ་རབས་ལུགས་བཟང་ལ། །ཆུང་ས་འདི་ནས་བརྩམ་ཏེ་འཇུག་པར་མཛོད། ། ༡༧༽རྐུ་འཕྲོག་བཅོམ་གསུམ་མི་བྱེད་ཅིང་། །རྫུན་དང་མགོ་སྐོར་སོགས་མི་བྱེད། །ཕན་ཚུན་ངན་སེམས་ཕྲག་དོག་དོར། །བོད་མིའི་སྤྱོད་གཙང་གོང་དུ་སྤེལ། ། ༡༨༽གཙང་སྦྲ་དགོས་པའི་གཏམ་ཐུང་འདིས། །རང་རིགས་ཀུན་ལ་ཕན་ཐོགས་ཤོག ། གཞན་གྱིས་མཐོང་ཆུང་རྩོག་འཛེམས་སོགས། ། རྒུད་པ་སེལ་བའི་རྒྱུར་གྱུར་ཅིག །tpHརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K