མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།སྐུ་འདྲ་བཞེངས་པ་ལས་སློབ་མ་བཞེངས་ན་ཡག་པོ་འདུག

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-10-25 20:12:39     རྩོམ་པ་པོ།   སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་གིས་གསུངས།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

640.webp.jpgqRmརྗེ་ཙོང་ཁ་པའི་དྲ་བ།

        ༧ ཐེངས་འདིའི་གྲ་སྒྲིག་ཚོགས་ཆུང་གི་ལས་བྱེད་པ་རྣམ་པས་འཆར་གཞི་བཀོད་སྒྲིག་གནང་ཡོང་དུས་ཁོང་རྣམ་པའི་བཀའ་བརྩིས་པ་ལྟ་བུའི་ཐོག་ནས་སྐད་ཆ་ཁ་ཤས་ཤིག་བཤད་ན་བསམ་པ་ཡིན། དེ་རིང་སྐྱབས་གནས་འདུས་ཚོགས་རིན་པོ་ཆེ་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་སོགས་གྲྭ་བཙུན་ཧ་ཅང་མང་བོ་ཞིག་མཉམ་འཛོམས་བྱུང་བའི་སྐབས་ཤིག་ཡིན་པ་སོང་ཙང་། དུས་ཚོད་འདི་དང་བསྟུན་ནས་ང་རང་གིས་གྲྭ་ས་ཆེན་པོ་གསུམ་དང་དེ་མཚུངས་བཤད་གྲྭ་སྒྲུབ་གྲྭ་མང་བོ་ཞིག་ནས་བསགས་པའི་མཐོང་ཐོས་ཀྱི་ཉམས་མྱོང་དེ་ཚོ་ཕྱོགས་བསྡོམས་འདྲ་བོ་བྱས་ནས་དགོན་པ་གཅིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་གལ་ཆེ་བ་དོན་ཚན་ལྔར་བཟོས་ནས་སྐད་ཆ་བཤད་དྲན་གྱིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་དེ་འཛིན་ལུགས་སྐྱོང་ལུགས་མི་ཤེས་མཁན་ཕལ་ཆེར་ཚོགས་པ་འདིར་ཡོད་པ་མ་རེད། ཚོགས་པ་འདིའི་ནང་ལ་གྲྭ་བཙུན་སྟོང་ཚོ་ག་ཚད་སླེབས་ཡོད་ན་དེ་ཚོ་ཡོངས་སུ་རྫོགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་སྒོར་ཞུགས་ནས། བསྟན་པ་འདིའི་བསྟན་འཛིན་སྐྱེས་བུ་ཞིག་ཏུ་ཨེ་འགྱུར་བསམ་པའི་རེ་བ་དང་། ནང་བ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་རྒྱུའི་འདུན་པ་དང་། བསྟན་པ་འཛིན་རྒྱུ་དེ་ཁས་བླངས་ནས་ཡོད་དུས། ང་ཚོ་ཚང་མ་ལ་ཆ་མཉམ་པའི་ཐོག་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་བསམ་བློ་དང་ལྷག་བསམ་ཡོད་དགོས་པ་ཞིག་རེད་ལ་ཡོད་འོས་པ་ཞིག་ཀྱང་རེད་བསམ་གྱིན་ཡོད། སངས་རྒྱས་ཀྱི་བསྟན་པ་འཛིན་ཟེར་བ་ག་འདྲ་བྱས་ནས་ཡོང་དགོས་ཀྱི་འདུག མགོ་ག་ནས་ཚུགས་དགོས་ཀྱི་འདུག འདི་ཧ་ཅང་གལ་ཆེ་བའི་གནད་འགག་ཅིག་རེད། སངས་རྒྱས་ཀྱི་བསྟན་པ་འཛིན་ཟེར་བ་དེ་ང་རང་ཚོ་གྲྭ་བ་བྱེད་ཐུབ་ཙམ་ཞིག་དང་། གྲྭ་ཆས་གོན་ཐུབ་ཙམ་ཞིག་དང་། གྲྭ་ཆས་གོན་ནས་མི་ཚེ་བསྐྱལ་ཐུབ་ཙམ་ཞིག་གིས་རྩ་བ་ཉིད་ནས་ཡོང་གི་ཡོད་པ་མ་རེད། འགན་ཁུར་ག་རེ་ཡོད་པ་རེད་ཟེར་ན། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ནང་བཞིན་བྱས་ནས་ལུང་གི་བསྟན་པ་བཤད་པའི་སྒོ་ནས་འཛིན་དགོས་པ་ཞིག་དང་། རྟོགས་པའི་བསྟན་པ་སྒྲུབ་པ་ཉམས་ལེན་གྱི་ཐོག་ནས་འཛིན་དགོས་པ་ཞིག་ཡིན་པ་ང་ཚོ་ཚང་མ་ལ་གསལ་ཆ་ཡོད་པ་རེད། ལུང་གི་བསྟན་པ་བཤད་པའི་སྒོ་ནས་འཛིན་ཟེར་ཡོང་དུས་ད་ལྟ་བོད་ཁ་བ་གངས་ཅན་ལྗོངས་ནས་བཤད་པ་བཤད་སྟངས་དེ་ལ་རྩོད་པ་བྱས་ནས་འགྲོ་སྟངས་ཤིག་དང་། བཤད་པ་རང་བྱས་ནས་འགྲོ་སྟངས་གཉིས་ཡོང་གི་འདུག གང་ལྟར་ཡང་དེ་གཉིས་ཀ་གཙོ་བོ་ཐོས་པ་སློབ་གཉེར་ཞེས་པ་དེའི་ནང་མ་འདུས་པ་ཡོད་པ་མ་རེད། ཐོས་པ་སློབ་གཉེར་ཟེར་བ་དེ་ངེས་པར་སྔོན་དུ་མ་སོང་བར། དེའི་དོན་བསམ་པ་རྩ་བ་ཉིད་ནས་ཡོང་གི་མེད་པ་དང་། དེའི་དོན་བསམ་པ་དེ་མ་ཡོང་ན་དེའི་དོན་སྒོམ་པའི་ཉམས་མྱོང་དེ་ཡང་རྩ་བ་ཉིད་ནས་ཡོང་གི་མེད་པ་དང་། ཐོས་བསམ་སྒོམ་གསུམ་གང་ཡང་མ་བྱས་པར་གྲུབ་པའི་གོ་འཕང་མཐོན་པོར་སླེབས་ཟེར་བ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འཛིན་ཟེར་བ་གང་ཡང་མེད་པ་དེ་ང་ཚོས་ཤེས་དགོས་ཀྱི་འདུག སློབ་དཔོན་དཔའ་བོས་ཀྱང་། ཐོས་ཉུང་རྨུགས་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེ་ཀོ་ཅི་ཞིག་བསམ་པར་བྱ། །ཞེས་པའི་ཚིག་དེ་འདྲ་གསུངས་འདུག ཚིག་དེ་ཧ་ཅང་གནད་འགག་ཆེན་པོ་རེད། དེའི་ནང་བཞིན་ས་སྐྱ་པཎྚི་ཏས་ཀྱང་། ཐོས་པ་མེད་པའི་སྒོམ་པ་ནི། ། ལག་རྡུམ་བྲག་ལ་འཛེག་པ་འདྲ། ། ཞེས་གསུངས་འདུག རང་རང་སོ་སོར་ཡིན་གཅིག་མིན་གཉིས་སྒོམ་ཉམས་ལེན་ཞིག་མཁོ་གི་ཡོད་ན། དང་པོ་གང་སྒོམ་དགོས། གང་ཉམས་སུ་ལེན་དགོས། ཚུལ་ཇི་ལྟར་ཉམས་སུ་ལེན་དགོས་པ་སོགས་ཤེས་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད། དེ་ཤེས་པ་ལ་ང་རང་ཚོས་ཐོག་མར་དགེ་བའི་བཤེས་གཉེན་བསྟེན་ཚུལ། དགེ་རྒན་བསྟེན་ཚུལ་ཟེར་བ་དེ་གལ་ཆེན་པོར་རྩིས་དགོས་ཀྱི་རེད།qRmརྗེ་ཙོང་ཁ་པའི་དྲ་བ།

        སྤྱིར་ན་དེ་རིང་འདིར་གྲྭ་བ་མང་བོ་ཕེབས་འདུག དགོན་པ་སོ་སོ་བདག་གཉེར་བྱེད་མཁན་གྱི་དགེ་རྒན། བདག་གཉེར་བྱེད་མཁན་གྱི་ལས་བྱེད་པ། བླ་སྤྲུལ་དགོན་བདག་བླ་མ་སོགས་མང་བོ་ཕེབས་འདུག འདི་འདྲ་ཞིག་གི་ཚོགས་པའི་དབུས་ནས་ང་འདྲ་བོ་ཞིག་གིས་སྐད་ཆ་བཤད་ནས་ཚང་མས་དེ་ཉམས་ལེན་བྱེད་དགོས་ཟེར་ན་ཧམ་པ་རེད་དེ། ཡིན་ན་ཡང་འདིའི་ཕྱོགས་ལ་ཁྱེད་རྣམ་པས་དགོངས་པ་རྒྱ་ཆེན་པོ་དང་ཐུགས་བསམ་གཏིང་ཟབ་པོ་བཞེས་རོགས་གནང་། ད་ལྟ་དགོན་པ་སོ་སོའི་ནང་བསླབ་པ་སློབ་གཉེར་འཛུགས་ཀྱི་ཡིན་ཟེར་མཁན། བཤད་གྲྭ་འཛུགས་ཀྱི་ཡིན་གསུང་མཁན། དཔེ་ཁྲིད་འཛུགས་ཀྱི་ཡིན་གསུང་མཁན་མང་པོ་འདུག རང་རང་སོ་སོས་དགོན་པ་བདག་པོ་རྒྱག་པ་དེ་ལ་བསླབ་པ་སློབ་གཉེར་དོན་དང་ལྡན་པ་ཞིག་དང་། ཚུལ་དང་མཐུན་པ་ཆགས་རྒྱུ་དེ་ཧ་ཅང་གལ་ཆེན་དོན་ཆེན་རེད། ད་སྔ་ཡིན་ན་བོད་ཁ་བ་གངས་ཅན་ལྗོངས་ལ་དགོན་པ་སྟོང་ཕྲག་མང་བོ་ཡོད་པ་དང་དེང་སྐབས་ཀྱི་དུས་ཚོད་འདིར་ཡང་དགོན་པ་སྟོང་ཕྲག་གསུམ་ལྷག་འདུག དཔེར་ན་ད་ལྟ་ཟི་ཁྲོན་ཞིང་ཆེན་ཞེས་མང་བཏགས་ནས་ས་གནས་བགོ་བཤའ་བརྒྱབ་ཡོད་པའི་ས་ཁུལ་འདི་གཅིག་པོར་བྱས་ན་ཡང་དགོན་པ་ལྔ་བརྒྱ་དང་གྲྭ་བ་ཁྲི་དྲུག་ལྷག་ཙམ་འདུག གྲྭ་བ་ཁྲི་དྲུག་ལྷག་ཙམ་ཞིག་གི་ནང་ནས་བསླབ་པ་སློབ་གཉེར་ཡོད་མཁན་ག་ཚོད་ཡོད། དགོན་པ་ལྔ་བརྒྱའི་ནང་ལ་བཤད་གྲྭ་ཡོད་ས་ག་ཚོད་ཡོད། བཤད་གྲྭ་ཡོད་པ་དེ་ཚོའི་ནང་ལ་གོ་ཆོད་མཁན་ག་ཚོད་ཡོད། དེ་ལྟར་བསམ་བློ་ཞིག་བཏང་ཡོང་དུས་དགོན་པ་སོ་སོའི་དགོན་བདག་བླ་མ་རེད། དགོན་བདག་གི་སྤྲུལ་སྐུ་རེད། དེ་ག་ནང་བཞིན་རྒན་པ་རྣམ་པ་རེད། དེ་ག་ནང་བཞིན་ལས་བྱེད་པ་རྣམ་པ་རེད། ཚང་མས་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་དགོས་ས་རེད། དགོན་པ་སོ་སོའི་ནང་ལོ་རྒན་པ་དེ་ཚོ་རྒས་ཚར་བ་རེད། ཤིང་རྒས་སྡོང་རྒན་ལྟ་བུ་འཁྱོག་པོ་དེ་འདྲ་ལ་བཟོ་བཅོས་རྒྱག་རྒྱུ་མེད་ན་ཡང་། གཞོན་པ་དེ་ཚོའི་མདུན་ལམ་ལ་བསམ་བློ་ཞིག་བཏང་ནས་བསླབ་པ་སློབ་གཉེར་གྱི་ཕྱོགས་ལ་ཤུགས་བསྐྱོན་རྒྱུ་དེ་ཧ་ཅང་ནས་གལ་ཆེན་དོན་ཆེན་རེད་དྲན་གྱིན་ཡོད། དེ་ལྟར་ཤུགས་བསྐྱོན་ནས་སློབ་མ་འདུས་དང་མི་འདུས། སློབ་སྦྱོང་ཡོང་དང་མི་ཡོང་། སློབ་གཉེར་བ་ཆགས་དང་མི་ཆགས། ཤེས་ཡོན་ཡོད་དང་མེད། ཀུན་སྤྱོད་ཡག་དང་མི་ཡག རྩ་བ་ཐམས་ཅད་དགེ་རྒན་ལ་རག་ལས་ཡོད་པ་རེད། ངས་འདིར་ཞུ་བའི་དགེ་རྒན་ཞེས་པ་དེ་ཡང་དེང་སང་དགོན་པ་སོ་སོའི་ནང་ལ་ཕེབས་ནས་ཉི་མ་ཁ་ཤས་རེར་དབང་བསྐུར་རྗེས་གནང་རེ་གསུངས་ཏེ་ཕེབས་འགྲོ་བའི་བླ་མ་དེ་ཚོར་ཞུ་གི་མེད། གྲྭ་བ་སོ་སོས་ཀྱང་དབང་སྐུར་རྒྱུད་བཤད་མན་ངག་གི་བླ་མ་བཀའ་དྲིན་གསུམ་ལྡན་ཡིན་ཟེར་ནས་དེ་ཚོར་ཞེ་དྲག་གིས་རྩིས་མཐོང་ཆེན་པོ་འཇོག་གི་འདུག ཏན་ཏན་རེད། དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དེ་ཚོ་ཧ་ཅང་གི་རྩ་ཆེན་པོར་བརྩི་དགོས་ཀྱི་རེད་དེ། དེ་ལས་གལ་ཆེ་བ་ནི་ཉི་མ་རེ་རེ་བཞིན་དུ་དཀའ་ལས་བརྒྱབ་ནས་ལོ་མང་གི་རིང་སློབ་གཉེར་བྱས་པའི་གྲུབ་འབྲས་རང་རྒྱུད་ལ་གང་ཡོད་པ་ཉི་མ་རེ་རེའི་བཞིན་དགེ་ཕྲུག་གི་རྣ་འབྱོག་གི་ནང་ལ་གསེར་ནག་གི་ཐིགས་པ་ནང་བཞིན་ཟགས་གི་འཇོག་མཁན་དེ་ཚོ་རེད། དེ་ཚོ་གལ་ཆེན་པོར་བརྩི་དགོས་ཀྱི་རེད། ང་རང་སྒེར་ལྟ་བུར་མཚོན་ན་ཡང་སོ་སོའི་མི་ཚེའི་ནང་ད་ལྟའི་བར་སློབ་སྦྱོང་བྱས་ནས་མི་ལོ་ཉི་ཤུ་རྩ་དྲུག་རྩ་བདུན་ཞིག་ཕྱིན་སོང་། དེའི་རིང་ལ་ཆེས་རྩ་ཆེ་ཤོས། ཆེས་གལ་ཆེ་ཤོས་དེ། བཀའ་དྲིན་ཆེ་ཤོས་དེ་གཞུང་ཆེན་བཀའ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་མཐར་ཕྱིན་པ་གནང་ཏེ་ཉི་མ་རེ་རེ་བཞིན་སྐུ་ངལ་བསྐྱོན་ནས་ཉི་མ་རེ་རེ་བཞིན་དཔེ་ཁྲིད་གནང་མཁན་གྱི་བླ་མ་དགེ་བའི་བཤེས་གཉེན་དེ་ཚོ་ཡིན། དགོན་པ་སོ་སོ་ཡིན་ན་ཡང་སོ་སོའི་དགོན་པའི་ནང་སློབ་གཉེར་དང་སློབ་སྦྱོང་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་ན། དཔེ་ཁྲིད་དགེ་རྒན་དེ་དག་ལ་དད་པ་དང་དག་སྣང་རྩིས་བཀུར་སོགས་ཀྱི་ཐད་ནས་ངེས་པར་གཟབ་གཟབ་གནང་དགོས་ཀྱི་རེད། འདི་མདོ་རྒྱུད་རྒྱ་གཞུང་གི་དགོངས་པ་རེད། ངས་འདི་ནས་ལུང་འདྲེན་མང་བོ་བྱས་ནས་དགོས་པ་ལྷག་པོ་གང་ཡང་མི་འདུག སློབ་གྲྭ་བརྒྱབ་ཡོད། བཤད་གྲྭ་བརྒྱབ་ཡོད་ཅེས་ལབ་ནས་དགེ་རྒན་ལ་གུས་ཞབས་མེད་པ་དང་དགེ་རྒན་ལ་རྩིས་འཇོག་མེད་པ་དང་། དགེ་རྒན་ཡག་པོ་ཞིག་མི་བཙལ་བར་སྣང་མེད་དུ་བཏང་ནས་བཞུགས་བསྡད་པ་དེ་ཚོས་ང་ལ་འབྲས་བུ་རྒྱ་ཆེན་པོ་ཞིག་དགོས་ཀྱི་འདུག རྒྱུ་རྩ་བ་ཉིད་ནས་བསྒྲུབ་རྒྱུའི་སྤྲོ་གི་མི་འདུག་ཟེར་བ་དང་གཅིག་མཚུངས་རེད། འབྲས་བུ་ཡག་པོ་ཞིག་མཁོ་ན་རྒྱུ་ཡག་པོ་ཞིག་སྒྲུབ་དགོས་པ་ལྟར་རྩ་བ་ཐམས་ཅད་དགེ་རྒན་ལ་རག་ལས་ཡོད་པ་དེ་གནད་འགག་ཆེན་པོ་ཞེ་བོ་ཞིག་རེད། དོན་ཚན་གཅིག་དེ་དེ་ཡིན།qRmརྗེ་ཙོང་ཁ་པའི་དྲ་བ།

QQ截图20151025201515.pngqRmརྗེ་ཙོང་ཁ་པའི་དྲ་བ།

        དོན་དག་གཉིས་པ་དེ་སློབ་མ་རེད། དེང་སང་གི་དགོན་སྡེ་ཁག་ལ་བསམ་བློ་བཏང་ན། སློབ་མ་དེ་ལ་གྲྭ་བའི་རིགས་གཅིག་དང་བཙུན་མའི་རིགས་གཅིག་སྟེ་གཉིས་ཡོང་གི་ཡོད་པ་རེད། སྔོན་ཆད་ཀྱི་ལོ་རྒྱུས་ལ་བསམ་བློ་བཏང་ན། སློབ་གཉེར་གྱི་གོ་སྐབས་མང་བོ་ཐོབ་མཁན་དེ་གྲྭ་བ་རེད། སློབ་གཉེར་གྱི་གོ་སྐབས་མང་བོ་མ་འཐོབ་མཁན་དེ་བཙུན་མ་རེད། ད་ལྟའི་ཆ་ལ་འཛམ་གླིང་ས་ཕྱོགས་ག་ས་གང་ནས་ཕོ་མོ་འདྲ་མཉམ་ཡིན། འདྲ་མཉམ་དགོས་ཀྱི་འདུག་ཅེས་ཞེ་བོ་བཤད་ཀྱིན་ཡོད་པ་རེད། ད་ལྟའི་སྐབས་འདིར་བཙུན་མ་ཚོས་ཀྱང་སློབ་གཉེར་ཐོག་ལ་ཤུགས་བརྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་དོན་ཆེན་རེད་བསམ་གྱིན་ཡོད། ད་ལྟ་དགོན་པ་སོ་སོའི་ནང་ཐབས་ཤེས་འདྲ་མི་འདྲ་འཐེན་ནས་སྐད་ཆ་སྙན་པོ་བཤད་ནས། ང་ཚོའི་དགོན་པ་ལ་གྲྭ་བ་འདི་འདྲ་དགོས་ཀྱི་འདུག་ཅེས་དགོན་པས་གྲྭ་བའི་ཆེད་དུ་རྙོག་དྲ་བཤད། གྲྭ་བའི་ཆེད་དུ་དགོན་པ་དང་དགོན་པའི་བར་འཐབ་རྩོད་བརྒྱབ། དེ་འདྲ་བྱས་ནས་གྲྭ་བཙུན་མང་བོ་ཡར་སྡུད་ཀྱི་ཡོད་པ་རེད། གྲྭ་བ་བཙུན་མ་སུ་དང་སུ་ཡིན་ན་ཡང་རང་རང་ས་གནས་གཞན་དང་གཞན་ལ་སླེབས་རྗེས་ང་ཚོའི་དགོན་པ་དེ་ཡག་པོ་ཡོད་ཁྱོད་འགྲོ་གི་ཨེ་ཡིན། ཁོའི་དགོན་པ་དེ་ཡག་པོ་ཡོད་པ་རེད་ཁྱོད་འགྲོ་གི་ཨེ་ཡིན་ཞེས་བཤད་ནས་གྲྭ་རྒྱུན་ཡན་ཆད་གཅིག་གཅིག་གིས་ཨེ་རག་བལྟས་ནས་འཐབ་རྩོད་རྒྱག་གི་ཡོད་པ་རེད། འཐབ་རྩོད་བརྒྱབ་ནས་དགོན་པའི་ནང་གྲྭ་བཙུན་ཡར་བསྡུས་པའི་རྗེས་ལ་བདག་ཡག་པོ་རྒྱག་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད་བསམ་གྱིན་ཡོད། རྒན་པ་རྣམ་པ་ཚོས་ཡིན་ན་ཡང་རེད། དགེ་བའི་བཤེས་གཉེན་རྣམ་པ་ཚོས་ཡིན་ན་ཡང་རེད། དགོན་པའི་ལས་ཀ་བྱེད་མཁན་རྣམ་པ་ཚོས་ཡིན་ན་ཡང་རེད། གྲྭ་བ་དང་བཙུན་མ་བློ་རིག་བཀྲ་བོ་ཡོད་མཁན། དབང་བོ་ལྔ་བོ་ཚང་ཡོད་མཁན། རྣམ་དཔྱོད་ཀྱི་འཇུག་པ་ཡོངས་སུ་རྫོགས་ཡོད་མཁན་ལོ་ཉུང་ལོ་གཞོན་དེ་འདྲ་མང་བོ་ཚུར་བསྡུས་ཚར་བའི་རྗེས་ལ་གྲྭ་བཙུན་དེ་དག་ལ་སྒྲིག་འཛུགས་སྒྲིག་ལམ་སློབ་གསོ་གང་གི་ཐད་ནས་ཀྱང་མཐུན་རྐྱེན་ཆ་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབ་དགོས་པ་དེ་འགན་རེད། དེ་འདྲ་གང་ཡང་མི་བྱེད་པར་འགའ་རེ་ཕར་བལྟས་ན་ཐབས་སྐྱོ་བོ། ཆུ་ལེན་པ་དང་དེའི་ཐོག་ལ་ཇ་ཞིག་སྐོལ་རོགས་བྱས་སོང་ན་ངའི་དགེ་ཕྲུག་ཡག་པོ་ཡིན་ཟེར་ནས། དགེ་ཕྲུག་ག་བར་ག་བར་འཁྱམ་གྱི་འདུག་དང་མི་འདུག ཉི་མ་རེ་རེ་ལ་ག་རེ་བྱེད་ཀྱི་འདུག་དང་མི་འདུག སློབ་སྦྱོང་ག་རེ་བྱེད་ཀྱི་འདུག་དང་མི་འདུག ཀུན་སྤྱོད་ག་རེ་བྱེད་ཀྱི་འདུག་དང་མི་འདུག དེའི་ཕྱོགས་ལ་ཕལ་ཆེ་བས་བསམ་བློ་དང་འགན་གང་ཡང་ཁུར་གྱིན་མི་འདུག དེ་ཧ་ཅང་ཚབས་ཆེན་པོ་རེད། ཉེན་ཁ་ཆེན་པོ་རེད། མི་རིགས་ཀྱི་ཐོག་ནས་བཤད་ན་མི་རིགས་འཕྲོ་བརླག་ཏུ་བཏང་བ་རེད། ཆོས་དང་རིག་གཞུང་གི་ཐོག་ནས་བཤད་ན་ཆོས་དང་རིག་གཞུང་གི་སྣོད་འཕྲོ་བརླག་ཏུ་བཏང་བ་རེད། འདུལ་བ་ལུང་ལས་ཀྱང་ཤན་པ་བྱེད་དུ་བཅུག་པ་ནི་བླ་ཡི་རབ་ཏུ་བྱུང་ནས་ཡལ་བ་བོར་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད། འདི་ལ་ས་དགེ་བཀའ་རྙིང་གི་སྐད་ཆ་གང་ཡང་ཡོད་པ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་འདུལ་བ་ལུང་གི་དགོངས་པ་རེད། དཔེར་ན་དགེ་རྒན་ཞིག་གམ་ཡང་ན་མཁན་པོ་ཞིག་གིས་མི་སྐྱ་ཁྱིམ་པ་གོས་དཀར་ཅན་ཞིག་གི་ལག་ཏུ་གྲི་བཞག་ནས་བཤས་རའི་ནང་གི་ཤན་པ་བྱོས་ཤོག་ཟེར་ནས་ཤན་པ་བྱེད་དུ་བཅུག་པ་དང་། མི་ཞིག་དགོན་པའི་ནང་རབ་ཏུ་བྱུང་བཅུག་ནས་འདུལ་ཁྲིམས་དང་ཀུན་སྤྱོད་ཀྱི་ཐོག་ལ་བསླབ་བྱ་གང་ཡང་མ་བརྒྱབ་པར་ཡལ་བར་དོར་བཞག་པ་གཉིས་ལས། ཤན་པ་བྱེད་དུ་བཅུག་པ་དེ་དགའ་གི་རེད་གསུངས་པ་རེད། ངས་ནམ་རྒྱུན་སེར་ཤུལ་དགོན་པའི་ནང་ལ་ཡང་ཡང་ནས་ཡང་དུ་དེ་ལྟར་ཞུ་གི་ཡོད། གྲྭ་བ་སོ་སོའི་ཁ་ལྟ་ཕྱོགས་ཀྱི་དགེ་རྒན། ཁག་ཐེག་དགེ་རྒན་སོ་སོས་ངེས་པར་དུ་གྲྭ་བཙུན་དེ་དག་ཡར་ཞུགས་ཚར་བའི་རྗེས་ལ་ཆོས་དང་རིག་གཞུང་གི་སློབ་གསོ་གནང་ནས་བདག་གཉེར་ཡག་པོ་ཞིག་བྱེད་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད། རྣམ་པ་ཚོས་ག་ལེར་དགོངས་པ་བཞེས་དང་། སངས་རྒྱས་ཀྱི་བསྟན་པའི་ཆ་ནས་བསམ་བློ་བཏང་ན་དེང་སང་གི་དུས་ཚོད་དེ་གལ་ཆེན་རེད། སྔོན་ཆད་ཡིན་ན་མང་ཚོགས་ནང་ནས་གྲྭ་བ་བྱེད་པ་ལ་དད་འདུན་དང་དགའ་བོ་ཡོད་པ་རེད། དེང་སང་ཡིན་ན་གྲྭ་བ་བྱེད་པ་ལ་མི་དགའ་མཁན་མང་དུ་སོང་ནས་གྲྭ་བ་བྱེད་མཁན་ཉུང་དུ་ཕྱིན་ཡོད་པ་རེད། སྔོན་ཆད་གྲྭ་བ་སྟོང་ཚོ་གཅིག་ཡོད་ས་ལ་དེང་སང་གྲྭ་བ་བཞི་ལྔ་རེ། དགོན་པ་མང་བོ་ཞིག་ལ་དཀོར་གཉེར་མ་གཏོགས་མེད་པར་ཆགས་ནས། སྡུག་ས་ནས་བཤད་ན་དཀོར་གཉེར་ལ་ཡང་མི་སྐྱ་རྒན་འཁོགས་མ་གཏོགས་རག་མེད་སའི་ས་ཆ་མང་བོ་རེད། འདི་དག་ག་རེ་བྱས་ནས་བྱུང་བ་རེད། ང་ཚོས་སྤྱི་ཚོགས་ཀྱི་རྗེས་མ་ཟིན་པ་ལས་བྱུང་བ་རེད། དཔེར་ན་མི་ཚང་གཅིག་གི་བུ་གཅིག་སློབ་གྲྭ་ལ་ཡོད་པ་དང་བུ་གཅིག་དགོན་པ་ལ་ཡོད་ན། སློབ་གྲྭའི་ནང་ལ་ཡོད་པ་དེར་སློབ་འབྲིང་གི་སྐབས་དང་སློབ་ཆེན་གྱི་སྐབས་སུ་སྤྱོད་འཇུག་ཆེན་མོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་སྡོམ་གསུམ་སོགས་མང་བོ་ཞིག་གི་ཁྲིད་ཐོབ་ཅིང་སློབ་སྦྱོང་སྤྲད་ཡོད་པ་རེད་ལ། དེ་དང་མཉམ་དུ་དག་ཡིག་སུམ་ཅུ་བ་རྟགས་འཇུག་སོགས་རིག་ཚན་མང་བོ་ཞིག་གི་བསླབ་བྱ་ཡང་བསླབས་ཡོད་པ་རེད། དགོན་པའི་ནང་ལ་ཡོད་པ་དེར་ཆོ་ག་ཞིག་འདོན་རྒྱུ་ཡོད་ལ་མེད་ལ་བྱས་ནས་ཁྱིམ་ནང་ལ་སླེབས་རྗེས། གཅིག་ལ་ཆོས་ཀྱི་བསླབ་བྱ་དང་རིག་གནས་ཀྱི་བསླབ་བྱ་སོགས་ཡོངས་རྫོགས་ཚང་ཡོད་པ་རེད། གཅིག་ལ་གང་ཡང་ཡོད་པ་མ་རེད། ལྷ་སའི་གཏམ་དཔེ་ཞིག་ལ། * "ལ་ཕུག་གཏོར་མ"ཟེར་བ་ནང་བཞིན། ཐོག་ཁ་ལ་གཡུགས་ན་བྱ་ཡིས་ཟ་གི་མ་རེད། སྒོ་འགྲམ་ལ་གཡུགས་ན་ཁྱི་ཡིས་ཟ་གི་མ་རེད། ཆུའི་ནང་ལ་འཕངས་ན་ཉ་ཡིས་ཟ་གི་མ་རེད། དེ་ནང་བཞིན་དཔེ་ཆ་བཤད་ན་དེ་ཡང་མེད། ཀུན་སྤྱོད་ཟེར་ན་དེ་ཡང་མེད། ཞིང་ལས་བྱས་ན་དེ་ཡང་མེད། ཚོང་ལས་གཉེར་ན་དེ་ཡང་མེད། གང་ཡང་མི་འཇོན་པ"ལ་ཕུག་གཏོར་མ"ངོ་མ་ཞིག་ཆགས་ཡོད་པ་རེད། དགོན་པའི་ནང་གྲྭ་བའི་འགྲོ་སྟངས་མེད་མཁན་སྤྱི་ཚོགས་ཀྱི་འགྲོ་སྟངས་མེད་མཁན་དེ་འདྲ་མང་པོ་ཆགས་ཡོང་དུས་གྲྭ་བ་བྱེད་པ་ལས་སློབ་གྲྭར་སོང་ན་ཡག་པོ་འདུག་ཟེར་ནས་ཁྱིམ་ཚང་སོ་སོའི་ཁ་ཕྱོགས་དེ་ལྟར་འགྱུར་འགྲོ་གི་ཡོད་པ་རེད། དེ་འདྲ་ཡིན་དུས་གྲྭ་བ་རྒན་པ་ཚོས་མགོ་བཙུགས་ནས། རིག་གནས་གསར་བརྗེའི་ཡར་མར་ལ་འཁྲུངས་བཞག་པའི་གྲྭ་བ་རྒན་པ། * "གླང་དར་ཁྲིམས་ཕོག་མ" ཞེས་པའི་སྐུ་འདྲ་དེ་ཚོ་ནང་བཞིན་། སྐབས་ཐོག་དེར་ཁྲིམས་དེ་ལྟར་ཕོག་ཡོང་ན་ཡང་སྡོམ་ཁྲིམས་རྣམ་པར་དག་པ་བསྲུངས་ནས་བཞུགས་ཡོད་མཁན་དང་། དེའི་རྗེས་ལ་ཡོང་བའི་ལོ་རབས་ལྔ་བཅུ་དྲུག་ཅུའི་ཡར་མར་ནས་ཡོད་པའི་གྲྭ་བ་རྣམ་པ་ཚོས་འགན་ཁུར་ནས། རང་རང་སོ་སོ་ལ་སློབ་གསོ་རག་ཡོད་དང་མེད། རང་རང་སོ་སོ་ལ་དཔེ་གཟིགས་ཀྱི་གོ་སྐབས་བྱུང་ཡོད་མེད་ལ་མ་ལྟོས་པར། རང་རང་སོ་སོར་ཁག་འཁྲི་སའི་དགེ་ཕྲུག་དེ་དག་ལ་བདག་ཡག་པོ་རྒྱག་དགོས་པ་དེ་གནད་འགག་གལ་ཆེ་ཤོས་ཤིག་རེད། བཙུན་མའི་སྐོར་ནས་བཤད་ན་བཙུན་མ་བྱེད་མི་ཆོག་ཅེས་ལབ་ན་རང་དབང་འཕྲོག་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཕོ་མོ་སུ་རབ་ཏུ་བྱུང་ན་ཡང་འགྲིག་གི་ཡོད་པ་རེད། རབ་ཏུ་མ་བྱུང་ན་ཡང་འགྲིག་གི་ཡོད་པ་རེད། དེ་རང་དབང་རེད། ཡིན་ན་ཡང་བཙུན་མ་བྱས་ཚར་བའི་རྗེས་ལ་མི་ཚེ་གཅིག་གི་ནང་བྱ་བ་ག་རེ་བྱེད་ཀྱི་ཡོད་ཅེས་དྲིས་ན། སྒྲོལ་མ་འདོན་གྱིན་ཡོད། ཁ་ཏོན་འདོན་གྱིན་ཡོད་ཅེས་པའི་སྐད་ཆ་དེ་མ་གཏོགས། བསླབ་པ་སློབ་གཉེར་གྱི་ཐོག་ལ་རིག་གནས་ཀྱི་ཐོག་ལ་གང་ཡང་མེད་པ་ཞིག་ཏུ་ཆགས་པ་ཡིན་ན། ངས་བལྟས་ན་བློ་ཁ་ཧ་ཅང་དམན་པ་ཞིག་ལ་རན་པོ་ཡིན་ན་ཐང་སྟེ། བློ་གྲོས་ཀྱི་རྣམ་དཔྱོད་ཡག་པོ་ཡོད་མཁན་རིགས་ནི་ཏན་ཏན་མི་ཚེ་འཕྲོ་བརླག་རེད་དྲན་གྱིན་ཡོད། བསམ་བློ་ཡག་པོ་བཏང་ན་ང་ཚོ་བོད་མི་རིགས་འདི་མི་གྲངས་ཉུང་ཉུང་རེད། ས་ཆ་འདི་འདྲའི་ཆེན་པོ་སྟོད་མངའ་རིས་ནས་སྨད་དར་རྩེ་མདོའི་བར་དུ་རེད། ལྷོ་ནས་བྱང་གི་བར་རླངས་འཁོར་བསྐོར་ནས་སོང་ན་ཉིན་ལམ་མང་བོའི་རིང་ལ་འགྲོ་སའི་ས་ཁོད་ཡོད་པ་རེད། དེའི་ཐོག་ལ་འདུག་མཁན་གྱི་མི་གྲངས་ས་ཡ་དྲུག་ཟིན་མ་ཟིན་ཞིག་མ་གཏོགས་ཡོད་པ་མ་རེད། བཙུན་མ་བྱེད་མཁན་ཧ་ཅང་མང་དུ་ཕྱིན་ན་བཙུན་མ་རེ་རེའི་ས་ནས་ཆ་མཉམ་བྱས་ན་བུ་གསུམ་རེ་མེད་པར་འགྲོ་གི་ཡོད་པ་རེད། བཙུན་མ་ཁྲི་གཅིག་ཡོད་པ་ཡིན་ན་བུ་ཁྲི་གསུམ་འཕྲོ་བརླག་ལ་འགྲོ་གི་ཡོད་པ་རེད། དེ་འཕྲོ་བརླག་ཏུ་སོང་བ་ལ་བལྟས་ཏེ་ནང་བ་སངས་རྒྱས་པའི་ལུང་རྟོགས་ཀྱི་བསྟན་པ་ལ་ཕན་ཐོགས་པ་ཞིག་དང་། མི་རིགས་འདིའི་རིག་གཞུང་ལ་ལག་རྗེས་འཇོག་ཐུབ་པ་ཞིག་བྱུང་བ་ཡིན་ན་འཕྲོ་བརླག་ཏུ་སོང་ཡང་འཕྲོ་བརླག་ཏུ་སོང་བའི་གོ་ཆོད་པ་རེད། དེ་འདྲ་གང་ཡང་མ་བྱུང་བར་ཟ་མ་རག་ལ་མ་རག་བྱས་ནས་རྒན་འཁོགས་ཆགས་པ་ཡིན་ན་ང་ཚོའི་མི་རིགས་འདིའི་གྱོང་གུད་ཆེན་པོ་རེད། དགོངས་པ་མ་ཚོམ་རོགས་གནང་། བཙུན་པ་རྣམ་པ་ཚོ་ཡང་དགོངས་པ་མ་ཚོམ་པར་རང་རང་སོ་སོས་དགོངས་པ་བཞེས། གང་ལ་ཕན་གྱིན་འདུག ག་རེ་བྱེད་ཀྱི་འདུག ཉི་མ་རེ་རེའི་ཀུན་སྤྱོད་ག་རེ་སྐྱོང་གི་འདུག དགོངས་པ་རྒྱ་ཆེན་པོ་བཞེས་དགོས་ཀྱི་རེད། དེ་གནད་དོན་ཆེན་པོ་ཡིན། ང་ཚོའི་མི་རིགས་འདི་ཧ་ཅང་ཉུང་དྲགས་པའི་སྐྱོན་ཡོད་པ་རེད། དཔེར་ན་ད་ལྟའི་ཁྲིན་ཏུའུ་ལྟ་བུའི་གྲོང་ཁྱེར་གཅིག་གི་ནང་ལ་རྒྱ་རིགས་ས་ཡ་བཅུ་གཉིས་བསྡད་ཡོད་པ་རེད། ང་ཚོ་ཁ་བ་གངས་ཅན་ལྗོངས་ན་མི་རིགས་ས་ཡ་དྲུག་ཟིན་མ་ཟིན་ཞིག་མ་གཏོགས་ཡོད་པ་མ་རེད། ཧ་ཅང་ཉུང་ཉུང་རེད། སོ་སོས་རང་གི་མི་རིགས་དང་ཆོས་ལུགས་རིག་གཞུང་ལ་ཕན་ཐོགས་ག་རེ་འབྱུང་གི་ཡོད་བསམ་བློ་ཡག་པོ་གཏོང་དགོས་ཀྱི་རེད། ཆོས་དང་རིག་གཞུང་གི་འཆད་ཉན་ཚུལ་དང་མཐུན་པ་ཞིག་བྱུང་ན་བཙུན་མ་ཡིན་ན་ཡང་རེད། གྲྭ་བ་ཡིན་ན་ཡང་རེད། ཏན་ཏན་འགྲིག་གི་ཡོད་པ་རེད། བསམ་བློ་གང་ཡང་མ་བཏང་བར་གཡམ་རྒྱུགས་རྐྱང་རྐྱང་བྱས་ནས་ཆོས་ལ་ཡང་ཕན་མི་ཐོགས་པ། རིག་གཞུང་ལ་ཡང་ཕན་མི་ཐོགས་པ། མི་རིགས་ལ་ཡང་ཕན་མི་ཐོགས་པ། གང་མཚམས་ཤིག་ནས་ཕན་མེད་དགོས་མེད་ཀྱི་མི་མང་བོ་ཞིག་གསོ་སྐྱོང་བྱས་ན་མི་རིགས་ཀྱི་དཔལ་འབྱོར་ལ་གྱོང་གུད་འགྲོ་གི་རེད་བསམ་གྱིན་འདུག དེ་སྔོན་ཆད་ཀྱང་བཤད་མྱོང་ལ་ད་ལྟ་ཡང་བསམ་ཚུལ་དེ་འདྲ་ཡིན། ང་རང་ཚོས་གྲྭ་བཙུན་གཉིས་ཀའི་སློབ་སྦྱོང་གི་ཐོག་དང་། སློབ་མ་གསོ་སྐྱོང་བྱེད་རྒྱུའི་ཐོག་ལ་ཤུགས་བརྒྱག་དགོས་པ་རེད་མ་གཏོགས། འདི་དག་སློབ་མ་རེད་མ་གཏོགས། གཞན་པ་གང་ཡང་མ་རེད། དགོན་པ་ལ་མཚོན་ན་ཡང་མི་ཚེ་བསྐྱལ་ས་མ་རེད། བོད་ཀྱི་སློབ་གྲྭ་དེ་ཡང་བསམ་ཡས་གཙུག་ལག་ཁང་ནས་མགོ་ཚུགས་ཏེ་དགོན་པ་སོ་སོ་རེད། བོད་ཀྱི་རྩ་བའི་སློབ་གྲྭ་ཡང་དགོན་པ་མ་གཏོགས་དམིགས་བསལ་བ་གང་ཡང་ཡོད་པ་མ་རེད། རིག་གཞུང་འཛིན་སྐྱོང་བྱེད་ས་དེ་ཡང་དགོན་པ་རེད། དེང་སང་སྤྱི་ཚོགས་ཀྱི་ནང་རིག་གནས་ཅུང་ཤེས་མཁན་རྩོམ་པ་བོ་དེ་འདྲ་ཁ་ཤས་ཡོང་གི་ཡོད་པ་རེད་མ་གཏོགས་སྔོན་ཆད་ཡིན་ན་རིག་གནས་ལ་མཁས་པ་དང་། ཆོས་ལུགས་ལ་མཁས་པ། རིག་གཞུང་འཛིན་སྐྱོང་བྱེད་མཁན་གྱི་རྩ་བ་དང་གཙོ་བོ་ཐམས་ཅད་གྲྭ་བ་རྐྱང་རྐྱང་རེད། བླ་སྤྲུལ་རྐྱང་རྐྱང་རེད། དེང་སང་བལྟས་ན་ཡང་སྔོན་གྱི་རིག་གཞུང་རྙིང་བ་བརྒྱ་ཆའི་དགུ་བཅུ་གྲྭ་བས་བརྩམས་བཞག་པ་རྐྱང་རྐྱང་རེད། ད་ལྟ་ཡང་དགོན་པ་སོ་སོས་གྲྭ་བཙུན་སློབ་མ་ཚོ་ལ་ཆོས་དང་རིག་གཞུང་གི་སློབ་སྦྱོང་ཡང་དག་པ་ཞིག་སྤྲོད་རྒྱུ་ཧ་ཅང་གི་གལ་ཆེན་རེད་ཅེས་ཞུས་པ་ཡིན།དེ་དོན་ཚན་གཉིས་པ་ཡིན།qRmརྗེ་ཙོང་ཁ་པའི་དྲ་བ།
དོན་དག་གསུམ་པ་དེ་སྒྲིག་འཛུགས་རེད། དགེ་རྒན་ཡང་འཛོམས། སློབ་མ་ཡང་འཛོམས། དེ་ནས་ངེས་པར་དུ་སྒྲིག་འཛུགས་ཡག་པོ་ཞིག་མཁོ་གི་རེད་བསམ་གྱིན་འདུག དཔེར་ན་སེར་ཤུལ་དགོན་པ་འདིའི་མཐོ་རིམ་ནང་བསྟན་སློབ་གླིང་ལྟ་བུ་ལ་མཚོན་ན་བླ་མ་ཁྲི་བ་རིན་པོ་ཆེ་ཁོ་རང་གི་རྒྱབ་སྐྱོར། དགོན་པའི་ལས་སྣེ་ཚང་མའི་རྒྱབ་སྐྱོར། དགེ་རྒན་རྣམ་པས་འབད་བརྩོན་བྱས་པ་ལ་བརྟེན་ནས་ད་ལྟའི་ཆར་སློབ་གླིང་གི་མགོ་ནས་མཇུག་གི་བར། འགྲོ་ལུགས་འདུག་སྟངས་ཡོངས་སུ་རྫོགས་པ་དོན་ཚན་ཉིས་བརྒྱ་དང་ཉི་ཤུ་རྩ་གཉིས་ཀྱི་ནང་དུ་གཏན་ལ་ཕབ་ནས་སྒྲིག་འཛུགས་བཟོས་ཡོད་པ་རེད། སྒྲིག་འཛུགས་བཟོས་ཚར་བའི་རྗེས་ལ་མི་གཅིག་གི་བསམ་བློ་དང་མི་གཅིག་གི་འདོད་མོས། མི་གཅིག་གིས་ཐག་བཅད་པ་ལྟ་བུ་མ་ཡིན་པར་མི་ཚང་མ་གཅིག་གྱུར་ཐོག་ནས་འགྲོ་ལམ་གཅིག་ལ་འགྲོ་ཐུབ་པ་དང་འགྲོ་བདེ་བོ་ཡང་ཡོད་པ་ང་ཚོ་ཚང་མ་ལ་ཉམས་མྱོང་ཡོད། ད་སྐབས་སློབ་གཉེར་ཡོད་ཟེར་ས། བཤད་གྲྭ་ཡོད་ཟེར་ས་མང་བོ་ཞིག་ལ་ལོ་གཅིག་གི་ནང་སྒྲིག་འཛུགས་ག་རེ་ཁུར་དགོས་ཀྱི་ཡོད། སློབ་ཚན་ག་རེ་རྫོགས་དགོས་ཀྱི་ཡོད། གཞུང་ག་རེ་རྫོགས་དགོས་ཀྱི་ཡོད། ལོ་དུ་ལ་ཕར་ཕྱིན་རྫོགས་ཐུབ་ཀྱི་རེད། ལོ་དུ་ལ་དབུ་མ་རྫོགས་ཐུབ་ཀྱི་རེད། ཅེས་དྲི་བ་བཏང་ན་འཆར་གཞི་དང་སྒྲིག་འཛུགས་གཏན་འཁེལ་བ་གང་ཡང་མི་འདུག