མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།། བོད་ཀྱི་དགོན་སྡེའི་སློབ་གསོའི་ཁྱད་ཆོས་དང་འཕེལ་རིམ་ལས་འཕྲོས་པའི་བགྲོ་གླེང་།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-11-23 14:20:42     རྩོམ་པ་པོ།   ལྡོང་ཡོན་ཏན་རྒྱ་མཚོ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        མདོ་འཛིན་པ་བཀྲ་ཤིས་དོན་འགྲུབ། ཉན་མཁན་རྣམ་པ་ལགས། དེ་རིང་གི་ང་ཚོའི་ལེ་ཚན་འདིའི་ནང་དུ་གདན་ཞུས་བྱས་པའི་སྐུ་མགྲོན་ནི། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཡིན། ངས་བསམ་ན་གངས་ཅན་ཁ་བའི་ལྗོངས་སུ་ཁོང་གི་མཚན་སྙན་ཕལ་ཆེར་གོ་མ་མྱོང་མཁན་ཡོད་རྒྱུ་མ་རེད་འདོད། རྒྱུ་མཚན་ཉེ་བའི་ལོ་ཤས་ཀྱི་རིང་འདིར་ངེད་ཅག་གི་སློབ་རའི་འགྱུར་ཁུགས་ཡིན་ནའང་འདྲ། ཡང་ན་རྒྱང་སྒྲོག་དང་། བརྙན་འཕྲིན། འོད་སྡེར། དུས་དེབ། ཚགས་པར་སོགས་ལེ་ཚན་དང་རྣམ་པ་མི་འདྲ་བ་གང་མང་ཞིག་གི་ཁྲོད་ནས་ཁོང་གིས་བོད་རིག་པ་ལས་བརྩམས་ཏེ་གསུང་བཤད་དང་རྩོམ་ཡིག་ཆེས་མང་བོ་ཞིག་གནང་བས་བོད་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཟབ་ཅིང་གདེང་འཇོག་ཆེན་པོ་གནང་བཞིན་ཡོད། དེའི་རྐྱེན་གྱིས་ཉན་མཁན་ཚང་མར་ཁོང་ལ་ཆ་རྒྱུས་ཆེན་པོ་ཡོད། ལྷག་པར་དུ་བོད་ཀྱི་དགོན་སྡེའི་སློབ་གསོའི་ཐད་ནས་བསམ་ན། ཁོང་ནི་ཆུང་དུས་ནས་དགོན་སྡེར་ཞུགས་ཏེ་གྲྭ་བ་བྱས་ཤིང་། བོད་རིག་པ་སྤྱི་དང་ཁྱད་པར་ནང་བསྟན་ཆོས་གཞུང་ལ་སྦྱང་བ་ཟབ་མོ་བྱས་པའི་ཤེས་ཡོན་པ་ཞིག་ཡིན། དེའི་རྐྱེན་གྱིས་བོད་ཀྱི་དགོན་སྡེའི་ཐད་ནས་ཁོང་ལ་བགྲོ་གླེང་གི་རྣམ་པས་དྲི་བ་རེ་ཞུས་ན། ང་ཚོར་འདང་རྒྱག་ས་དང་། བློ་བསྐྱེད་ངེས་ཅན་ཞིག་སྟེར་ཐུབ་པར་ང་ལ་ཡིད་ཆེས་ཟབ་མོ་ཡོད། དེས་ན་གཤམ་ནས་དེ་རིང་གི་བཀོད་སྒྲིག་ལྟར་ཁོང་ལ་ཁ་པར་ལམ་ནས་འབྲེལ་གཏུགས་བྱེད་རྒྱུ་ཡིན།Jhcརྗེ་ཙོང་ཁ་པའི་དྲ་བ།
        མདོ་འཛིན་པ། ༼ཁ་པར་ལམ་ནས།༽ དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས། བདེ་མོ་ཡིན་ནམ།Jhcརྗེ་ཙོང་ཁ་པའི་དྲ་བ།
        ལྡོང་ཡོན་ཏན་རྒྱ་མཚོ། བདེ་མོ་ཡིན། བདེ་མོ་ཡིན། མདོ་འཛིན་པ་བདེ་མོ་ཡིན་ནམ།Jhcརྗེ་ཙོང་ཁ་པའི་དྲ་བ།
        མདོ་འཛིན་པ། བདེ་མོ་ཡིན་ལགས། དེ་རིང་ཡང་རྒན་ལགས་ཀྱི་བྱ་བའི་བྲེལ་ཟིང་གི་ཀློང་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་སློབ་རའི་འགྱུར་ཁུགས་ལེ་ཚན་གྱི་གཟའ་ཕུར་བུའི་ཉིན་གྱི་སློབ་གསོའི་བགྲོ་གླེང་གི་གླེང་སྟེགས་ཀྱི་ཐད་གཏོང་ལེ་ཚན་འདིར་ཞུགས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ལྡོང་ཡོན་ཏན་རྒྱ་མཚོ། ཡ་ཡ། བཀའ་དྲིན་ཆེ། ཁྱེད་རྣམ་པས་བོད་ཀྱི་སློབ་གསོའི་བྱ་བཞག་གི་ཆེད་དུ་སྔར་ལས་ལྷག་པར་འབད་བརྩོན་བྱས་ཏེ། སློབ་གསོའི་སྐོར་གྱི་ལེ་ཚན་འདིའི་དུས་ཚོད་ཇེ་རིང་དུ་བཏང་ཞིང་། ཕྱོགས་གང་ཐད་ནས་སྣ་འཛོམས་རང་བཞིན་ཅན་ཞིག་ཏུ་བསྒྱུར་འདུག་པས། ངས་ཁྱེད་འགོ་འཛིན་པ་དང་འབྲེལ་ཡོད་ལས་ཞུགས་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོ་འཛིན་པ། རེད། ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། དེ་ནི་ང་ཚོས་བསྒྲུབ་འོས་པའི་དོན་དག་ཅིག་རེད། དེ་རིང་བཀོད་སྒྲིག་བྱས་ཡོད་པའི་གླེང་གཞི་ནི། བོད་ཀྱི་དགོན་སྡེའི་སློབ་གསོའི་ཆ་རེད། བོད་ཀྱི་དགོན་སྡེའི་སློབ་གསོས་བོད་པའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཟིན་ཡོད་པས། དེའི་འཕེལ་རིམ་དང་དགེ་མཚན་སོགས་ནི་རིག་གནས་སློབ་མཁན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ཤེས་དགོས་པ་ཞིག་རེད། དེའི་ཕྱིར་དགེ་རྒན་ཁྱེད་ཀྱིས་ཐོག་མར་རྒྱ་ཆེའི་གསན་མཁན་རྣམས་ལ་བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་ནས་ཁ་བརྡ་ཞིག་བྱས་ན་ཇི་འདྲ་རེད།Jhcརྗེ་ཙོང་ཁ་པའི་དྲ་བ།

        ལྡོང་ཡོན་ཏན་རྒྱ་མཚོ། རེད། རེད། ང་ལ་མཚོན་ན་མདོ་འཛིན་པས་བཤད་པ་ལྟར་ཆུང་དུས་ནས་བཟུང་སྟེ་བོད་ཀྱི་དགོན་སྡེའི་ཁྲོད་དུ་སོང་ནས་དེའི་སློབ་གསོའི་མཛེས་སྡུག་གི་འོག་ནས་ནར་སོན་ཞིང་མི་ཚེའི་སྙིང་བོ་འཚོལ་བའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན། འོན་ཀྱང་རིག་གནས་ཡོན་ཏན་སོགས་གང་གི་ཆ་ནས་བསམ་ཡང་གོང་དུ་མདོ་འཛིན་པས་མཚམས་སྦྱོར་བྱས་པ་ལྟ་བུའི་ཡ་མཚན་པའི་ལྟ་རྒྱ་ཐོས་རྒྱ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཅན་ཞིག་མ་ཡིན་མོད། རང་གི་མི་ཚེའི་བརྒྱུད་རིམ་དེ་བོད་ཀྱི་དགོན་སྡེའི་ཁྲོད་ནས་བརྒྱུད་ཡོང་བ་ཞིག་ཡིན་པའི་ཆ་ནས་རང་གི་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་བསམ་ཚུལ་ཕྲན་བུ་རེ་བརྗོད་ན་མི་ཆོག་རྒྱུ་མེད། སྤྱིར་བཤད་ན། དེ་རིང་གི་བགྲོ་གླེང་འདི་ཧ་ཅང་གལ་ཆེ་བའི་བགྲོ་གླེང་ཞིག་རེད། བགྲོ་གླེང་འདི་དང་འབྲེལ་ཏེ་འུ་ཅག་བོད་ཀྱི་དགོན་སྡེའི་སློབ་གསོའི་ཕྱོགས་ལ་དྲང་ལྡོག་གཉིས་ཆ་ནས་དོ་སྣང་བྱེད་མཁན་མང་བོ་ཞིག་གིས་བསམ་གཞིག་ཞིབ་མོ་དང་གཟུ་བོར་གནས་པའི་བློ་གྲོས་ཀྱིས་འདོར་ལེན་ཅི་དགོས་བྱེད་ཐུབ་པའི་ཆ་རྐྱེན་ཞིག་ཏུ་འགྱུར་ཐུབ་ན་ཕུན་སུམ་ཚོགས་པ་རེད། འོན་ཀྱང་། ངའི་ཁ་བརྡ་འདི་ནི་ང་གཅིག་པུའི་བསམ་ཚུལ་ཙམ་ཡིན་པས་འདིས་བོད་ཀྱི་དགོན་སྡེའི་སློབ་གསོའི་ངོ་བོ་དང་གནད་དོན་ངོ་མ་དེ་བཤད་ཐུབ་པའི་ངེས་པ་གཏན་ནས་མེད། འདོར་ལེན་གང་དགོས་རང་རང་གི་བློ་གྲོས་ཀྱི་རྩལ་ལ་ཐུག་ཡོད་ཅེས་ཐོག་མར་ཞུ་འདོད་བྱུང་།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོ་འཛིན་པ། རེད། རེད། ཐུགས་རྗེ་ཆེ།Jhcརྗེ་ཙོང་ཁ་པའི་དྲ་བ།