དགེ་རྒན་ཁོམ་ན་དཔེ་ཁྲིད་ཡོད། དགེ་རྒན་མ་ཁོམ་ན་དཔེ་ཁྲིད་གཡུག་འཇོག་རྒྱུ་དེ་འདྲའི་ཐོག་ལ་སོང་ན་ཡག་པོ་ཡོད་པ་མ་རེད། དེའི་ཐོག་ལ་སློབ་མའི་ཀུན་སྤྱོད་ཀྱི་སྒྲིག་འཛུགས་དེ་དེང་སང་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཆགས་ཡོད་པ་རེད། བསམ་བློ་ཞིག་ཐོངས་དང་། ལྷ་ས། ནག་ཆུ། ཆབ་མདོ། ཡུལ་ཤུལ་ལ་སོགས་པའི་གྲོང་སྡེ་ཐམས་ཅད་ཀྱི་ནང་ལ་དུས་དང་རྣམ་པ་ཀུན་ཏུ་གཟའ་འཁོར་གང་གི་སྐབས་སུ་ཡང་དམར་ལམ་ལམ་འགྲོ་གི་ཡོད་པ་རེད། སྤྱིར་བཏང་གྲྭ་བ་ཨ་ནེ་ཁྲི་ཕྲག་མང་བོ་རེད། གྲོང་བའི་ནང་འགྲོ་བ་ལ་བཀག་འགོག་གང་ཡང་ཡོད་པ་མ་རེད། སོ་སོར་ཡང་འགྲོ་དགོས་པའི་རྒྱུ་མཚན་དང་གནས་ལུགས་མང་ཐག་ཆོད་ཅིག་བཤད་རྒྱུ་ཡོད་པ་རེད། ཡིན་ན་ཡང་གྲྭ་བ་ཨ་ནེ་མང་ཆེ་བ་དེ་དགོན་པ་སོ་སོས་བདག་གཉེར་མེད་པ། དགོན་པ་སོ་སོའི་སྒྲིག་འཛུགས་ཀྱི་དོ་དམ་མེད་པ། དགོན་པ་སོ་སོའི་ལྟ་སྐྱོང་ཡག་པོ་བྱེད་ཀྱི་མེད་པའི་ཐོག་ནས་ཡོང་གི་ཡོད་པ་རེད་བསམ་གྱིན་ཡོད། དགོན་པ་འདིར་མཚོན་ན། ནང་བསྟན་སློབ་གླིང་འདིར་མཚོན་ན་གཟའ་འཁོར་གཅིག་གི་ནང་ཆུའི་ཕ་རི་ལ་ཉི་མ་གཅིག་ལ་མ་གཏོགས་འགྲོ་ཆོག་གི་མེད། ན་ཚ་སྡུག་པོ་ཞིག་བྱུང་ན་ཡང་དམིགས་བསལ་དགོངས་པ་ཞུས་ནས་མ་གཏོགས་འགྲོ་ཆོག་གི་མེད། འདི་ང་ཚོས་ཡ་མཚན་ཞིག་བྱས་བཞག་ཡོད། སེར་ཤུལ་དགོན་པས་ཡ་མཚན་ཞིག་བྱས་བཞག་ཡོད་ཅེས་ཟེར་གྱིན་མེད། དཔེ་མཚོན་ཙམ་ཞིག་ཏུ་བཤད་པ་ཡིན། ཁ་སང་དེ་རིང་གྲོང་བ་ཧ་ཅང་ཆེན་པོ་མ་ཡིན་པ་དཀར་མཛེས་ལྟ་བུ་ལ་དཔེ་བཞག་ན། ཞོགས་ཀའི་དུས་ཚོད་བརྒྱད་པའི་ཐོག་སླེབས་ན་ཡང་རེད། དགོང་གའི་དུས་ཚོད་བརྒྱད་པའི་ཐོག་སླེབས་ན་ཡང་རེད་དམར་ལམ་ལམ་འགྲོ་གི་འདུག ང་ཚོ་རླངས་འཁོར་ནང་བསྡད་ནས་ཡར་མར་འགྲོ་བའི་སྐབས་མི་སྐྱ་གཉིས་ལ་ཐུག་མཚམས་ནས་གྲྭ་བ་ཨ་ནེ་བཅུ་ཐམ་པ་ལ་ཐུག་འགྲོ་གི་འདུག གྲོང་བའི་ནང་བརྒྱ་ཆའི་བརྒྱད་ཅུ་ཐམ་པ་གྲྭ་བ་དང་ཨ་ནེས་ཁེངས་བསྡད་འདུག དེ་ལྟར་བྱས་དུས་འཆལ་སྤྱོད་ཧ་ཅང་མང་དྲགས་ཀྱི་མེད་འགྲོ་དྲན་གྱིན་འདུག སྒྲིག་འཛུགས་དོ་དམ་ཡག་པོ་མེད་པའི་རྐྱེན་གྱིས་མི་མང་ཚོས་ཀྱང་མགྲོན་ཁང་ག་གེ་མོ་དེ་གྲྭ་བ་ཨ་ནེ་ཚོ་འདུག་སའི་མགྲོན་ཁང་རེད་ཟེར་བ་འདྲ་བོའི་ཐོག་ནས་གོ་རྒྱུ་སྡུག་ཆགས་གཏོང་གི་འདུག་བ། དེ་ཚོ་ནང་བའི་ཆོས་གཞུང་གི་ཐོག་ནས་བཤད་ན་ཧ་ཅང་སྐྱོ་བོ་ངོ་ཚ་བོ་བློ་ཕམ་པོ་རེད། འདི་ལྟར་བལྟས་ཡོང་ན་སྒྲིག་འཛུགས་དོ་དམ་དེ་ཧ་ཅང་གལ་ཆེན་པོ་རེད། དོན་ཚན་གསུམ་པ་དེ་སྒྲིག་འཛུགས་དོ་དམ་གྱི་སྐོར་ནས་ཡིན། དགེ་རྒན་དང་སློབ་མ་སྒྲིག་འཛུགས་སྐོར་ནས་དེ་ལྟར་རེད།qRmརྗེ་ཙོང་ཁ་པའི་དྲ་བ།

        དོན་ཚན་བཞི་བ་ནང་བ་སངས་རྒྱས་པའི་གྲྭ་བཙུན་ཚོའི་ཁ་ཕྱོགས་རེད། ང་ཚོའི་ཁ་ཕྱོགས་དེ་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་བླངས་ནས། དེའི་ཐོག་ལ་རང་རང་གི་བློ་ཚོད་དང་མཐུན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རིམ་པ་བཞིན་དུ་བགྲོད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་དེ་རེད། ང་ཚོས་དང་བོ་སྡོམ་པ་ཁས་ལེན་གྱི་སྐབས་འདུལ་བའི་བཅས་ཁྲིམས་ནང་། ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་ནས་སྡོམ་པ་ཁས་བླངས་ཡོད་པ་རེད། སྤྱིར་ན་ཚང་མ་གཅིག་གྱུར་གྱི་ཡག་པོ་རྐྱང་རྐྱང། ཚང་མ་གཅིག་གྱུར་གྱི་མཁས་པ་རྐྱང་རྐྱང་། དེ་ལྟར་ཡོང་མི་སྲིད་པ་ཞིག་རེད། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ནང་ལ་ཡང་དབང་བོ་རྣོ་རྟུལ་གྱི་ཁྱད་པར་མང་བོ་ཡོད་པ་རེད། ཡིན་ན་ཡང་རང་རང་ལ་དཔག་པའི་གལ་ཆེ་ཤོས་དེ་འདུལ་ཁྲིམས་རེད། དགོན་པ་གཅིག་ལ་མཚོན་ན་དགོན་པའི་ནང་གཞི་གསུམ་གྱི་ཕྱག་ལེན། མ་མཐའ་ཡང་དམ་ཆོས་འདུལ་བའི་ནང་གསུངས་པའི་དགེ་ཚུལ་གྱི་བླང་འདས། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ང་གསུམ་པོ་དགེ་རྒན་ཆེད་གཉེར་གྱིས་གདན་འདྲེན་ཞུས་ནས་ངོ་སྤྲོད་ཞུ་དགོས་ཀྱི་འདུག མ་མཐའ་ཡང་ཉི་མ་གསུམ་བཞི་ཞིག་གི་ནང་གསོ་སྦྱོང་འཚོག་སྟངས། དབྱར་གནས་ལ་འདུག་སྟངས། དགག་དབྱེ་བྱེད་སྟངས། དུས་རྒྱུན་འདུལ་ཁྲིམས་ག་རེ་སྲུང་དགོས་ཀྱི་འདུག་སོགས་དཔེ་ཁྲིད་ཞུས་ནས་ངེས་པར་ཤེས་དགོས་ས་རེད་མ་གཏོགས། ཕར་བལྟས་ནས་སོང་ན་རྩ་བ་བཞི་ཡང་མི་ཤེས་མཁན་རྩ་བ་བཞི་བགྲངས་ན་སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་གསུམ་བགྲངས་ནས་དེའི་ཐོག་ལ་གང་འཇོག་དགོས་ཀྱི་རེད་ཅེས་འདྲི་མཁན་ཡང་གྲྭ་བཙུན་ནང་ལ་འདུག རྩ་བ་བཞི་ཟེར་ན་རྩ་ཆེན་པོ་ཏག་ཏག་བགྲང་དགོས་སྣང་འཆར་ནས་དཀོན་མཆོག་གསུམ་པོ་བགྲང་མི་ཡོང་བའི་ངེས་པ་ཡང་ཡོད་པ་མ་རེད། དེ་ལྟར་བྱས་ན་བསྟན་པ་སྤྱིའི་ཞབས་འདྲེན་ཆགས་འགྲོ་གི་རེད། དགོན་པ་གང་དང་གང་ཡིན་ན་ཡང་དོན་མེད་སྟོང་ཟད་བྱས་ནས་སྨོན་ལམ་སྣ་ལྔ་ཙམ་རེ་བློ་འཛིན་འདྲ་བོ་བྱས། ཉི་མ་དེ་ནས་བཟུང་གྲོང་ཆོག་ལ་སོང་ནས་མི་ཚེ་མཐའ་ལ་བསྐྱལ་བ་ཡིན་ན་ཤིན་ཏུ་ནས་ཀྱང་འགྲིག་ས་མ་རེད་བསམ་གྱིན་འདུག