        ལྡོང་ཡོན་ཏན་རྒྱ་མཚོ། དེ་རིང་མདོ་འཛིན་པའི་དྲི་གཞི་ནི་བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་རེད། དེས་ན། ཐོག་མར་དགོན་པ་དང་། སློབ་གསོ་ཞེས་པ་ལ་གོ་བ་རགས་ཙམ་རྙེད་དགོས་པར་སྙམ། སྤྱིར་དགོན་པ་ཞེས་པ་ནི་མི་མེད་ས་སྟོང་གི་མིང་སྟེ་འབྲོག་དགོན་པའི་དོན་ཡིན་ཡང་། སྐབས་འདིར་གྲོང་ཁྱེར་དང་གྲོང་གསེབ་དག་ལས་རྒྱང་གྲགས་གཅིག་སྟེ་གཞུ་འདོམ་ལྔ་བརྒྱས་ཆོད་པའི་དགེ་འདུན་པའི་འདུ་གནས་ལ་གོ་དགོས། མིང་གི་རྣམ་གྲངས་ལ་ཀློག་གྲྭའི་གནས་དང་། མཁས་གནས། ཆོས་ཀྱི་གྲོང་བརྡལ། ཆོས་ཀྱི་འདུན་ས། བདུད་རྩིའི་ཁང་། དབེན་པའི་གནས། ཞི་བའི་གྲོང་། བསམ་གཏན་ཁང་སོགས་མང་བོ་ཡོད། དེ་ནས་སློབ་གསོ་ཞེས་པ་ནི། འཇིག་རྟེན་ཁམས་ཀྱི་ཤེས་བྱ་རིག་གནས་དང་ཡ་རབས་གོམས་སྲོལ། བསམ་བློའི་འཛིན་སྟངས་ལེགས་པའི་སྐོར་སོགས་ལེགས་པར་སློབ་པའི་ཐབས་ལམ་ཁྱད་པར་བ་ཞིག་ལ་བརྟེན་ནས་མི་ཞིག་གི་མི་ཚེ་གང་ངམ་དུ་མར་༼ཟུར་མཆན། ད་ལྟ་བོད་ཀྱི་མཁས་པ་མང་བོས་བོད་ཀྱི་སློབ་གསོ་ནི་མི་ཚེ་ཕྲེང་བརྒྱུད་ཀྱི་སློབ་གསོ་ཡིན་ཞེས་བརྗོད་ཀྱིན་ཡོད་དེ་དོན་དངོས་སུའང་དེ་ལྟར་གྲུབ་ཡོད།༽ལུས་ངག་ཡིད་གསུམ་དང་འབྲེལ་བའི་བྱ་སྤྱོད་དང་བསམ་ཚུལ་བཅས་ལ་ཕན་བསྐྱེད་སྟེར་བ་དང་མི་འདང་སར་ཁ་གསབ་པ། མི་འགྲིག་སར་བསྒྱུར་བཅོས་གཏོང་བྱེད་ཅིག་ལ་གོ་བ་ལེན་དགོས་པར་སྙམ། དེ་ལྟའི་སློབ་གསོ་དེར། སློབ་གྲྭ་ཁག་མི་འདྲ་བ་སོ་སོ་ལ་དམིགས་ཡུལ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བསམ་བློ་ཀུན་སྤྱོད་དང་ཤེས་རིག་ཡོན་ཏན་སྤེལ་ཏེ་ཚད་གཞི་དང་ལྡན་པར་སྐྱེད་སྲིང་བྱེད་པའི་སློབ་གྲྭའི་སློབ་གསོ་དང་། སྤྱི་ཚོགས་འཚོ་བའི་འཕོ་འགྱུར་དང་སྣང་ཚུལ་སྣ་ཚོགས་ལ་བརྟེན་ཏེ་མིའི་རིགས་ཀྱི་ལུས་སེམས་ལ་ལེགས་ཕྱོགས་ནས་བསྒྱུར་བཅོས་དང་འཕེལ་ཤུགས་སྣོན་པའི་སྤྱི་ཚོགས་སློབ་གསོ། སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་གཉིས་ཀྱི་རྨང་གཞི་དང་སྤྱིར་མི་ཞིག་གི་རྒྱུན་རིང་སློབ་གསོའི་གཞི་རྩར་གྲུབ་པ་སྟེ། ཁྱིམ་ཚང་རེ་རེའི་ཕ་མ་ཚོའི་རྒྱུན་རིང་འཚོ་བའི་ཉམས་མྱོང་སྟེང་ནས་རང་རང་གི་བུ་དང་བུ་མོར་སློབ་གསོའི་ཐབས་ལམ་སྣ་ཚོགས་སྤྱད་དེ་ལུས་སེམས་སྐྱོན་གྱིས་མ་གོས་པར་སྐྱེད་སྲིང་བྱེད་ཐབས་ཀྱི་ཁྱིམ་ཚང་སློབ་གསོ་ཞེས་རིགས་མི་འདྲ་བ་གསུམ་དུ་དགར་སྟངས་འདི་ཕལ་ཆེར་འཛམ་གླིང་སྤྱི་འགྲོས་ཀྱིས་བཤད་སྟངས་ཤིག་ཡིན་ཚོད་རེད་འདུག དེས་ན་དགོན་སྡེའི་སློབ་གསོ་ཟེར་བ་འདི་ཕལ་ཆེར་རང་ཅག་གི་མི་རབས་འདིར་གསར་བྱུང་གི་ཐ་སྙད་ཅིག་རེད། འོན་ཀྱང་དགོན་སྡེའི་སློབ་གསོ་ནི་རང་ཅག་ལ་གནའ་སྔ་མོ་ནས་ཁྱད་དུ་འཕགས་ཤིང་འཐུས་ཚང་བ་ཞིག་ཡོད། དགོན་པ་ནི་དོན་གྱིས་སློབ་གྲྭ་ཡིན་ལ། དགོན་སྡེར་བཞུགས་པའི་དགེ་འདུན་པ་རྣམས་ཀྱང་འགྲོ་བ་མིའི་སྤྱི་ཚོགས་ལས་ཡན་གར་བ་ཞིག་མ་རེད། དགེ་འདུན་པ་རེ་རེའི་གྲྭ་ཤག་ལ་ཁྱིམ་ཚང་ཞེས་པའི་དོན་མི་ཚང་མོད་གྲྭ་ཤག་ལའང་གྲྭ་ཤག་གི་སློབ་གསོ་ཡོད་པས། དོན་གྱིས་གོང་གི་སློབ་གསོའི་རིགས་གསུམ་ལས་མ་འདས་པར་སེམས་མོད། སློབ་གསོའི་ངོ་བོའི་ཆ་ནས་ཁྱིམ་པའི་སློབ་གསོ་དང་ཁྱད་པར་ཆེན་པོ་ཡོད་ལ། ལོ་རྒྱུས་ཀྱི་རང་བཞིན་དང་། སྒེར་ཚུགས་ཀྱི་རང་བཞིན། མི་རིགས་ཀྱི་རང་བཞིན། ཐུན་མིན་བློ་རྩལ་གྱི་རང་བཞིན། རྒྱུན་མཐུད་ཐུབ་པའི་རང་བཞིན། མ་བཅོས་ཟོལ་མེད་ཀྱི་རང་བཞིན། ཁྱབ་ཆེ་བའི་རང་བཞིན། ཀུན་སྤྱོད་ལས་བསམ་བློ་གཙོ་བའི་རང་བཞིན། ཡིད་ཆེས་ལས་དཔྱད་པ་དང་རིགས་པ་གཙོ་བའི་རང་བཞིན་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་དུ་མ་ཞིག་ཡོད་པ་མངོན་སུམ་ལྟོས་གྲུབ་ཡིན་པས། དགོན་སྡེའི་སློབ་གསོ་ཞེས་ལོགས་སུ་བཀར་ཏེ་གླེང་ནའང་མི་འགྲིག་པ་ཅི་ཡང་མེད། ཡང་བོད་ཀྱི་དགོན་སྡེའི་སློབ་གསོ་ཞེས་གླེང་ཚེ་ནང་ཆོས་ཀྱི་སློབ་གསོ་གཅིག་པུ་མ་ཡིན་པར་བོན་ཆོས་ཀྱི་སློབ་གསོ་ཞེས་ངོ་མཚར་འབུམ་གྱིས་ཕྱུག་ཅིང་ཐུན་མིན་དགེ་མཚན་དང་ལྡན་པ་ཞིག་ཡོད་པ་དེ་ཡང་ཁས་ལེན་དགོས་པར་མ་ཟད། དེའི་ངོ་བོ་དང་བྱུང་འཕེལ་སོགས་ཀྱང་གླེང་དགོས་མོད། ང་ལ་མཚོན་ན་བོན་ཆོས་ཕྱོགས་སུ་ཆ་རྒྱུས་དེ་འདྲ་མེད་ཅིང་དེ་རིང་ངེད་གཉིས་ལ་དུས་ཚོད་ཀྱིས་ཀྱང་ཚད་བཀག་ཡོད་པས། ངས་འདིར་ནང་ཆོས་ཀྱི་སློབ་གསོ་དང་། དེ་ལས་ཀྱང་བོད་བརྒྱུད་ནང་བསྟན་གྱི་སློབ་གསོའི་སྐོར་ནས་མདོ་ཙམ་གླེང་ཆོག་པ་གྱིས།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོ་འཛིན་པ། རེད། རེད། དེ་ཆོག་གི་ལགས།Jhcརྗེ་ཙོང་ཁ་པའི་དྲ་བ།
        ལྡོང་ཡོན་ཏན་རྒྱ་མཚོ། ངས་གོང་དུ་བཤད་པ་ལྟར་དགོན་པ་ཞེས་པ་དགེ་འདུན་པའི་འདུ་གནས་ལ་གོ་ཡང་འདིར་དགོན་པའི་སློབ་གསོ་ཞེས་པའི་ཚེ་དོན་གྱིས་དགེ་འདུན་པའི་སློབ་གསོའམ་ཡང་ན་ཆོས་ཀྱི་སློབ་གསོ་ལ་གོ་དགོས་པར་འདུག སྤྱིར་ནང་ཆོས་ནི་དགེ་འདུན་པ་ཁོ་ནའི་སྒེར་ཆོས་ཤིག་ག་ལ་ཡིན་ཏེ་མ་ཡིན་མོད། དགེ་འདུན་པ་རྣམས་ནང་ཆོས་ཀྱི་ཆེད་སྦྱོང་བ་ལྟ་བུ་ཡིན་པས་རེ་ཞིག་དགེ་འདུན་པའི་སློབ་གསོ་ཞེས་གོ་བ་བླངས་ཀྱང་མི་འགྲིག་པ་མེད། འོ་ན། དགེ་འདུན་པའི་སློབ་གསོའམ་ཡང་ན་ཆོས་ཀྱི་སློབ་གསོ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་ཅི་རིགས་ཀྱིས་བསྡུས་པའི་ཤེས་པར་བྱ་བ་དེ་ནང་དོན་རིག་པའི་མཚན་ཉིད་དམ་ངོ་བོ་ཡིན་ལ། བསྟན་པ་འདིའི་དབང་དུ་བྱས་ན། གནས་བརྟན་སྡེ་བའི་ལུགས་གཞིར་བཞག་ཚེ་སྤྱི་ལོ་སྔོན་གྱི་ལོ ༥༨༩ བ་སྟེ་མཉམ་མེད་ཤཱཀྱའི་རྒྱལ་བོའི་དགུང་གྲངས་སོ་ལྔ་བར་མངོན་པར་རྫོགས་པར་སངས་རྒྱས་པ་ནས་མི་ལོ་ཞེ་ལྔའི་རིང་ལ་བཀའ་དང་བོ་བདེན་བཞིའི་ཆོས་འཁོར་དང་། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར། བཀའ་ཐ་མ་ལེགས་ཕྱེས་ཀྱི་ཆོས་འཁོར་བཅས་ཆོས་འཁོར་རིམ་པ་གསུམ་བསྐོར་ཞིང་། བསྡོམས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་ཐམས་ཅད་ཚུར་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུ་སྟེ། དེ་ནི་སློབ་དཔོན་སེང་གེ་བཟང་བོས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན་སྙིང་བོའི་རྒྱན་ལས། མདོ་སྡེ་དབྱངས་སྙན་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་ཁོ་ནར་འདུ་ཞིང་། སྡེ་སྣོད་གསུམ་ཡང་མདོ་སྔགས་གཉིས་ལས་མ་འདས་ཏེ། མདོ་ཕྱོགས་ནི་གཞུང་བཀའ་པོད་ལྔ་དང་སྔགས་ཕྱོགས་ནི་རྒྱུད་སྡེ་བཞིས་གཏན་ལ་འབེབ་ཅིང་དེར་འདུ་བ་ཡིན་ནོ། །དེ་ལྟར་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་དམ་པའི་ཆོས་ལ་སྦྱངས་པ་གཤིས་ཕྱིན་པར་བྱས་ན་མི་གཞི་ཀུན་སྤྱོད་དང་། ཁྱད་པར་དུ་ནང་སེམས་ཁམས་ལ་བཟང་ཕྱོགས་ནས་ཕན་བསྐྱེད་དང་ལེགས་བཅོས་བླ་ན་མེད་པ་བྱེད་ཐུབ་པར་མ་ཟད། དབུགས་ལྡན་སྐྱེ་འགྲོ་ཡོངས་ལ་འདྲ་མཉམ་དུ་བལྟ་ཞིང་ཕན་སེམས་བསྐྱེད་པ་ནི་ནང་ཆོས་ཀྱི་སློབ་གསོའི་བྱེད་ལས་སམ་ཁྱད་ཆོས་ཡིན་ཏེ། ཆོས་གཞུང་དག་ཏུ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་དང་། བཞི་བརྒྱ་བ་ལས། ཆོས་ནི་མདོར་ན་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་དང་། འཇམ་མགོན་བླ་མའི་ཞལ་ནས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་པས། །རྟག་པར་བསམ་པ་དག་ལ་འབད་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་ཏེ་འདི་དག་གིས་ནང་ཆོས་ཀྱི་སློབ་གསོའི་ངོ་བོ་དང་བྱེད་ལས་ཁྱད་ཆོས་སོགས་གསལ་བོར་བསྟན་ཡོད་པར་སྙམ། དེ་ཡང་། སྡིག་པ་ཅི་ཡང་མི་བྱ་བ་ཞེས་པ་ནི་ལུས་ཀྱི་སྒོ་ནས་སྲོག་མི་གཅོད་པ། མ་བྱིན་པ་མི་ལེན་པ། མི་ཚངས་པ་མི་སྤྱོད་པའམ་འདོད་ལོག་མི་སྤྱོད་པ། རྫུན་དང་ཕྲ་མ། ཚིག་རྩུབ། ངག་བཀྱལ་མི་བཤད་པ། བརྣབ་སེམས། གནོད་སེམས། ལོག་ལྟ། ཞེ་སྡང་། ཁོང་ཁྲོ་མི་བསྐྱེད་པ་སོགས་སྨད་པར་འོས་པའི་བྱ་སྤྱོད་དང་། བསམ་བློ་ངན་པའི་རིགས་དོར་བའི་སྟེང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད་པ་སྟེ་འཇིག་རྟེན་གྱི་ཡ་རབས་ཀུན་སྤྱོད་དང་། གཞན་ཕན་གྱི་བྱ་བཞག་ལ་སོགས་པ་ཅི་ནུས་ཀྱིས་ཉམས་སུ་བསྟར་བ། ཐོག་མ་མེད་པ་ནས་རང་སེམས་ཀྱི་དབང་དུ་སོང་ཞིང་། སེམས་ཉོན་མོངས་པའི་དབང་དུ་སོང་བའི་ཚུལ་ལེགས་པར་ངོས་ཟིན་པར་བྱས་ནས། དམ་པའི་ཆོས་དང་མཐུན་པར་རང་གི་སེམས་འདུལ་སྦྱོང་ལེགས་པོའི་སྒོ་ནས་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་པར་སློབ་པའམ། ཐེག་པ་ཆེ་ཆུང་། ཐེག་པ་ཆེན་པོ་ལའང་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ། ཐེག་པ་གསུམ་གྱི་དབང་དུ་བྱས་པའི་ལམ་ལྔ་གསུམ་བཅོ་ལྔ། ཐེག་ཆེན་གྱི་དབང་དུ་བྱས་པའི་ས་བཅུའི་རྣམ་བཞག་སོགས་རང་རྒྱུད་ལ་ཉམས་སུ་བསྟར་ཅི་ཐུབ་བྱེད་པ་ནི་སངས་རྒྱས་ཀྱི་རྟོགས་པའི་བསྟན་པའམ་ནང་ཆོས་ཀྱི་སློབ་གསོ་རང་རྒྱུད་ལ་སྦྱོར་བའི་ཚུལ་ཡིན་པར་འདུག ནང་ཆོས་ཀྱི་སློབ་གསོ་ནི་ཚེ་འདི་ཕྱི་གཉིས་ལས་ཕྱི་མ་གཙོ་བོ་དང་། རང་གཞན་གཉིས་ལས་གཞན་གཙོ་བོར་འཛིན་པའི་སློབ་གསོ་ཞིག་ཡིན་པས། ཕན་བཏགས་མ་བཏགས་དང་ལན་ལ་རེ་བ་མེད་པར་བཅོས་མ་མིན་པའི་ཀུན་སློང་རྣམ་དག་ཅིག་གིས་སེམས་ལྡན་ཡོད་དོ་ཅོག་ལ་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་གནས་སྐབས་དང་མཐར་ཐུག་གི་ཕན་པ་སྟེར་ཅི་ཐུབ་བྱེད་པ་ཞིག་སྟེ། རང་གི་རྒྱལ་ཁབ་བམ་མི་རིགས། རང་གི་ཆོས་རྒྱུད་དམ་གྲུབ་མཐའ། མིའི་རིགས་ཙམ་སོགས་ལ་དམིགས་པའི་བསམ་པ་ཕྱོགས་རིས་པ་ཞིག་ཀྱང་མ་ཡིན་ལ། ཆོས་ཀྱི་སྒོ་དང་རྣམ་གྲངས་མཐའ་ཡས་པས་གསུངས་ཤིང་སློབ་མོད། མཐར་གཏུགས་ན། དེ་དག་ཐམས་ཅད་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་ཅིང་ཆོས་ཀྱི་གནས་ལུགས་མཐར་ཐུག་པ་དེ་གཏན་ལ་དབབ་པའི་ཐབས་སུ་འཁྱེར་ཞིང་བཀོལ་བ་ཞིག་སྟེ། ད་ལྟ ༧ གོང་ས་རྒྱལ་བའི་དབང་བོ་སོགས་ཀྱིས་ཡང་ཡང་གསུང་བཞིན་པ་ལྟར། མདོར་བསྡུས་དང་སྡོམ་ཚིག་རང་བཞིན་གྱིས་བརྗོད་ན། ནང་ཆོས་ཀྱི་སློབ་གསོའི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་ཡིན་འདུག་སྟེ། རྟེན་འབྱུང་གི་སྐོར་ལ། རྟེན་འབྲེལ་བསྟོད་པ་ལས། དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །དེ་ཡང་ཀུན་ཏུ་མེད་པ་དང་། །རང་བཞིན་གྱིས་ནི་ཡོད་པས་མིན། །ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་བརྟེན་ཡོད་མ་ཡིན། །ངོ་བོས་གྲུབ་ན་དེ་འགྲུབ་པ། །རྒྱུ་དང་རྐྱེན་ལ་ལྟོས་པ་འགལ། །དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོང་བ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། །ཞེས་དང་། ནང་བའི་ལྟ་སྤྱོད་ཀུན་བཏུས་ལས། སྟོང་ཉིད་ཅེས་པ་རྟེན་འབྲེལ་གྱི་དོན་ཡིན་པའི་རྒྱུ་མཚན་གྱིས་ཡིན། ཆོས་རྣམས་རྟེན་འབྲེལ་ཡིན་པའི་དབང་གིས་དེ་རྣམས་རྐྱེན་ལ་ལྟོས་ཏེ་འཕེལ་འགྲིབ་བྱེད་ཀྱིན་ཡོད། འདི་ཡི་ཚུལ་ལས་རྒྱུ་དང་འབྲས་བུ་གཉིས་འཐད་ཅིང་འཇོག་ཐུབ་པ་ཡིན། རྒྱུ་དང་འབྲས་བུ་གནོད་པ་མེད་པར་འཇོག་ཐུབ་པ་ན། འབྲས་བུ་ངན་པ་སྡུག་བསྔལ་ལྟ་བུ་དེའི་རྒྱུ་ངན་པ་རྣམས་སྤོང་བའི་སྒོ་ནས་མེད་པར་བཟོ་ཐུབ་པ་དང་། འབྲས་བུ་བཟང་བ་བདེ་སྐྱིད་ལྟ་བུ་དེའི་རྒྱུ་བཟང་བོ་རྣམས་སྒྲུབ་པ་ལས་ཡོང་བར་འཇོག་ཐུབ། དེ་ལས་ལྡོག་སྟེ་གལ་ཏེ་ཆོས་རྣམས་རང་དབང་དུ་གྲུབ་ཡོད་ན་དེ་རྣམས་གཞན་ལ་མ་བརྟེན་པར་འགྱུར་བ་དང་། གཞན་ལ་མ་བརྟེན་པ་ཡིན་ན་རྒྱུ་དང་འབྲས་བུ་ཡོང་མི་སྲིད་པ་ཡིན། དེས་ན་རྟེན་འབྱུང་འཐད་ན་རྒྱུ་འབྲས་འཇོག་ནུས་ཤིང་། རྟེན་འབྱུང་མི་འཐད་ན་རྒྱུ་འབྲས་ཡོང་མི་ཤེས། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་བ་ཡིན་པའི་སྒྲུབ་བྱེད་མཐར་ཐུག་ནི། དེ་རྣམས་རྒྱུ་དང་རྐྱེན་ལ་བརྟེན་པ་ཙམ་དེ་ཡིན། སྐྱེ་བོ་རྣམས་ཀྱིས་ལྟ་བ་འདི་ལེགས་པར་མ་གོ་བ་ལ་བརྟེན་པའི་འཁྲུལ་བའི་དབང་གིས། ཆོས་རྣམས་སྟོང་བ་ཡིན་པའི་རྒྱུ་མཚན་གྱིས་བཟང་ངན་དང་རྒྱུ་འབྲས་སོགས་མེད་པར་སེམས་པ་འདི་ནི་མཐའ་གཅིག་ཏུ་ལོག་པ་ཡིན། རྒྱུ་འབྲས་འཇོག་ཐུབ་པ་དང་། དེ་ལ་ཡིད་ཆེས་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ཞེས་དང་། སྤྱོད་པའི་སྐོར་ལ། ཆོས་གཞུང་དག་ཏུ། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་བྱེད་ཅིག །ཅེས་དང་། ནང་བའི་ལྟ་སྤྱོད་ཀུན་བཏུས་ལས། ནང་བའི་ཆོས་ཀྱི་སྙིང་བོ་ནི། སྙིང་རྗེ་དང་བྱམས་པ་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་དེ་ཡིན། ཞེས་གསུངས་པ་ལྟར་ཏེ། འདི་དག་གིས་དགོན་སྡེའི་སློབ་གསོའམ་ནང་ཆོས་ཀྱི་ངོ་བོ་མདོར་བསྡུས་ཤིག་ཤེས་ཐུབ་སྙམ། ཞིབ་རྒྱས་ཤིག་དུས་ཚོད་ཀྱིས་མི་འདང་ལ་ངས་ཀྱང་བཤད་མི་ཤེས། འདི་ལྟར་བསམ་ན། དེ་རིང་གི་གླེང་གཞི་འདི་ནི་ངོ་མ་གླེང་རིན་ཡོད་པ་ཞིག་ཡིན། སྤྱིར་བོད་ཀྱི་དགོན་སྡེ་ནི་བོད་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། བོད་ཀྱི་དགོན་སྡེའི་རིག་གནས་ནི་བོད་རིག་པའི་ཉིང་བཅུད་དང་སྲོག་ལྟ་བུར་གྲུབ་ཡོད། དེ་ལྟར་མ་ཟད་ད་སྐབས་འཛམ་གླིང་སྤྱིའི་རིག་གནས་ལ་ཤུགས་རྐྱེན་ཆེ་ཞིང་གཟུར་གནས་མཁས་པ་མང་བོས་ཧ་ཅང་དོ་སྣང་བྱེད་བཞིན་པའི་སྒང་ཞིག་རེད། དེས་ན། བོད་པ་ཞིག་ཡིན་ཕྱིན་ནང་ཆོས་ལ་དད་པ་ཡོད་མེད་དེ་རང་དོན་ཡིན་པས་རང་གིས་ཐག་གཅོད་ཆོག་ཀྱང་། གཟི་འོད་འཕྲོ་བའི་རིག་གནས་ཤིག་ཡིན་པའི་ཆ་ནས་དེའི་རིན་ཐང་ཤེས་པར་བྱེད་རྒྱུ་དང་། སྲུང་སྐྱོབ། གཙིགས་འཛིན། ཞིབ་འཇུག རྒྱུས་ལོན། ཁྱབ་སྤེལ་སོགས་ལ་འབད་ཅིང་བརྩོན་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ་སྟེ། ང་ནི། བོད་ཀྱི་དགོན་སྡེའི་སློབ་གསོའི་དར་རྒུད་ནི་བོད་རིག་པའི་དར་རྒུད་དང་ཐད་གར་འབྲེལ་བ་ཡོད་པ་ཞིག་དང་། བོད་རིག་པའི་དར་རྒུད་དེ་འཛམ་གླིང་ཞི་བདེ་འབྱུང་མིན་ལའང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་ཞིག་རེད་སྙམ་མཁན་དང་དེ་ལྟར་རྒྱུན་དུ་གཞན་ལ་བརྗོད་མཁན་ཞིག་ཀྱང་ཡིན། སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ་མི་འདྲ་བས་ངས་ནང་ཆོས་ཀྱི་སློབ་གསོ་འདི་མི་སུ་ཡིན་ཡང་སེམས་ཀྱི་གསོས་སྨན་དུ་འགྱུར་ངེས་ཞེས་ཐག་གཅོད་མི་ཐུབ་ཀྱང་། ནང་ཆོས་རང་ངོས་ནས་བསམ་ན་ཡང་དག་པའི་སློབ་གསོ་ཞིག་དང་། གནས་ལུགས་དང་བདེན་པ་ཁོ་ན་སྟོན་པའི་ནང་སེམས་ཀྱི་ཚན་རིག་ངོ་མ་ཞིག་རེད་ཅེས་ཚིག་ཐག་ཆོད་པོས་བཤད་ཐུབ། ནང་ཆོས་ཀྱི་ངོ་བོ་དང་དགེ་མཚན་སོགས་ཀྱི་ཆ་ནས་ཧ་ཅང་མདོར་བསྡུས་ཤིག་ཞུས་ན་དེ་འདྲ་ཞིག་རེད་ལགས།Jhcརྗེ་ཙོང་ཁ་པའི་དྲ་བ།
        མདོ་འཛིན་པ། ཧ་ཅང་བཀའ་དྲིན་ཆེ། ངོ་མ་ཁ་གསལ་དོན་གསལ་ཞིག་གསུངས་ཐལ། འོན་ཀྱང་། ངས་མཚམས་འདིར་དྲི་བ་ཞིག་འདོན་འདོད་པ་ནི། གོང་དུ་དགེ་རྒན་ལགས་ཀྱིས། དགོན་སྡེའི་སློབ་གསོ་དེར་ལོ་རྒྱུས་ཀྱི་རང་བཞིན་དང་། སྒེར་ཚུགས་ཀྱི་རང་བཞིན་སོགས་མང་བོ་ཡོད་ཚུལ་གསུངས་པ་དེར་ད་དུང་གསལ་ཁ་ཞིག་བཏོད་ན་ཆོག་གམ།Jhcརྗེ་ཙོང་ཁ་པའི་དྲ་བ།

        ལྡོང་ཡོན་ཏན་རྒྱ་མཚོ། འོ་རེད། དེ་ཆོག་གི། ཞིབ་པར་བཤད་ན་ཅུང་འགོར་འགྲོ་རྒྱུ་རེད་དེ་ངས་ཚིག་སྣ་བསྡུ་ཅི་ཐུབ་བྱེད། དང་བོ། བོད་ཀྱི་དགོན་སྡེའི་སློབ་གསོ་ལ་ལོ་རྒྱུས་ཀྱི་རང་བཞིན་ཡོད་དེ། བོན་ཆོས་ཀྱི་ཆ་ནས་བཤད་ན་རྒྱལ་བོ་གཉའ་ཁྲི་བཙན་པོའི་ཡར་སྔོན་ཞིག་ནས་བོད་རང་སའི་མེས་པོ་རྣམ་དཔྱོད་ཅན་ཚོས་ས་བོན་ཙམ་དང་རྨང་གཞི་ཙམ་ཞིག་སྲོལ་བཏོད་བྱས་ཡོད་པར་མངོན་ལ། གཉའ་ཁྲིའི་སྐབས་ནས་བོན་ཤེས་པ་ཅན་བཅུ་གཉིས་བྱོན་པ་སོགས་ལ་དཔག་ན་འཕེལ་རྒྱས་སུ་འགྲོ་བའི་སྐབས་རེད། བཤད་ཚུལ་མི་མཐུན་པ་མང་ཡང་བོད་ཀྱི་ལོ་རྒྱུས་སྤྱི་འགྲོས་ལྟར་ན། རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོ་དང་དགུ་བ་སྤུ་དེ་གོང་རྒྱལ་གཉིས་ཀྱི་སྐབས་རྒྱ་གར་དང་སྟག་གཟིག་གི་མཚམས། ཡུལ་གྱུར་རྣ་བ་ཞེས་པ་ནས་འ་ཞའི་བོན་པོ་ཞིག་བྱུང་ནས། ལམ་ལམ་ནི་འབར། ཐོལ་ཐོལ་ནི་སྨྲ། གནམ་གྱི་ལྷ་མཆོད། སའི་འདྲེ་བརྡུང་། གཤིན་གྱི་གྲི་འདུལ། གསོན་གྱི་རིམ་གྲོ་བྱེད། རྡོ་ནག་པོ་ལྷུ་གདུམ་དུ་འབྲེལ་བ་ཞིག་བྱུང་བས་རྒྱལ་བོས་དེ་ལ་བླ་མཆོད་དང་བཀུར་སྟི་མཛད་པར་བཤད། གང་ལྟར་རྒྱུན་རིང་བའི་ལོ་རྒྱུས་ཁྲོད་བོན་ཆོས་ལའང་ལེགས་བཅོས་དང་འཕྲི་སྣོན་སོགས་གང་འཚམ་ཞིག་བྱས་འདུག་ལ། ལྷག་པར་དུ་ད་ལྟའི་བོན་ཆོས་ནི་བཤད་སྟངས་དང་ཐ་སྙད་མི་འདྲ་བ་ཙམ་ལས་ཕྱོགས་མང་བོ་ཞིག་ནས་ནང་ཆོས་དང་གཅིག་པ་ལྟ་བུར་གྱུར་ཡོད་པར་བདག་གིས་སྙམ་ལ། བོན་ཆོས་ཆེས་ཆེར་དར་བའི་སྐབས་ནི་རྒྱལ་བོ་གཉའ་ཁྲི་ནས་ཁྲི་ཐོག་རྗེ་བཙུན་བར་གྱི་གདུང་རབས་ཉེར་བདུན་གྱི་རིང་ཡིན་ཏེ། ང་ཚོའི་ལོ་རྒྱུས་ཁྲོད་གདུང་རབས་ཉེར་བདུན་གྱི་རིང་ལ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་ཡང་ཡང་འབྱུང་བ་ལྟར་རེད། ངས་དེ་ནི་བོན་སྲིད་ཟུང་འབྲེལ་གྱི་དུས་སུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ནས་ནང་ཆོས་ཀྱི་ལོ་རྒྱུས་རེད། འདིར་མང་བོ་བཤད་མི་དགོས་མོད། སྤྱི་བམ་ཙམ་བཤད་ན། ནང་བསྟན་ཆོས་ལུགས་བོད་ལ་དར་བ་ནི། རྒྱ་གར་གྱི་གནའ་བོའི་རིག་གནས་བདག་མེད་ཅིག་བོད་ལ་འཁྱར་ཡོང་བའམ། ཁུངས་མེད་ལུང་མེད་ཀྱི་གཞན་གྱི་རིག་གནས་ཤིག་ལ་བོད་ཀྱིས་ཨ་གསར་བྱས་པ། བོད་ཀྱི་རྒྱལ་བོ་ན་རིམ་གྱིས་རང་རང་གི་སྲིད་དབང་བརྟན་པའི་ཆེད་དུ་ནང་འདྲེན་བྱས་ཏེ་བོད་མི་རྣམས་ཀྱི་མགོ་རྨོངས་པར་བྱས་པ་དེ་འདྲ་ཞིག་རྩ་བ་ནས་མ་རེད། ད་སྐབས་འདི་ལྟར་འདོད་མཁན་དང་བརྗོད་མཁན་རེ་འགའ་ཡོད་མོད། དོན་དམ་པར་ནང་ཆོས་བོད་ལ་དར་བ་ནི་ཆོས་ཀྱི་དགོངས་དོན་ལྟར་བཤད་ན་རྒྱལ་བ་རྒྱལ་སྲས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་ཞིང་བོད་འབངས་ཀྱི་བསོད་ནམས་ཁྱད་པར་བ་མངོན་དུ་གྱུར་བ་ཞིག་ཡིན་ལ། མིའི་རིགས་ཀྱི་ལོ་རྒྱུས་རིག་པ་ལྟར་བཤད་ན། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསམ་བློའི་དགོས་མཁོ་ལྟར་བོད་ལ་ངང་ངམ་ཤུགས་ཀྱིས་གོས་ལ་སྣུམ་དང་རྩྭ་སྐྱར་མེ་ཤོར་བ་བཞིན་འགོག་མེད་དུ་ཐོན་ཞིང་དར་བ་ཞིག་སྟེ། སྟབས་བདེར་བརྗོད་ན་བོད་རང་ལ་སྔར་ཡོད་རིག་གནས་ཙམ་གྱིས་སེམས་ཀྱི་དགོས་མཁོ་ཡོངས་སུ་བསྐང་མ་ཐུབ་པའི་རྒྱུ་མཚན་གྱིས། དཀའ་ཚེགས་དང་འགལ་རྐྱེན་སོགས་གང་ལའང་མ་འཛེམ་པར་རིམ་གྱིས་རིམ་གྱིས་མ་ལག་ཆ་ཚང་བའི་ནང་བསྟན་ཆོས་ལུགས་འདི་བོད་ལ་ནང་འདྲེན་བྱས་པ་ཞིག་རེད། མདོ་འཛིན་པས་མཁྱེན་གསལ་ལྟར། ད་ལྟའི་ནང་བསྟན་ཆོས་ལུགས་འདི་ནི་གནས་བརྟན་སྡེ་བའི་ལུགས་ལྟར་བཤད་ན། མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ལྷག་གི་ཡར་སྔོན་དུ་གནའ་བོའི་ཤེས་རིག་གི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ནས་དབུ་བརྙེས་ཤིང་། རིམ་གྱིས་རྒྱ་གར་རང་དང་། བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས། སིང་ག་ལའི་ཡུལ། ལོ་སི། ཐེ་ལན། འབར་མ། ཁམ་ཕུ་ཊེ། ཤམ་བྷ་ལ། ལི་ཡུལ། རྒྱ་ནག སོག་པོ། ཐེ་ཝེ་ནམ། ༼Viet Nam; ༽ཡོན་ནན་ཏེ་རིགས་ས་ཁུལ། ཧིན་རྡུ་ཉི་ཞི་ཡ། ཁོ་རེ་ཡ། འཇར་པན་སོགས་ཡ་གླིང་སྐམ་ས་ཆེན་པོའི་ཁྱོན་དང་། དུས་རབས་བཅོ་བརྒྱད་པའི་ནང་ཙམ་ནས་ནུབ་ཕྱོགས་དབྱིན་ཇི་དང་། འཇར་མན། ཧྥ་རན་སི། དབྱི་ཏ་ལི། ཨ་མེ་རི་ཁ་སོགས་སུ་ཉི་མའི་འོད་སྣང་ཇི་བཞིན་རྒྱ་ཁྱབ་ཏུ་དར་ཞིང་དང་ལེན་བྱས་ཚུལ་སོགས་མང་དུཡོད་ཀྱང་། དེ་རིང་ངེད་གཉིས་ཀྱི་གླེང་གཞི་ནི་བོད་ཀྱི་དགོན་སྡེའི་སློབ་གསོ་སྟེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡིན་པས། བོད་ལ་ནང་ཆོས་ཇི་ལྟར་འཕེལ་ཞིང་རྒྱས་པའི་ཚུལ་ཙམ་བརྗོད་རྒྱུ་ནི་སྐབས་བབས་ཀྱི་དྲིས་ལན་ངོ་མ་དེ་རེད། གནས་བརྟན་སྡེ་བའི་ལུགས་ལྟར་ན། སྤྱི་ལོ་སྔོན་གྱི་ལོ ༥༤༤ ལོར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མྱ་ངན་ལས་འདས་པའི་ཚུལ་བསྟན་རྗེས་སྟོན་པའི་གཏད་རབས་བདུན་དང་འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ཆེས་ཆེར་དར་བར་མཛད་ཀྱང་དུས་ཀྱི་འཕོ་འགྱུར་དང་། ཆོས་ལུགས་རྩོད་འཁྱེར་སོགས་ཀྱི་དབང་གིས་བར་སྐབས་ཤིག་ནས་ཉམས་རྒུད་ཀྱི་ཕྱོགས་སུ་ལྷུང་བ་བདེན་མོད། འོན་ཀྱང་ནང་ཆོས་བོད་ལ་དར་བའི་དུས་དེར་རྒྱ་གར་རང་ནའང་རྒྱལ་བསྟན་ཉི་མ་ཤར་ཤར་བྱེད་པའི་དུས་ཡིན་པས། རྒྱ་གར་བར་མཁོ་མེད་དང་རྙིང་རལ་དུ་གྱུར་བའི་རིག་གནས་ཤིག་བོད་ཀྱིས་གླེན་རྟགས་བསྟན་ཏེ་ནང་འདྲེན་བྱས་པ་དེ་འདྲ་ཞིག་རྩ་བ་ནས་མ་རེད། གང་ལྟར་བོད་ཀྱི་ཡུལ་འདིར་ཁྲི་ཐོག་རྗེ་བཙུན་དང་། རུ་ཡོང་བཟའ་སྟོང་རྒྱལ་ན་མོ་མཚོའི་སྲས་སུ་སྤྱི་ལོ་༢༥༥ལོར་འཁྲུངས་པར་གྲགས་པའི་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་སྟེ་སྤྱི་ལོ་༣༣༣ལོ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཞིག་ཡིན་འདུག དབུ་བརྙེས་ཟེར་བ་དེ་ཡང་དཔང་སྐོང་ཕྱག་རྒྱ་བ་ཞེས་ཕྱིས་སུ་ཐོན་མིས་བོད་སྐད་དུ་བསྒྱུར་ཞིང་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པ་དེ་དང་། གསེར་གྱི་མཆོད་རྟེན་ཞིག མདོ་སྡེ་ཟ་མ་ཏོག་གི་སྙིང་བོ་ཡི་གེ་དྲུག་མ། ཙིན་དྷ་མ་ཎིའི་སྤོས་ཕོར་ཞེས་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བསྐོས་ཕོར་སཙྪ་དཔར་རྒྱག་བྱེད་ཅིག་བཅས་ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་ཏུ་ནམ་མཁའ་ལས་བབ་ཀྱང་ཟེར་ལ། པཎྜི་ཏ་བློ་སེམས་མཚོ་དང་ལོ་ཙཱ་བ་ལི་ཐེ་སེ་ཟེར་བ་གཉིས་ཀྱིས་ཁྱེར་ཡོང་སྟེ་རྒྱལ་བོར་ལེགས་སྐྱེས་སུ་ཕུལ་ཞེས་ཀྱང་འབྱུང་། གང་ལྟར་རྒྱལ་བློན་སོགས་ཀྱིས་དེའི་དོན་མ་གོ་ཡང་ཡ་མཚན་དུ་བཟུང་སྟེ་གཉན་པོ་གསང་བར་བཏགས་ཞེས་ལོ་རྒྱུས་རྣམས་སུ་འབྱུང་ཡང་དོན་གྱིས་དུས་དེར་བོན་ཆོས་ཀྱི་ཤུགས་ཧ་ཅང་ཆེ་སྒང་ཡིན་པས་མངོན་གསལ་དུ་ཁྱབ་སྤེལ་བྱེད་པའི་མཐུན་རྐྱེན་མ་ཚང་བ་ཡིན་ནམ་སྙམ་སྟེ། དུས་དེ་ནས་རྒྱལ་རབས་ལྔའི་རིང་ལ་དངོས་སུ་ལག་ལེན་སོགས་མ་བྱས་པ་དེ་ཡང་རྒྱུ་མཚན་གཙོ་བོ་ཞིག་དང་དཔྱད་གཞི་གལ་ཆེན་ཞིག་རེད། ཕྱིས་སུ་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་རིང་སློབ་དཔོན་ཐོན་མི་སོགས་ཀྱིས་དམ་པའི་ཆོས་གཞུང་མང་བོ་བོད་སྐད་དུ་བསྒྱུར་བར་མ་ཟད། ལོ་པཎ་དང་ཕྱི་ཡུལ་གྱི་ནང་བའི་དགེ་སློང་དུ་མ་བོད་དུ་གདན་དྲངས་ཏེ་མཆོད་བཀུར་བྱས་པ། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་པ། གོས་དཀར་ལྕང་ལོ་ཅན་མང་བོས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཉམས་ལེན་བྱས་པ། བོད་ཁམས་ཡོངས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལ་གནས་པ། ལྷ་སྐལ་ཐུགས་རྗེ་ཆེན་པོ་དང་མ་ཎི་ཡི་གེ་དྲུག་མའི་བཟླས་བརྗོད་ལ་བརྩོན་པ་སོགས་ནང་ཆོས་ཀྱི་གཞི་རྐང་དངོས་སུ་བོད་ལ་ཚུགས། ལྷག་པར་དུ་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ནས་སད་མི་མི་བདུན་རབ་ཏུ་བྱུང་ཞིང་། བསམ་ཡས་གཙུག་ལག་ཁང་གིས་གཙོས་ཁམས་ཡས་མས་སུ་ཆོས་གྲྭ་ཆེན་མོ་བཅུ་གཉིས་དང་། ཡེར་བ་དང་མཆིམས་ཕུར་སྒོམ་གྲྭ་བཙུགས་པ་སོགས་ཀྱིས་མཚོན།Jhcརྗེ་ཙོང་ཁ་པའི་དྲ་བ།

        རྒྱལ་རབས་དང་དུས་རབས་རིམ་པར་འཕེལ་རྒྱས་བྱུང་སྟེ། བོད་མདོ་དབུས་ཁམས་གསུམ་དང་ཆེན་པོ་ཧོར་གྱི་ཡུལ་སོགས་སུ་དགེ་འདུན་པའི་སྡེ་གྲངས་མཐའ་མེད་པ་ལྟ་བུ་ཚུགས་ཤིང་། གྲུབ་མཐའ་མི་འདྲ་བ་དུ་མར་གྱེས། དེ་ལྟར་ནང་ཆོས་ཀྱི་སློབ་གསོ་ཆ་ཚང་བ། གྲ་མ་ཉམས་པ། གྲུ་མ་ཞིག་པའི་ངོ་བོར་འཕེལ་རྒྱས་བྱུང་ལ། ད་སྐབས་རྒྱལ་ཁབ་བརྒྱད་ཅུ་ལྷག་ལ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའམ་ཐེབས་རྩ་ཚོགས་པ། མཐུན་ཚོགས། སློབ་གྲྭ། ཞིབ་འཇུག་གི་ལྟེ་གནས་བཙུགས་པ་སོགས་མང་བོ་ཡོད་ཀྱང་འདིར་རྒྱས་པར་གླེང་ལོང་མི་འདུག་པས་དེ་ཙམ་བྱ། གཉིས་པ། དགོན་སྡེའི་སློབ་གསོ་ལ་སྒེར་ཚུགས་ཀྱི་རང་བཞིན་ཡོད་མེད་དེ་རེད། ངས་གོང་དུ་བཤད་ཟིན་པ་ལྟར་ནང་བསྟན་ཆོས་ལུགས་སམ་དགོན་སྡེའི་སློབ་གསོ་ནི་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་གྱིས་བསྡུས་པ་ཤིག་ཡིན་ལ། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞིག་ཅིས་ཀྱང་ཡིན་དགོས་པས། རྣམ་བཞག་འདི་དག་ཐེག་ཆེན་ཐེག་དམན། རྒྱ་བརྒྱུད་དང་བོད་བརྒྱུད། ལྷོ་བརྒྱུད་སོགས་ནང་བསྟན་པ་སུ་ཡིན་ཡང་ངེས་པར་དུ་ཁས་ལེན་ཞིང་ཉམས་བཞེས་སུ་བསྟར་བ་ཞིག་ཡིན་ཏེ། ནང་བའི་ཆོས་གཞུང་དུ་བྱམས་དང་སྙིང་རྗེ། ལས་རྒྱུ་འབྲས། དགེ་སྡིག་སྤང་བླང་། སྤྱོད་པ་འཚེ་མེད་བྱེད་དགོས་པ་སོགས་ཤུགས་ཆེན་པོས་གསུང་བཞིན་ཡོད། དེ་དག་ཀྱང་མཐར་གཏུགས་ན་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བའི་སྒོ་ནས་ལེགས་པར་སྒྲུབ་ཐུབ། ལྟ་བ་འདི་ཁས་མི་ལེན་པའི་ནང་བ་བ་ཞིག་མེད་ལ། ནང་ཆོས་ལས་གཞན་ཆོས་ལུཊ་གྲུབ་མཐའ་ཁག་གང་ལའང་ལྟ་བ་འདི་འདྲ་ཞིག་མེད་པས་ནང་བའི་ཐུན་མིན་གྱི་ཁྱད་ནོར་ཁོ་ན་ཡིན་འདུག ཡང་ནང་བ་བས་འཇིག་རྟེན་བཀོད་པ་བོ་མི་འདོད་ཅིང་། རྟག་གཅིག་རང་དབང་ཅན་གྱི་བདག་ཟེར་བ་ཞིག་ཀྱང་ཁས་མི་ལེན་པར། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ལྟ་སུ་ཞིག་མགོན་དུ་བགྱིད། །ཅེས་པའི་ལེགས་བཤད་དང་ལམ་ཕྱོགས་དམིགས་སུ་བཟུང་སྟེ་མཐར་ཐུག་གི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྙེག་གིན་ཡོད། དེ་རིང་ངེད་གཉིས་ཀྱི་གླེང་གཞི་གཙོ་བོ་བོད་ཀྱི་དགོན་སྡེའི་སློབ་གསོ་རེད། འོ་ན་བོད་ཀྱི་དགོན་སྡེའི་སློབ་གསོ་ལ་སྒེར་ཚུགས་ཀྱི་རང་བཞིན་ཇི་འདྲ་ཞིག་ཡོད་ཅེ་ན། ལྟ་སྒོམ་དང་མཐར་ཐུག་གི་བསྙེག་བྱའི་གོ་འཕང་སོགས་ཀྱི་སྟེང་དུ་བོད་ཀྱི་དགོན་སྡེའི་སློབ་གསོ་ལ་ནང་བའི་ཆོས་ཀྱི་དགོངས་དོན་དང་མི་འདྲ་བའི་སྒེར་ཚུགས་ཀྱི་རང་བཞིན་དང་ཁྱད་པར་ཅི་ཡང་ཡོད་མི་སྲིད་ལ་ཡོད་ཀྱང་མི་རུང་མོད། ཆོས་ལུགས་གང་ལའང་སྙིང་བོའི་ཆ་གཅིག་དང་། ལམ་དང་ལུགས་སྲོལ་གྱི་ཆ་བཅས་གཉིས་ཡོད་པས། ཕྱི་མ་འདི་ལ་མཚོན་ན་བོད་ཀྱི་དགོན་སྡེའི་སློབ་གསོར་ཡང་བོད་ཀྱི་ཁྱད་ཆོས་དང་ལྡན་པའི་སྒེར་ཚུགས་ཀྱི་ཆ་དུ་མ་ཞིག་ཡོད་དེ། དཔེར་ན། རྒྱུད་སྡེ་བཞིས་བསྡུས་པའི་ཆོ་ག་གྲངས་ལས་འདས་པ། རྩོད་པ་བྱེད་སྟངས་དང་ཚོགས་འཚོག་ཚུལ། ཆོས་ཐོག་གི་རྣམ་གྲངས་དང་དུས་ཡུན་སོཊ་ལ་ཁྱད་པར་ཆེ་བ། དབང་ལུང་མན་ངག་གི་བརྒྱུད་པ་མ་ཉམས་ཤིང་དེ་དག་གལ་གནད་དུ་འཛིན་པ། ཐོས་བསམ་སྒོམ་གསུམ་གཙོ་བོར་འཇོག་པ། མདོ་རྒྱུད་གཉིས་ཀའི་བཤད་སྒྲུབ་གྲ་མ་ཉམས་ཤིང་གྲུ་མ་ཞིག་པ། ཆོས་ཕྱོགས་ཀྱི་ཐ་སྙད་ཕུན་སུམ་ཚོགས་པ། ལོ་ཙཱ་བའི་འགྱུར་རྣམས་དོན་ལ་གཞོལ་ཞིང་གོ་བདེ་བ། ཚིག་ཚོགས་ཉུང་ཞིང་བོད་རང་སྐད་ཀྱི་ཆོས་ཉིད་མ་བོར་བ། སྡེ་སྡོད་གསུམ་གྱིས་བསྡུས་པའི་གཞུང་ལུགས་གསར་རྩོམ་དང་འགྲེལ་བ་ཡང་འགྲེལ་སོགས་ཀྱི་གྲངས་དང་ཁྱད་ཆོས་འཛམ་གླིང་གི་ཡང་རྩེར་སོན་པ། གཞུང་ལུགས་ཀྱི་ཁྲིད་ཐབས་དང་སློབ་སྦྱོང་གི་བྱེད་ཐབས། སློབ་གཉེར་གྱི་གོ་རིམ་སོགས་ལེགས་ཤིང་དགེ་མཚན་ཆེ་བ། སྐུ་ཡོན་ལ་གཞིགས་ཏེ་མཚན་དང་གོ་གནས་སྩོལ་ཚུལ་མང་བ། ནང་ཆོས་གཅིག་པུ་མ་ཡིན་པར་ཤེས་བྱའི་གནས་གང་ལའང་སྦྱོང་ཞིང་ཞིབ་འཇུག་བྱེད་པ། སྡོམ་རྒྱུན་གཙང་བ། མ་ཆད་པ། མ་བསླད་པ། མ་བཅོས་པ། རས་བྲིས་དང་རྡུལ་ཚོན། བློས་བསླངས་སོགས་ཀྱི་དཀྱིལ་འཁོར་སྣ་ཚོགས། ཞི་རྒྱས་དབང་དྲག་དང་མཆོད་རྟེན་རྣམ་བརྒྱད་སོགས་ཐིག་རྩས་གཏན་ལ་འབེབ་ཅིང་བཞེངས་བསྐྲུན་བྱེད་པའི་སྒྱུ་རྩལ་གྱི་ཚད་མཐོ་བ། འབུད་རྡུང་དཀྲོལ་གསུམ་སྣ་ཚོགས་པ། མཆོད་ཆ་དང་མཆོད་རྫས་ཀྱི་བྱེ་བྲག་གྲངས་ལས་འདས་པ། དབྱངས་བར་རྟ། གཏོར་མ་དང་མེ་རི་བཅའ་བཟོར་དབྱིབས་དང་ཁ་དོག་ཇི་སྙེད་ཡོད་པ། རྟེན་ལ་གཟུངས་འཇུག་འབུལ་བ། རབ་གནས་ཀྱི་ཆོ་ག་རྒྱས་པ། རྒྱ་གར་དུ་གནམ་གཤིས་དྲོད་ཚད་ཆེ་བས་དབྱར་གནས་ཟླ་བ་གསུམ་ལ་བཞུགས་དགོས་ཀྱང་བོད་དུ་ཟླ་གཅིག་དང་ཕྱེད་ཀྱིས་ཆོག་པ་ལྟ་བུ་འདུལ་བ་ཡུལ་དུས་དང་བསྟུན་ཤེས་པ། དགེ་འདུན་པ་ཁྱུ་དང་ཁྱུ་བྱས་ནས་བསོད་སྙོམས་ལ་ཕེབས་སྲོལ་ཉུང་ཞིང་གཏན་འཁེལ་གྱི་བཞུགས་གནས་ཡོད་ཆོག་པ་ལྟ་བུ་མི་རིགས་གོམས་སྲོལ་ལ་བར་ཐག་ཉེ་བ། དགེ་བའི་འགྱུར་ཁྱད་ཆེ་བའི་ནང་བའི་དུས་ཆེན་མང་བ། གར་དང་འཆམ། ལྷ་གསོལ་འདྲེ་འདུལ་གྱི་བྱེད་སྒོ། ལབ་ཙེ་བརྩིགས་པ། བསང་གཏོང་བ། དགྲ་ལྷ་དཔང་བསྟོད་བྱེད་པ། རི་བྲག་མཚོ་གཤོང་དག་ཏུ་བུམ་གཏེར་འཇོག་པ། གཡང་འགུགས་པ། བགེགས་བསྐྲད་པ། མོ་འདེབས་པ། ལྷ་འབེབས་པ། རྩིས་རྒྱག་པ། གཟུངས་ཀྱི་འཁོར་ལོ་བསྐོར་བ། དར་ལྕོག་འཛུགས་པ། ས་རྡོ་ཤིང་ལྕགས་དང་གོས་རས་སྣ་ཚོགས་ཀྱི་སྟེང་དུ་གཟུངས་སྔགས་དཔར་ཏེ་འཕྱར་བ། དགེ་འདུན་པའི་ན་བཟའི་དབྱིབས་དང་ཁ་དོག་མི་མཚུངས་པ། དེ་མནབས་ཚུལ་མི་འདྲ་བ། ལྷ་ཁང་འདུ་ཁང་དང་སྐུ་བརྙན་བཞེངས་སྟངས། ཡི་དམ་ཆོས་སྐྱོང་དང་ཡུལ་ལྷ་གཞི་བདག་མཆོད་གསོལ་བྱེད་ཚུལ། ཐ་ན་ཕྱག་འཚལ་ཚུལ་དང་མཆོད་པ་འབུལ་སྟངས་སོགས་ཀྱི་སྟེང་དུའང་གཞན་དང་ཐུན་མོང་མིན་པའི་བོད་རང་གི་ཁྱད་ཆོས་ཤིག་གི་གཟི་མདངས་གསལ་ལེར་མངོན་ནས་ཡོད་དེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས།  སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད། ཡུལ་མིའི་ཆས་དང་སྲོལ་ལུགས་གཞན་ནི་བྱང་མཐའ་དང་ལྷོ་མཐའི་ལུང་ཁུག་འགོལ་བོ་དག་ན། ད་ལྟ་ཡང་སྔོན་གྱི་མིའི་སྐུ་བརྙན་གསོན་པོ་མང་དུ་བཞུགས་འདུག་པ་དེ་དག་ལ་དངོས་སུ་མཇལ་བས་ཤེས། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་བོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད་ཀྱི། རྒྱ་གར་གྱི་གང་གཱའི་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྤོམ་རས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཞེས་དང་། ༧ གོང་ས་སྐྱབས་མགོན་ཆེན་པོའི་གྲུབ་མཐའ་རིན་ཕྲེང་གི་བཀའ་ཁྲིད་ལས། ཆོས་ལུགས་གང་ཞིག་ཡིན་ནའང་། ཆོས་ལུགས་དེ་ཡོད་སའི་ལུང་བའི་གོམས་སྲོལ་དང་འབྲེལ་བ་དམ་ཟབ་ཆགས་ཡོད། ཅེས་གསུངས་པ་ལྟར་བྱེད་སྒོ་སོགས་ལ་ལ་ཞིག་བོད་པའི་གོམས་སྲོལ་དག་དང་ཁད་ཀྱིས་འདྲེས་པའང་ཡོད་དེ། བོད་བརྒྱུད་ནང་བསྟན་ལ་བོད་ཀྱི་གོམས་སྲོལ་སོགས་ཀྱི་ཁྱད་ཆོས་ཡོད་པ་ནི་མང་དུ་སྨྲ་མི་དགོས་པའི་དངོས་ཡོད་གནས་ཚུལ་ཞིག་རེད་ལགས། ཡ་དེ་ནས། གསུམ་པ། ནང་བསྟན་སློབ་གསོ་ལ་མི་རིགས་ཀྱི་རང་བཞིན་ཡོད་མེད་དེ་རེད།Jhcརྗེ་ཙོང་ཁ་པའི་དྲ་བ།

        སྤྱིར་ནང་བསྟན་སློབ་གསོ་ནི་འགྲོ་བ་མི་ཙམ་མ་ཟད་དབུགས་ལྡན་སྐྱེ་འགྲོ་ཡོད་དོ་ཅོག་གི་སྤྱི་ཆོས་ཤིག་ཡིན་ལ། འཛམ་བུའི་གླིང་ན་ཆེས་འདྲ་མཉམ་གྱི་ཆོས་ལུགས་ཉག་གཅིག་པུ་དེ་ཡང་ནང་ཆོས་ཡིན། ནང་ཆོས་པའི་འགན་ཁུར་དང་དམིགས་ཡུལ་ཡང་རང་གཅིག་བུ་མ་ཡིན་པར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཡོངས་རྫོགས་སྡུག་བསྔལ་ལས་དྲངས་ཏེ་མཐར་ཐུག་གི་བདེ་བར་འགོད་རྒྱུ་དེ་རེད། དེའི་ཕྱིར་ནང་བསྟན་སློབ་གསོས་མི་རིགས་དང་རྒྱལ་ཁབ་དབྱེ་འབྱེད་མི་བྱེད་ལ། ནང་བསྟན་པས་དབུལ་ཕྱུག་དང་བཙན་གཉོམ་སོགས་ལ་ལྟོས་ཏེ་སེམས་བསྐྱེད་དང་ཕན་བདེ་བསྐྲུན་ཚུལ་སོགས་ལ་ཁྱད་པར་ཡང་གཏན་ནས་མི་དགར་མོད། རྒྱལ་ཁབ་དང་མི་རིགས་རང་ངོས་ནས་ནང་ཆོས་ལ་མི་རིགས་ཀྱི་རང་བཞིན་སོགས་དགར་བཞིན་ཡོད་ལ་དགར་ཀྱང་ཆོག་པར་སྙམ་སྟེ། དཔེར་ན། བོད་དང་སོག་པོ། རྒྱ་ནག་སོགས་ལོ་རྒྱུས་ཀྱི་འཁོར་བསྐྱོད་དང་མེས་པོའི་སེམས་ཀྱི་འཁྱེར་སོ་ལས་ནང་བསྟན་པ་ཡིན་ལ། སིང་ག་ལ་དང་། ཐེ་ལན་ཊ། སེང་ག་ཕོར། ཁོ་རེ་ཡ་ལྷོ་མ། འཇར་པན་སོགས་རྒྱལ་ཁབ་རང་བཞིན་གྱི་ནང་ཆོས་པའང་ཤིན་ཏུ་མང་། འོན་ཀྱང་འདི་ནི་ངས་ལོ་རྒྱུས་དང་སྤྱི་ཡོངས་ལ་བསམ་ཏེ་བཤད་པ་ལས། གོང་གསལ་མི་རིགས་དང་རྒྱལ་ཁབ་ཀྱི་མི་ཚང་མ་གཅིག་ཀྱང་མ་ལུས་པས་ངེས་པར་དུ་ནང་ཆོས་ལ་དད་པ་བྱེད་དགོས་ཞེས་ཨུ་ཚུགས་བརྒྱབ་པ་མིན། སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ་མི་འདྲ་བས་ཡོད་ཚད་ལ་ཆོས་ལུགས་གཅིག་དང་དད་པ་གཅིག་ཅེས་པ་ནི་དོན་འབྲས་ཀྱིས་སྟོང་བའི་རྨི་ལམ་ཞིག་རེད། ཆོས་ལུགས་གཅིག་དང་དད་པ་གཅིག་ཅེས་པ་ནི་སོ་སོའི་ཆོས་ལུགས་ཀྱི་ནང་ཁུལ་དང་མི་སྒེར་ངོས་ནས་གླེང་རྒྱུ་ཞིག་རེད་ལ་ངེས་པར་དེ་ལྟར་ཡིན་དགོས་པ་ཞིག་ཀྱང་རེད། འདི་ནི་དོན་དག་གཞན་ཞིག་རེད། རང་གི་ཆོས་ལ་རྩེ་གཅིག་པའི་དད་པ་དང་གཞན་གྱི་ཆོས་ལ་བཅོས་མིན་གྱི་གུས་བཀུར་བྱེད་ཐུབ་ན་ཆོས་ལུགས་གཅིག་དང་དད་པ་གཅིག་ཅེས་པའི་ཁ་གཡང་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་དགེ་མཚན་དང་ཕན་པ་ཆེན་པོ་འདུག