གནའ་སྔ་མོ་ཡིན་ན་ལུང་ཁུག་རེ་རེ་ལ་དགོན་པ་རེ་རེ་བརྒྱབ། དགོན་པ་རེ་རེའི་ནང་ག་ལེ་ག་ལེར་བྱས་ནས་མི་ཚེ་མཐའ་འཆོལ་ནས་རྫོགས་འགྲོ་གི་ཡོད་པ་རེད། དེང་སང་གི་དུས་ཚོད་འདི་བསྟན་པ་ཉམས་རྒུད་ཀྱི་སྐབས་རེད། རང་རང་སོ་སོ་ལ་ཡང་སྟབས་བདེ་བོ་ཡོད་པ་མ་རེད། རང་རང་སོ་སོ་ལ་སློབ་གཉེར་གྱི་གོ་རིམ་ཞིག་དང་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་གྱི་གོ་རིམ་ཅུང་ཟད་ཅིག་བཤད་རྒྱུ་མེད་པ་ཡིན་ན། སྤྱི་ཚོགས་ནང་ནས་ལངས་མི་ཐུབ་པ་དང་འདུག་ས་མེད་པ་ཞིག་ཏུ་ཆགས་འགྲོ་གི་ཡོད་པ་རེད། རྒྱུ་མཚན་དེ་འདྲའི་དབང་གིས་དགོན་པ་སོ་སོས། དགོན་བདག་སོ་སོས། གཟབ་གཟབ་བྱས་ནས་བསླབ་པ་སློབ་གཉེར་དང་དགོན་པ་དེའི་ཆོ་ག་ཕྱག་ལེན་སྒྲིག་འཛུགས་ཚང་མའི་ཐོག་ལ་ངེས་པར་བསམ་བློ་རྒྱ་ཆེན་པོ་ཞིག་གཏོང་དགོས་ས་རེད། ད་ལྟའི་དུས་འདི་སྔོན་ཆད་དང་འདྲ་གི་མི་འདུག སྔོན་ཆད་གྲྭ་བ་ཞིག་གིས་བརྐུས་བྱས་ནས་གྲྭ་བ་ལོག་འགྲོ་གི་ཡོད་ན་ས་ཁུལ་དེའི་ནང་གི་མི་ཁ་ཤས་ཤིག་གིས་ཁ་གཏོང་མདོག་ཁ་བོ་རེད། རྙོག་དྲ་བཤད་མདོག་ཁ་བོ་རེད། དེ་ལས་ལྷག་གང་ཡང་བྱེད་རྒྱུ་ཡོད་པ་མ་རེད། དེང་སང་གི་དུས་ཚོད་ལ་གྲྭ་བ་འགའ་རེས་ཞབས་འདྲེན་ཞུས་བཞག་ན་ང་རང་ཚོ་ཚང་མ་ལ་ག་ཚོད་ངོ་ཚ་བོ་བཟོ་གི་འདུག དཔེར་ན་ཉེ་ཆར་སྐད་འཕྲིན་ནང་འགྲོ་གི་ཡོད་པ་ཚང་མས་མཐོང་ཡོད་པ་དེ་རེད། ཚོང་ཁང་དང་གློག་སྐས་ནང་ལ་གློག་མིག་ཡོད་པ་ཧ་མ་གོ་བ་བྱས་ནས། གྲྭ་ཆས་གོན་ནས་གློག་ཀླད་རྐུ་གི་ཡོད་པ་དང་གློག་སྐས་ནང་བུད་མེད་ཀྱི་སྐེ་ལ་འཇུས་ནས་འགྲོ་གི་ཡོད་པའི་གློག་བརྙན་སྐུར་གི་ཡོད་པ་དེ་ཚོ་ཚང་མ་གྲྭ་བ་སྤྱིའི་ཞབས་འདྲེན། བཙུན་མའི་ཞབས་འདྲེན། མི་རིགས་ཀྱི་ཞབས་འདྲེན། ཆོས་ལུགས་ཀྱི་ཞབས་འདྲེན། ཞབས་འདྲེན་ཡོངས་སུ་རྫོགས་པ་ཕྱོགས་གཅིག་ཏུ་སྤུངས་བཞག་པ་ལྟ་བུ་རེད། དེ་ཚོ་གསང་མ་གསང་དང་སྦས་མ་སྦས་ཡོད་པ་མ་རེད། འཛམ་གླིང་སྤྱི་ལ་ད་ལྟ་ཡོངས་གྲགས་རེད། དེ་འདྲའི་སྤྱོད་ལམ་ཐབས་རྡུགས་པོ་བསྟན་ཡོང་བའི་རྗེས་ལ་དགེ་འདུན་པ་སྤྱི་བྱིངས་ཀྱི་མཚན་སྙན་ལ་ཧ་ཅང་གནོད་ཀྱི་འདུག དཔེར་ན་བཀྲ་ཤིས་དོན་གྲུབ་ཅེས་པའི་གྲྭ་བ་གཅིག་གིས་སྤྱོད་པ་བཙོག་པ་བྱས་ནས་བཀྲ་ཤིས་དོན་གྲུབ་ཀྱིས་དེ་འདྲའི་བྱས་བཞག་ཟེར་ནས་ཁ་རྡུང་བཏང་ན་འགྲིག་གི་ཡོད་པ་རེད། མི་ཞིག་གིས་སྤྱོད་ངན་བྱས་ན་མི་ཞིག་ལ་སྐྱོན་བརྗོད་ཏན་ཏན་འབབ་ཀྱི་ཡོད་པ་རེད། ཡིན་ན་ཡང་ད་ལྟ་དེ་འདྲའི་མ་རེད། གྲྭ་ཆས་གྱོན་མཁན་ཡོངས་རྫོགས་ལ་དེ་འདྲའི་མིང་དེ་སྦྱོར་བཞིན་ཡོད་པ་རེད། ཉེ་ཆར་གློག་བརྙན་ནང་ལ་འགྲོ་གི་ཡོད་པའི་གྲྭ་བ་དེས་གློག་ཀླད་བརྐུས་བའི་རྗེས་ལ་ང་ཚོ་དགེ་བཤེས་ཁ་ཤས་ཤིག་དང་མཉམ་དུ་ཁྲིན་ཏུའུ་ནས་ཚོང་ཁང་ཞིག་ལ་ཕྱིན་པ་ཡིན། ཚོང་ཁང་ནང་ལ་འཛུལ་བ་དང་ལམ་སེང་ཚོང་ཁང་གི་ཞབས་ཞུ་བྱེད་མཁན་དེ་ཚོས་གཅིག་གིས་གཅིག་ལ་མིག་བརྡ་བཏང་ནས། ང་ཚོ་ག་བར་སོང་ན་ག་བར་རྗེས་དེད་ནས་ལྐོག་ལྟ་བྱེད་ཀྱིན་འདུག དངོས་གནས་བཤད་ན་ཁོང་ཚོས་ཚོང་ཁང་ནང་གསེར་གྱི་ཕ་བོང་ཞིག་བཞག་ཡོད་པ་ཡིན་ན་ཡང་ང་ཚོས་སེན་འདོགས་ཤིག་ཀྱང་བྱེད་ཀྱི་མ་རེད་དེ། ཡིན་ན་ཡང་མི་ཞིག་གིས་བྱས་འབྲས་ལ་བརྟེན་ནས་ཚང་མ་མགོ་འབུར་ས་མེད་མཁན་ཞིག་ཏུ་བཟོ་གི་འདུག་བ། ང་ཚོས་ནམ་རྒྱུན་ལས་རྒྱུ་འབྲས་གཞི་ལ་བཞག་ནས། སྐྱེ་བ་སྔ་ཕྱི་རྩ་བར་བྱས་ནས། སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་བགྲོད་ནས་འགྲོ་གི་ཡིན་ཟེར་མཁན་གྱི་རིགས་འདི་ཡིས་ཀུན་སྤྱོད་ཀྱི་ཆ་ནས་ངེས་པར་གཟབ་གཟབ་མ་བྱས་ན་དེང་སང་ཟགས་ས་གཅིག་ནས་ཟགས་འགྲོ་གི་རེད། སྤྱིར་བསྟན་པ་ལ་སྤྱི་ལ་བསམ་བློ་གཏོང་གི་མེད་ན་ཡང་། མི་རིགས་སྤྱི་ལ་བསམ་བློ་གཏོང་གི་མེད་ན་ཡང་། སོ་སོས་སོ་སོའི་འགྲོ་སྟངས་དེ་ལ་ངེས་པར་བསམ་བློ་གཏོང་དགོས་ས་རེད། བསམ་བློ་མ་བཏང་བ་ཡིན་ན་གྲྭ་བཙུན་སྤྱི་ལ་གྱོང་རག་གི་འདུག ངོ་ཚ་བོ་བཟོ་གི་འདུག ངེས་པར་བསམ་བློ་རྒྱ་ཆེན་པོ་གཏོང་རོགས་གནང་། དེ་ནས་ཁ་ཕྱོགས་བརྟན་པོ་མེད་པ། སློབ་གྲྭ་ཁག་གི་དགེ་རྒན་ཁ་བདེ་བོ། ཆོས་ལུགས་ལ་མི་དགའ་མཁན་དེ་འདྲའི་རིགས་ཀྱིས། རིག་གནས་ཕྲན་ཚེགས་ཤིག་ཤེས་ཙམ་ནས་ཆོས་ལུགས་ཀྱིས་ཅིག་འགྲིག་གི་མི་འདུག་མདོག་མདོག་བྱས་ནས་རྒྱུ་མཚན་ལྟར་སྣང་རེ་བཀོད་ཡོང་དུས། ལམ་སེང་ཡིན་སྣང་འཆར་ནས་འུར་བརྒྱབ་ཏེ་གཟན་ཤམ་ལུས་ལ་གོན་ནས་ཆོས་ལུགས་ལ་དགག་པ་རྒྱག་གི་ཡོད་མདོག་མདོག ཆོས་ལུགས་ལ་སྙིང་བོ་མི་འདུག་མདོག་མདོག དེ་འདྲའི་རིགས་ཁ་ཤས་རང་ཉིད་གྲྭ་བའི་སྡེ་ནས་འདུག་མ་སྤྲོ་བ་ཡིན་རྒྱུ་རེད་དེ། གང་ལྟར་དེ་འདྲའི་ཁ་ཕྱོགས་བརྟན་པོ་མེད་མཁན་གྲྭ་བ་དང་བཙུན་མའི་སྡེ་ནས་འབྱུང་གི་འདུག་བ། ལམ་ཆེན་སྤྱི་ནས་གཟན་ཤམ་ཕུད་ནས་གཟུགས་པོ་དམར་རྗེན་བྱས་ནས་འགྲོ་མཁན་ཡང་བྱུང་སོང་བ། དེ་ཚོའི་རིགས་དེ་རང་རང་སོ་སོ་དང་གྲྭ་བ་སྤྱིའི་ཞབས་འདྲེན་རེད་མ་གཏོགས། དེས་མི་རིགས་ཀྱི་ཡར་རྒྱས་ལ་ཕན་གི་མ་རེད། རང་དབང་གི་རྣམ་བཞག་ལ་ཕན་གི་མ་རེད། སྒྲིག་འཛུགས་ཀྱི་རྣམ་བཞག་ལ་ཕན་གི་མ་རེད། དེ་ཚོས་རང་དབང་ཟེར་བ་ཧ་མ་གོ སྒྲིག་འཛུགས་ཟེར་བ་ཧ་མ་གོ འགྲོ་སྟངས་ཟེར་བ་ཧ་མ་གོ རང་དབང་རེད་ཟེར་ཡོང་དུས་སྒྲིག་འཛུགས་རྩ་བ་ཉིད་ནས་མི་དགོས་པའི་སྲོལ་འདྲ་བོ། དམངས་གཙོ་རེད་ཟེར་ཡོང་དུས་འདུལ་ཁྲིམས་ཁྱོན་ནས་སྲུང་མི་དགོས་པའི་སྲོལ་འདྲ་བོ། དེ་འདྲ་གནང་མཁན་ཡོང་གི་འདུག ང་རང་གིས་ཡིན་ན་ནམ་རྒྱུན་ཁ་བ་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། རྒྱལ་བ་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་འདི་ཁོ་ནས་ཆེད་དུ་འདི་ལྟར་བཤད་ཀྱི་ཡོད་མ་གཏོགས། རང་རང་སོ་སོའི་ཁེ་ཕན་ཞིག་གི་ཆེད་དང་རང་རང་སོ་སོའི་ཐོབ་གོ་ས་ཞིག་གི་དོན་དུ་རྩ་བ་ཉིད་ནས་མིན། སྒེར་ལ་མཚོན་ན་དེ་དག་དགོས་དོན་ཡང་མེད། སྤྱི་དོན་རེད་མ་གཏོགས་སྒེར་དོན་ཐོག་ནས་བཤད་ན་མི་སུ་དང་སུ་ལ་ཐུག་ན་ལགས་སོ་ལགས་སོ་ཟེར་ནས་མགོ་སྒུར་གི་སྡོད་དང་མི་ཚང་མ་དགའ་འགྲོ་གི་རེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ཟེར་བ་ནང་བཞིན་ཅུང་ཟད་གཞན་ལ་ཕོག་འགྲོ་བའི་རྣམ་བཞག་བཤད་ཡོང་དུས། ཚང་མ་འུར་ལངས་ནས་ཁོ་ཕྱོགས་རིས་ཅན་རེད། ཁོ་རང་ཅིག་ཅིག་ཅིག་རེད། ཉིག་ཉིག་ཉིག་རེད་ཅེས་ནས་ལུང་བ་གང་བཤད་འོང་གི་འདུག་སྟེ། ང་ལ་མཚོན་ན་རྡུང་མ་ཡོང་བར་དུ་ཞེད་སྣང་གང་ཡང་མེད། བཤད་པ་ཚང་མ་སངས་རྒྱས་བསྟན་པའི་དོན་དག་ཡིན།ང་རང་ཚོ་ཚང་མས་ནན་ནན་ཏིག་ཏིག་བྱས་ནས་བསྟན་པ་རིན་པོ་ཆེ་འདི་ལ་བསམ་བློ་གཏོང་དགོས་ས་རེད་དྲན་གྱིན་འདུག དོན་ཚན་བཞི་པ་དེ་དེ་ཡིན།qRmརྗེ་ཙོང་ཁ་པའི་དྲ་བ།

        ད་དོན་ཚན་ཐ་མ་དེ་གྲྭ་བཙུན་ཚོའི་འཚོ་བའི་མཐུན་རྐྱེན་རེད། ད་སྐབས་དགོན་པའི་དགོན་བདག་དང་བླ་སྤྲུལ་ཚོའི་ནང་ལ་མཆོད་རྟེན་ཞིག་བཞེངས་ནས་ཁྲི་སྟོང་ཚོ་བཞི་སྤྲད་པ་ཡིན་ཟེར་མཁན་འདུག ངས་བསམ་བློ་བཏང་ན་ཁྲི་སྟོང་ཚོ་བཞི་སྤྲད་ནས་མཆོད་རྟེན་ཞིག་བཞེངས་པ་ལས་ཁྲི་སྟོང་ཚོ་བཞི་སྤྲད་ནས་གྲྭ་བ་ཞིག་བཞེངས་བཞག་ན་ཡག་ས་རེད་དྲན་གྱིན་འདུག ངས་སྔོན་ཆད་ཀྱང་རང་གི་ངོ་ཤེས་སའི་བླ་མ་དང་སྤྲུལ་སྐུ་རྣམ་པ་ལ་ཡང་ཡང་ཞུས་མྱོང་། ངའི་སར་ཡོང་གི་ཡོད་པའི་དཔེ་ཁྲིད་དགེ་ཕྲུག་རྣམ་པ་ཚོས་ཀྱང་ཧ་གོ་གི་ཡོད། ང་རང་གི་ངོས་ནས་བསམ་བློ་བཏང་ན་གསེར་ནག་གི་མཆོད་རྟེན་ཞིག་བཞེངས་ནས་དེ་ལ་སྒོར་མོ་དུང་ཕྱུར་མང་བོ་སྤྲོད་པ་ལས། རང་གི་དགེ་ཕྲུག་ཅིག་ལ་མདོ་སྔགས་རིག་གནས་དང་བཅས་པའི་སློབ་སྦྱོང་ཡག་པོ་ཞིག་ཆགས་ཐུབ་པའི་ཆ་རྐྱེན་བསྐྲུན་པ་དེ་གལ་ཆེན་དུ་བཟུང་གི་ཡོད། དོན་ཆེན་དུ་བསམ་གི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་རང་གིས་ཀྱང་ཉི་མ་རེ་རེ་བཞིན་དཔེ་ཁྲིད་ཚར་བཞི་ལྔ་རེ་ལ་ཤུགས་བརྒྱབ་ནས་ཕན་ཨེ་ཐོགས་མི་ཐོགས་ལྟ་བཞིན་ཡོད། རང་གིས་སློབ་གཉེར་བྱས་པའི་གནད་འགག་ཀྱང་དེ་ཡིན། དོན་དག་ཀྱང་དེ་ཡིན། ཆ་རྐྱེན་ཕྱོགས་ནས་དེ་ལྟར་བཤད་ན་འགའ་ཞིག་གིས་ངས་གཞན་ལ་ཕོག་ཐུག་གཏོང་གི་འདུག་ཟེར་མདོག་ཁ་བོ་རེད་དེ། ཕོག་ཐུག་མིན་ལྷག་བསམ་ཡིན། སྐུ་འདྲ་བཞེངས་པ་ལས་མི་བཞེངས་ན་ཡག་པོ་འདུག སྐུ་བཞེངས་ནས་ཚར་ཡང་ཁ་གྲག་གི་མི་འདུག མི་བཞེངས་ན་ཁ་གྲག་གི་འདུག གསོན་པོ་གསོ་བ་དང་ཤི་བོ་གསོ་བ་ལས་གསོན་པོ་གསོས་ན་ཡག་པོ་འདུག འདུ་ཁང་ཧ་ཅང་རྫིག་པོ་ཞིག་རྒྱག་པ་ལས་གྲྭ་ཤག་ཡག་པོ་ཞིག་བརྒྱབ་ན་ཡག་པོ་འདུག རྒྱུ་མཚན་དགེ་འདུན་པ་རྣམ་པ་དུས་ཚོད་ཉི་ཤུ་རྩ་བཞིའི་རིང་བཞུགས་ས་གྲྭ་ཤག་རེད། དེ་བས་དགོན་པ་སོ་སོའི་གྲྭ་ཤག་གི་མཐུན་རྐྱེན་ཡག་པོ་བཟོ་རྒྱུ། ཟས་གོས་གནས་མལ་ཟེར་བ་འདི་མེད་ན་སློབ་གཉེར་བ་ཚོ་འཚོ་ཐུབ་ཀྱི་མེད་པས། དེ་ཚོའི་ཕྱོགས་ནས་ཆ་རྐྱེན་ཡག་པོ་བསྐྲུན་རྒྱུའི་གལ་ཆེན་པོ་རེད་ཅེས་ངས་ངོ་ཤེས་པའི་བླ་མ་དང་སྤྲུལ་སྐུ། དགེ་བཤེས་རྒྱུ་ཡོད་མཁན་ཚང་མ་ལ་ཡང་ཡང་ཞུས་ཀྱི་ཡོད། ཡིན་ན་ཡང་ང་ཚོ་བོད་ཀྱི་ས་ཆ་འདིར་དེ་འདྲའི་ཐོག་ལ་ཤུགས་རྒྱག་རྒྱུའི་འགྲོ་སྟངས་མ་ཆགས་པ་ཡིན་ན་ཡང་འདྲ་གང་ལྟར་ཕན་ཐོགས་ཞེ་དྲག་བྱུང་མ་སོང་། ཡང་ཁ་ཤས་ཀྱིས་དགེ་འདུན་པར་བཏང་ན་གོ་རྒྱུ་ཚོར་རྒྱུ་མི་འདུག ངོམ་རྒྱུ་ཡང་མི་འདུག ངོ་སོ་ཡང་མི་འདུག སྐུ་འདྲའི་ཕྱོགས་ལ་བཏང་ནས་མིང་ཞིག་བརྒྱབ་བཞག་པ་ཡིན་ན་ལོ་ངོ་བརྒྱ་ཕྲག་རིང་ལ་བསྡད་འགྲོ་གི་རེད་ཟེར་གྱིན་འདུག དེ་ལྟར་བསམ་གྱིན་ཡོད་ན་དེ་ཆོས་མ་རེད། ངོ་སོ་ཞིག་གི་ཆེད་དུ་འགྲོ་སོང་གཏོང་གི་ཡོད་ན་དེ་ཆོས་མ་རེད་བ། སངས་རྒྱས་བཅོམ་ལྡན་འདས་ཀྱི་འདུལ་བའི་ནང་ལ་ལུང་རྟོགས་ཀྱི་ཆོས་ལ་ཕུལ་ན་དགེ་འདུན་པ་ལ་ཕུལ་དགོས། དགེ་འདུན་པ་ལ་ཕུལ་ན་ལུང་རྟོགས་ཀྱི་ཆོས་གཉིས་ཀ་ལ་ཕུལ་བའི་གོ་ཆོད་ཅེས་གསུངས་འདུག་བ། དགེ་འདུན་པའི་ཕྱོགས་ལ་གཏོང་དགོས་པར་མ་ཟད་ལྷག་པར་དུ་ཡང་སློབ་གཉེར་ཐོས་བསམ་གྱི་ཐོག་ནས་འཚོ་ཡོད་མཁན། ཉི་མ་རེ་རེ་བཞིན་ཞོགས་ཀའི་ཉི་མ་ཤར་བ་ནས་མཚན་མོའི་དུས་ཚོད་བཅུ་གཅིག་བཅུ་གཉིས་བར་དུ་སློབ་གཉེར་བྱས་ནས་དཀའ་ལས་རྒྱག་གི་ཡོད་མཁན་འདི་ཚོའི་ཕྱོགས་ལ་གཏོང་དགོས་ས་རེད། སྐྱོང་ན་འདི་རྣམ་པ་སྐྱོང་དགོས་ས་རེད། འཛིན་ན་འདི་རྣམ་པ་འཛིན་དགོས་ས་རེད། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་བྱེད་ན་འདི་རྣམ་པ་ལ་ཕན་ཐོགས་དགོས་ཀྱི་རེད། དགོན་པ་སོ་སོའི་སྒྲིག་འཛུགས་དང་ཚོགས་གཏམ་གྱི་ནང་ལ་ཡང་སངས་རྒྱས་ཀྱི་བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས་ཞེས་སྐད་གསེང་མཐོན་པོའི་སྒོ་ནས་གསུང་གི་འདུག་བ། དགེ་འདུན་པའི་སྡེ་ལ་རག་ལས་སྟངས་ག་རེ་རེད། དགེ་འདུན་པ་ག་བར་ཡོད་པ་རེད་ཅེས་དྲིས་ན་གང་ཡང་ཧ་གོ་གི་མི་འདུག ངས་རེ་བ་ཞུ་རྒྱུ་ཞིག་ལ་དེ་རིང་གི་ཚོགས་པ་འདིར་ཆེན་པོ་ཡང་འདུག མང་བོ་ཡང་འདུག མཐོན་པོ་ཡང་འདུག བླ་སྤྲུལ་འདུག དགེ་བཤེས་འདུག རྒྱུ་ཆེན་པོ་འདུག ཁྱེད་རང་ཚོས་དངོས་གནས་གཏོང་དགོས་ས་དེ་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་པ་རྣམ་པ་ཚོའི་འཚོ་བའི་མཐུན་རྐྱེན་ཐོག་ལ་རེད། སྐུ་འདྲ་ཆེན་པོ་གསེར་ནག་གིས་རྡུང་བ་ལ་སོགས་པའི་ཆེ་ཆེ་རྫིག་པོ་བྱས་ནས། དགེ་འདུན་པའི་ཆ་རྐྱེན་སྡུག་པོ་མཐུན་རྐྱེན་སྐྱོ་བོ་བྱས་ནས་བཞག་པ་ཡིན་ན་རྩ་བ་ཉིད་ནས་འགྲིག་གི་མི་འདུག་ཅེས་ཞུས་པ་ཡིན།qRmརྗེ་ཙོང་ཁ་པའི་དྲ་བ།

        སྔོན་མ་རྒྱ་གར་ནས་ཐམས་ཅད་མཁྱེན་པ་གྲྭ་ཚང་གི་འདུ་ཁང་དུ་ཕེབས་སྐབས་འདུ་ཁང་ནང་ལ་ཐང་ག་རྫིག་པོ་ལ་སོགས་པ་དེ་འདྲ་མང་པོ་ཡོད་ན་ཐུགས་མ་མཉེས་པ་དེ་འདྲ་འབྱུང་གི་ཡོད། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་ཚར་གཅིག་ཕེབས་སྐབས་རྒྱ་མཐོང་གི་སྐོར་བ་བརྒྱབ་ནས་ཡོད་པའི་ཐང་ག་དེ་ཚོ་གཟིགས་ཡོང་དུས། སྔོན་ཆད་ཡིན་ན་སྨད་རྒྱུད་གྲྭ་ཚང་ལ་འདི་འདྲ་ཡོད་པ་མ་རེད། དེང་སང་ཡིན་ན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་རྒྱུ་ཆེན་པོ་དགའ་ཆེན་རེད་འདུག་ཅེས་གསུངས་ནས་བཀའ་བཀྱོན་གྱི་རྣམ་པ་གནང་སོང་། ང་ཚོས་ག་དུས་ཡིན་ན་ཡང་འཚོ་བ་དང་ཆ་རྐྱེན་ཡོང་སྒོ་དེ་ཚོ་བེད་ཆོད་པ་ཞིག མི་ལ་བེད་ཆོད་པ་ཞིག སློབ་སྦྱོང་ལ་ཕན་ཐོགས་པ་ཞིག་བྱས་ནས། དེའི་འཕྲོར་ཆ་རྐྱེན་ལྷག་ཡོད་ན་གཙུག་ལག་ཁང་དང་རྟེན་གསུམ་ལ་སོགས་པ་བཞེངས་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཀྱི་རེད། སྤྱིར་ན་སྐུ་གཟུགས་ཐུགས་རྟེན་བཞེངས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རེད། དེ་དག་བཤད་བཞག་པ་ཡིན་ན་མི་ཚེ་གཅིག་ལ་འདི་མ་གཏོགས་ཆོས་གཞན་པ་ཅི་ཞིག་བྱེད་བསམ་པ་འདྲ་བོ་ཡོང་གི་རེད། དེ་ཆོས་རང་རང་གི་ངོས་ནས་ཕན་ཡོན་བརྗོད་སྟངས་ཤིག་རེད། གཟུངས་སྔགས་ཤིག་ལ་ཆ་བཞག་ན་ཡང་མི་ཚེ་གཅིག་ལ་སྔགས་དེ་བགྲངས་བཞག་ན་སངས་རྒྱས་ཀྱི་གོ་འཕང་ལམ་སེང་འཐོབ་འགྲོ་གི་རེད་ལྟ་བུ་བཤད་རྒྱུ་ཡོད་པ་རེད། གསུང་དེ་དག་ལ་ཡང་དགོངས་པ་ཅན་གྱི་མདོ། ལྡེམ་དགོངས་ཀྱི་མདོ། གཉེན་པོ་ལ་ལྡེམ་པོར་དགོངས་པ། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ལ་སོགས་པ་མང་བོ་ཡོད་པ་དཔེ་ཆ་བ་རྣམ་པས་ཤེས་ཀྱི་རེད། སྐྱེས་བུ་རྒྱུད་སྨིན་པ་ཞིག་གི་དབང་དུ་བྱས་ནས་གསུངས་པའི་ཕན་ཡོན་དེ་དག་ང་ཚོ་ཚང་མ་ལ་རག་གི་མ་རེད། ལམ་རིམ་པ་བཞིན་དུ་བགྲོད་ནས་སངས་རྒྱས་དགོས་ཀྱི་རེད་མ་གཏོགས། ལམ་གང་ཡང་མ་བགྲོད་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་མེད་པ་ང་ཚོ་ཚང་མས་ཧ་གོ་གི་རེད། དགེ་འདུན་པ་རྣམ་པས་ཀྱང་ཧ་གོ་གི་རེད། རང་རང་སོ་སོའི་ཉམས་མྱོང་གི་ཐོག་ནས་ལྟོས་དང་ཡོང་གི་ཨེ་འདུག མ་ཡོང་བ་དེ་ཡང་རང་རང་སོ་སོས་འབད་རྩོལ་གཞི་ནས་བྱེད་དགོས་པའི་རྟགས་རེད། མདོར་ན་གྲྭ་ཤག་དང་། འཚོ་བའི་མཐུན་རྐྱེན། འཕྲོད་བསྟེན། ཆོས་ར་དེ་ཚོ་ཡག་པོ་ཞིག་བཞེངས་ནས་སློབ་གཉེར་བྱེད་པའི་དགེ་འདུན་པ་དེ་ཚོ་ལ་སློབ་སྦྱོང་ཞིག་ཨེ་ཡོང་ལྟ་རྒྱུ་དེ་གལ་ཆེན་པོ་རེད། འདུ་ཁང་ཆེན་པོ་ཞིག་བཞེངས་ཚར་བའི་རྗེས་ལ་ནང་གི་ནོར་བུ་ངོ་མ་དེ་དགེ་འདུན་པ་རེད། ང་རང་ཚོས་སྐབས་སྐབས་ལ་ནོར་བུ་འཇོག་ས་དེ་རྩ་ཆེན་པོར་བརྩིས། ནོར་བུ་དེ་སྣང་མེད་དུ་འཇོག་གི་འདུག ནོར་བུ་འཇོག་ས་དེར་ཟ་མ་ཏོག་ཟེར་གི་རེད། སྙིང་བོ་ངོ་མ་དེ་ནོར་བུ་རེད། ནོར་བུ་ལ་མཐོང་ཆུང་བྱས་ནས་ཟ་མ་ཏོག་གི་ཕྱི་ལོགས་ལ་གསེར་བྱུགས་ནས་བསྡད་ན་ཡག་པོ་མི་འདུག གཙོ་བོ་དང་ཕལ་བ་གཉིས་གོ་ནོར་མ་བྱས་པའི་ཐོག་ནས། གཙོ་ཕལ་གཉིས་ཀྱི་གོ་རིམ་མ་འཁྲུགས་པའི་སྒོ་ནས་བྱ་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག འདི་དག་ངོས་རང་གི་བསམ་ཚུལ་ཡིན། ད་ཐེངས་དགེ་འདུན་པ་རྣམ་པའི་དུས་ཚོད་མང་པོ་ཞིག་ངས་སྤྱད་སོང་། ཐེངས་འདིའི་གྲ་སྒྲིག་ཚོགས་ཆུང་གིས་ཤོད་གསུངས་ནས་བཀའ་ཕབ་ཡོང་དུས་བརྗོད་བྱ་གཏིང་ཟབ་པོ་གང་ཡང་བཤད་རྒྱུ་མེད་དེ། མི་ཚེ་གཅིག་གི་ནང་སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་སྒོར་ཞུགས་ནས་ད་ལྟའི་བར་ཟོས་ནས་འཚོས་ནས་ཡོང་བ་ཡིན་པ་སོང་ཙང་། དགེ་བཤེས་ཆོས་གྲགས་ཀྱིས། མི་ཟས་ཡུན་རིང་ཟོས་པའི་རིན་བབ་ཏུ། །དེབ་ཆུང་འདི་ཉིད་མི་ཡི་ཡུལ་དུ་བཞག །ཅེས་གསུངས་པ་ནང་བཞིན་སངས་རྒྱས་བསྟན་པའི་སྒོར་ཞུགས་ནས་ཟ་མ་ཡུན་རིང་ཟོས་པའི་རིན་བབ་ལྟ་བུར་སྐད་ཆ་འདི་དག་བཤད་པ་ཡིན། སྐད་ཆ་ཚིག་གཅིག་མ་གཏོགས་མེད་ན་ཡང་སངས་རྒྱས་བསྟན་པའི་དོན་དུ་ལྷག་བསམ་རྣམ་དག་གིས་བཤད་ཀྱི་ཡིན། ད་ཐེངས་འདི་ཡང་དེ་ལྟར་དུ་ཞུས་པ་ཡིན། གོང་ནས་གང་ཞུས་པ་ཐམས་ཅད་འགྲིག་གི་འདུག་བསམ་ན་ཕྱག་ལེན་ལ་ཐེབས་པ་ཞིག་དང་། མི་འགྲིག་པ་འདུག་བསམ་ན་ང་རང་གིས་མ་ཤེས་པའི་ས་རུ་བཞག་ཏེ་གཙུག་ལག་ཁང་འདིའི་ནང་བཞག་ནས་ཕེབས་རོགས་གནང་ཞེས་ཞུས་པ་ཡིན། མཇུག་མཐར་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།qRmརྗེ་ཙོང་ཁ་པའི་དྲ་བ།

        ཞེས་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་གིས། སྤྱི་ལོ་ ༢༠༡༥ ལོའི་ཟླ་༩ ཚེས་༢༧ ཉིན། མདོ་ཁམས་རྫ་སེར་ཤུལ་དགོན་དུ་འཚོགས་པའི་གངས་ལྗོངས་སྤྱི་རིམ་ཆེན་མོ་《གངས་རྒྱན་སྨོན་ལམ་》ཞེས་པའི་ཆོས་ཚོགས་བླ་གྲྭ་ཁྲི་ཕྲག་ལས་བརྒལ་བའི་དབུས་སུ་བཀའ་སློབ་གནངས་པའི་གསུང་ཚན་པ་ཞིག་གི་ཚིག་འབྲུ་ཇི་བཞིན་བྱ་ཁྱུང་བ་གདོང་གཞུག་ཟླ་བས་ཡི་གེར་ཕབ།qRmརྗེ་ཙོང་ཁ་པའི་དྲ་བ།

* ལ་ཕུག་གཏོར་མ་ཞེས་པ་སྔར་རྩམ་པ་མེད་པའི་ཁྱིམ་དུ་ལ་ཕུག་གིས་བྱས་པའི་གཏོར་མ་ལ་གོqRmརྗེ་ཙོང་ཁ་པའི་དྲ་བ།

* གླང་དར་ཁྲིམས་ཕོག་མ་ཞེས་པ་བཙན་པོ་ཁྲི་དར་མས་བསྟན་པ་སྣུབ་སྐབས་ཀྱི་སྐུ་འདྲ་གསུང་འབྱོན་མ་དག་ལ་གོqRmརྗེ་ཙོང་ཁ་པའི་དྲ་བ།

 qRmརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K