ཆོས་ལུགས་མི་འདྲ་བ་མང་བོ་ནི་མིའི་བསམ་བློའི་དགོས་མཁོ་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་དད་པ་ཡོད་མིན་ལ་མ་ལྟོས་པར་བརྩི་བཀུར་བྱེད་རྒྱུ་ནི་གནས་ལུགས་དང་དོན་སྙིང་ཡོད་པ་ཞིག་རེད་སྙམ། ད་ལྟའི་སྐད་ཆ་བཞིན་བཤད་ན་ལྟ་བ་མཉམ་གནས་ཞེས་པའང་འདི་ལས་གཞན་ཞིག་གང་ན་ཡོད། འདི་ནི་ཞོར་འཕྲོས་ཙམ་ཡིན། འོ་དེ་ནས་ཁྱོད་ཀྱི་དྲི་བའམ་ངའི་བསམ་ཚུལ་བཞི་བ་ཐུན་མིན་བློ་རྩལ་གྱི་རང་བཞིན་ཞེས་པ་དེ་རེད། ད་ལྟ་དགོན་སྡེའི་སློབ་གསོ་སྤྱི་དང་ཁྱད་པར་བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་ཞེས་འབོད་བཞིན་པ་དེ་ནི་ནང་ཆོས་ཁོ་ན་མ་རེད་ཅེས་ངས་སྔར་ཡང་བཤད་ཟིན། ནང་ཆོས་སློབ་གསོ་དང་བོན་ཆོས་སློབ་གསོ་སོགས་གང་ཡིན་ཡང་ཐུན་མིན་བློ་རྩལ་གྱི་ཁྱད་ཆོས་ཆེན་པོ་རེ་ཡོད་དེ། ནང་བའི་བསྟན་པ་འདིའི་དབང་དུ་བྱས་ན། མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་དང་བོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ། འདུལ་བ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་བོ་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། ། སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་གསུངས་པ་ལྟར། གྲངས་མེད་དང་བོར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ནས་ཡུལ་འཁོར་སྐྱོང་གི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་དང་། གྲངས་མེད་གཉིས་པར་ལེགས་མཛད་ནས་དབང་བོ་རྒྱལ་མཚན་གྱི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་། གྲངས་མེད་གསུམ་པར་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་ཞིང་མཆོད་པས་མཉེས་པར་མཛད་དེ་ཚོགས་གཉིས་བར་མ་ཆད་དུ་བསགས། མཐར་གཟིགས་པ་ལྔའི་སྒོ་ནས་འཇིག་རྟེན་འདིར་བྱོན་ཏེ། འཇིག་རྟེན་འདི་ན་ང་ཉིད་མཆོག་གོ་ཞེས་སེང་གེའི་སྒྲ་དབྱངས་ཆེན་པོ་བསྒྲགས། བཟོ་དང་རྩིས་སོགས་རིག་པའི་སྒྱུ་རྩལ་སྣ་ཚོགས་ལས་རྣམ་པར་རྒྱལ། འཇིག་རྟེན་སྤྱོད་པ་དང་མཐུན་པར་གྲགས་འཛིན་མ་སོགས་བཙུན་མོ་མང་བོ་ཡང་ཁབ་ཏུ་བཞེས་མོད་མཐར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་གཟིགས་ཏེ་མི་བཟོད་པའི་རྣམ་པས་རང་གི་དབུ་སྐྲ་རང་གིས་བཅད་དེ་རང་བྱུང་གི་སྒོ་ནས་རབ་ཏུ་བྱུང་། ཕྱི་རོལ་དྲང་སྲོང་ས་ཡ་ཕྲག་བཞི་འདུལ་བ་སོགས་དགོས་པ་དུ་མར་དམིགས་ཏེ་དཀའ་ཐུབ་དྲག་པོ་ལོ་དྲུག་ལ་སྤྱད་མཐར་སྐུའི་གཟི་མདངས་བསྐྱེད་ནས། རྡོ་རྗེ་གདན་གྱི་སྤོ་ལ་རྩྭའི་གདིང་བ་བཏིང་བའི་སྟེང་སྐྱིལ་མོ་ཀྲུང་གིས་འཁོད་དེ། སྟན་འདིར་བདག་གི་ལུས་པོ་སྐམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅས། སྲོད་ལ་བདུད་བཏུལ། གོང་ལ་མཉམ་པར་བཞག ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན། བདུན་ཕྲག་བདུན་མཐར་བཀྲ་ཤིས་པའི་ཚིགས་བཅད་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་ཀྱང་། བྱང་ཆུབ་སེམས་དཔའ་དང་ཚངས་པ་བརྒྱ་བྱིན་སོགས་ཀྱིས་ཆོས་འཁོར་བསྐོར་བར་ཡང་ཡང་བསྐུལ་བས། བཅོམ་ལྡན་འདས་ཀྱིས། བདུད་རྩིའི་སྒོ་མོ་དག་ནི་དབྱེ་བར་བྱ། །ཉན་པར་སུ་འདོད་སོམ་ཉི་གསོལ་ཅིག་དང་། །ཞེས་སོགས་གསུངས་ཏེ་ཆོས་གསུངས་པར་ཞལ་གྱིས་བཞེས། དགུང་ལོ་སོ་ལྔ་བར་ཝཱ་ར་ཎཱ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བཀའ་དང་བོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང་། དེའི་རྗེས་སུ་བྱ་རྒོད་ཕུང་བོའི་རིར་བྱང་ཆུབ་སེམས་དཔའ་དང་ལྷ་མི་གྲངས་ལས་འདས་པར་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་ཞིང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཆོས་ཤེར་མདོ་གསུངས་ཏེ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བར་མ་ཟད། ཡུལ་གཞན་དང་གཞན་དུ་དེའི་སྡེར་གཏོགས་ཏིང་ངེ་འཛིན་རྒྱལ་བོའི་མདོ་དང་། སངས་རྒྱས་ཕལ་བོ་ཆེ། དཀོན་བརྩེགས་སོགས་མདོ་མཐའ་ཡས་པ་གསུངས། དེ་དག་གི་རྗེས་སུ་དུས་ངེས་པ་མེད་པར་ཡུལ་བྱང་ཆུབ་སྙིང་བོ་ཡངས་པ་ཅན་སོགས་སུ་བྱང་ཆུབ་སེམས་དཔའ་གྲངས་མེད་པར་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གྱི་རྣམ་བཞག་གཙོ་བོར་སྟོན་པའི་མདོ་སྡེ་ལང་ཀར་གཤེགས་པ་སོགས་གསུངས་ཏེ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། མདོར་ན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་མདོ་སྔགས་གཉིས་ཀྱིས་བསྡུས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་སྐབས་དེའི་ཕྱི་རོལ་བའི་གྲུབ་མཐའ་གཞན་དག་ལ་ལད་བཟློས་དང་དེ་དག་གི་སྟོན་པའི་བཤད་སྒྲོས་ལ་འཕྲི་སྣོན་བྱས་པ་སོགས་གང་ཡང་མ་ཡིན་པར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་མཁྱེན་པས་ཇི་བཞིན་གཟིགས་ཤིང་བརྩེ་བས་གདམས་པ་ཤ་སྟག་ཡིན་པས་ནང་བའི་བསྟན་པར་ཐུན་མིན་བློ་རྩལ་གྱི་ཁྱད་ཆོས་དང་ལྡན་པ་སྨྲོས་མེད་ཡིན་ལ། ནང་བའི་གྲུབ་མཐའ་བཞི་ལས་བྱེ་མདོ་གཉིས་ནི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ད་བར་དུ་མ་ཉམས་པར་གནས་པས་ཤིང་རྟའི་སྲོལ་འབྱེད་ལོགས་སུ་མ་བྱོན་ལ། སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཡས་མས་༼ཁོང་གི་འཁྲུངས་འདས་ཐད་ལ་བཞེད་པ་མི་མཐུན་པ་ཤིན་ཏུ་མང་བོ་ཡོད།༽སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་བྱོན་ཏེ་ཐེག་ཆེན་གྱི་གསུང་རབ་མང་བོ་ལྷ་ཀླུ་སོགས་ཀྱི་མཆོད་གནས་སུ་བཞུགས་པ་སྤྱན་དྲངས། ཆོས་ཀྱི་བདག་མེད་གཏན་ལ་ཕབ་སྟེ་ཐེག་པ་ཆེན་པོའི་བཀའ་ཡོད་པ་དང་། ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་འཁོར་ལོ་བར་བའི་དགོངས་པ་མཐར་ཐུག་ཏུ་བཀྲལ་ཏེ་དབུ་མ་བའི་གྲུབ་མཐའི་སྲོལ་ཕྱེས། དབུ་མ་བ་ལའང་ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པའི་དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པའི་དབུ་མ་ཐལ་འགྱུར་བ་གཉིས་བྱུང་བ་ལས་སྔ་མའི་ཤིང་རྟའི་སྲོལ་འབྱེད་པ་སློབ་དཔོན་ལེགས་ལྡན་འབྱེད་དང་། ཕྱི་མའི་ཤིང་རྟའི་སྲོལ་འབྱེད་པ་སློབ་དཔོན་སངས་རྒྱས་བསྐྱངས་ཡིན།༼དཔལ་ལྡན་ཟླ་བ་གྲགས་པར་འདོད་མཁན་ཡང་ཡོད།༽ དབུ་མ་རང་རྒྱུད་པ་ལ་ཡང་ཐ་སྙད་དུ་ཤེས་པ་ཙམ་ཞིག་ཁས་ལེན་པ་དང་། ཕྱི་རོལ་གྱི་དོན་ཁས་མི་ལེན་ལ་གཞིའི་རྣམ་བཞག་ཕལ་ཆེར་རྣལ་འབྱོར་སྤྱོད་པ་བ་ལྟར་འདོད་ཅིང་། ནང་སེམས་ལ་ཡང་བདེན་པའི་རང་བཞིན་མེད་པར་སྨྲ་བའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། ཐ་སྙད་དུ་དབང་བོའི་ཤེས་པ་རྣམས་ཀྱི་དམིགས་རྐྱེན་ནི་རྡུལ་ཕྲ་རབས་བསགས་པའི་ཕྱི་རོལ་གྱི་དོན་ཁས་ལེན་ཞིང་། གཞིའི་རྣམ་བཞག་ཕལ་ཆེར་མདོ་སྡེ་བ་ལྟར་འདོད་ཀྱང་བདེན་པའི་རང་བཞིན་མེད་པར་འདོད་པའི་དབུ་མ་བ་ཡིན་པས་ན་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་གཉིས་བྱུང་བ་ལས་སྔ་མའི་ཤིང་རྟའི་སྲོལ་འབྱེད་པ་ནི་རང་རེ་བོད་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སློབ་དཔོན་ཞི་བ་འཚོ་དང་། ཕྱི་མའི་ཤིང་རྟའི་སྲོལ་འབྱེད་པ་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཡིན་ཏེ། ཁོང་གིས་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཀའི་སྲོལ་ཅིག་ཆར་ཕྱེས་པར་འདོད་དོ། །Jhcརྗེ་ཙོང་ཁ་པའི་དྲ་བ།

        ཤིང་རྟའི་སྲོལ་འབྱེད་པ་དེ་དག་སུ་ཡིན་ཡང་ཐུན་མིན་མཁྱེན་དཔྱོད་ཀྱི་རྩལ་དང་ལྡན་ཞིང་དེ་དག་གིས་སྲོལ་ཕྱེས་པའི་གྲུབ་མཐའ་ནང་གསེས་བཅས་གང་ཡིན་ཡང་ལུང་རིགས་གཉིས་ཀྱིས་ལེགས་པར་བསྒྲུབ་ཏུ་ཡོད་ཅིང་གཞན་དང་མ་འདྲེས་པའི་ཁྱད་ཆོས་ངོ་མཚར་བ་ཡོད། གཞན་བོད་བརྒྱུད་ནང་བསྟན་གྱི་ཆ་ནས་བརྗོད་ནའང་ས་དགེ་རྙིང་གསུམ་གྱིས་མཚོན་པའི་གྲུབ་མཐའ་མང་བོ་ཡོད་མོད་རང་གི་ལུགས་དེ་དབུ་མ་བ་དང་དེ་ལས་ཀྱང་དབུ་མ་ཐལ་འགྱུར་བའི་ལུགས་སུ་མི་བཞེད་མཁན་གཅིག་ཀྱང་མེད་ལ། སྔ་འགྱུར་རྙིང་མ་བ་དང་། བཀའ་གདམས་པ། ས་སྐྱ་བ། བཀའ་བརྒྱུད་པ། དེ་ལའང་ཤངས་པ་བཀའ་བརྒྱུད། དྭགས་པོ་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད། ཕག་གྲུ་བཀའ་བརྒྱུད། ཞང་ཚལ་བ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད། གཡའ་བཟང་བཀའ་བརྒྱུད། ཁྲོ་ཕུ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། ཇོ་ནང་བ། ཞི་བྱེད་པ། རི་བོ་དགེ་ལྡན་པ་བཅས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གང་དང་གང་ལའང་དེ་དང་དེའི་རྩ་བའི་སློབ་དཔོན་དང་གྲུབ་མཐའི་སྲོལ་འབྱེད་པ་རྣམས་ཀྱིས་ཁུངས་ལུང་མེད་པར་རང་དགར་གསར་བཏོད་དང་ཕྱོགས་རིས་སུ་བཅད་པ་གཅིག་ཀྱང་མེད་པར་རང་རང་གི་ལྟ་བར་སྒྲུབ་བྱེད་ཀྱི་ལུང་རིགས་དང་སངས་རྒྱས་བྱང་སེམས་ཀྱི་ལུང་བསྟན་ནམ་མཛུབ་སྟོན་སོགས་མཁས་བླུན་ཐམས་ཅད་བཟློག་མེད་ཡིད་ཆེས་ཀྱི་གནས་སུ་འགོད་པའི་ཚུལ་ཤ་སྟག་ཡོད་མོད་འདིར་རེ་རེ་བརྗོད་ན་ཧ་ཅང་མང་འགྲོ་རྒྱུ་རེད། ད་དུང་བོད་ཀྱི་དགོན་སྡེའི་སློབ་གསོའི་ཆ་ཤས་གལ་ཆེན་དང་བོད་རང་ས་ནས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ཏེ་བྱུང་ཞིང་འཕེལ་ལ་དར་རྒུད་ཀྱི་ལམ་བུ་ཡང་གང་མང་བརྒྱུད་མྱོང་བའི་གཤེན་རབ་བོན་གྱི་བསྟན་པའི་དབང་དུ་བྱས་ནའང་། ཐོག་མའི་གསར་གཏོད་པ་སྟོན་པ་གཤེན་རབ་མཆོག་ནི་བོད་རང་ས་ཞང་ཞུང་ནས་འཁྲུངས་པར་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེ་ཞིག་ཞལ་མཐུན་ལ། ཁོང་གི་ཡང་སྤྲུལ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་མིན་སུས་ཤེས་ཏེ་མི་ཤེས་མོད། ཁོང་ཡང་སྐུ་ཚེ་ཐོས་པས་བསྐྱེལ་ཞིང་གནས་ལུགས་རིགས་པས་གཏན་ལ་འབེབ་མཁན་ཞིག་ལས། འཇིག་རྟེན་བཀོད་པ་བོའི་བཀའ་བཀོད་ཇི་བཞིན་སྒྲུབ་པའི་གཤིས་དྲང་ཞིག་མིན་ལ། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་མི་ལེན་པའི་ཨུ་ཚུགས་སྙིང་སྟོབས་ཅན་ཞིག་ཀྱང་ག་ལ་ཡིན། ཁོང་གི་ཐུགས་ལ་གནག་ནས་ཡོད་པའང་ལས་ཀྱིས་མནར་བའི་ཉམ་ཐག་སྐྱེ་འགྲོ་དེ་དག་ཡིན་འདུག་ལ། ཁོང་གིས་བསྟན་པའི་ལམ་དང་ཁ་ཕྱོགས་ཀྱང་སེམས་ཀྱི་བདེ་སྐྱིད་དང་མཛེས་པ་འཚོལ་བའི་རིགས་སུ་དོན་གྱིས་གཞོལ་ནས་ཡོད་ཚོད་གདའ། ཁྱད་པར་དུ་དེང་གི་བོན་གྱི་སློབ་གསོ་དང་དེའི་གནས་བབས་ལ་བལྟས་ན་དགའ་ཞིང་དུང་འོས་པ་ཞིག་ལས་ཁྲེལ་ཞིང་འཕྱ་སྨོད་ཀྱི་ཡུལ་དུ་འཕེན་དགོས་པ་ཞིག་ཡེ་ནས་མ་ཡིན་ནོ་སྙམ་དུ་བདག་གིས་འདོད། ངས་བོན་གྱི་གཞི་ལམ་འབྲས་གསུམ་སོགས་ལ་ཆེད་དུ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མ་མྱོང་ཡང་། ཁོང་ཚོའི་ལྟ་བ་སྟོན་པའི་གཞུང་རྫོགས་པ་རིན་ཆེན་གསེར་གྱི་ཕྲེང་བ་དང་། རྩ་འགྲེལ་རླུང་གི་སྤུ་གྲུ། སྒོམ་གྱི་གཞུང་ཕུང་བོ་རང་འགྱུར་ཐིག་ལེ་དགུ་སྐོར། ལུས་སེམས་ཉམས་མྱོང་། སྤྱོད་པའི་སྐོར་ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ། གཡུང་དྲུང་ས་བཅུ་ལམ་གྱི་འབུམ། རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། བསྐྱེད་རྫོགས་འབྲས་བུའི་སྐོར་ལ་སྤྱི་སྤུངས་བོན་མཛོད། ཕ་རྒྱུད་ནག་པོ་དགུ་འདུས། མ་རྒྱུད་ཉི་མ་དགུ་ཤར་ཟེར་བ་སོགས་གྲངས་མེད་པ་ཞིག་ཡོད་འདུག་པས་ཐུན་མིན་བློ་རྩལ་གྱི་རང་བཞིན་ཞེས་པ་ཡོད་མེད་ལ་བློ་དོགས་མི་དགོས་ལ། བོད་པའི་དབུ་འཕང་བསྟོད་པའི་ཆོས་ལུགས་སམ་གྲུབ་མཐའ་ཞིག་ཡིན་པར་ཡང་ཐེ་ཚོམ་མི་དགོས་པ་ཞིག་རེད་སྙམ་ཡོད། འོན་ཀྱང་བོན་པོ་ནང་བ་སངས་རྒྱས་པ་བ་ཡིན་མིན་ཏེ་ཁོང་ཚོ་རང་གིས་ཐག་གཅོད་དགོས་པའི་གནས་ཚུལ་གཞན་ཞིག་རེད། འདི་ལ་སེམས་ཁྲལ་དང་ཨུ་ཚུགས་གནང་དགོས་དོན་ཡེ་ནས་མེད། ལྔ་བ། དེ་ནས་ནང་བསྟན་ཆོས་ལུགས་སམ་བོད་ཀྱི་དགོན་སྡེའི་སློབ་གསོ་ལ་རྒྱུན་མཐུད་ཐུབ་པའི་རང་བཞིན་ནམ་ཁྱད་ཆོས་ཡོད་ཚུལ་དེ་རེད། སྤྱིར་འཇིག་རྟེན་གྱི་ཁམས་འདིར་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་པ་ཞིག་ཡོད་ལ། དེ་དག་རང་རང་གི་ངོས་ནས་ཕན་ཐོགས་གང་འཚམ་རེ་འབྱུང་གིན་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས་བསྙོན་འདིང་དགོས་དོན་གཏན་ནས་མེད་མོད། གནས་སྐབས་དང་མཐར་ཐུག དུས་ཡུན་རིང་ཐུང་གི་ཁྱད་པར་སོགས་ཆེན་པོ་ཡོད་པའང་ངེས་པར་དུ་ཁས་ལེན་དགོས་པ་ཞིག་རེད། ང་ཚོ་སངས་རྒྱས་ཆོས་ལུགས་པས་བརྗོད་ན་ཆོས་ལུགས་པར་ཕྱི་བ་བ་དང་ནང་བ་བ་གཉིས་ཡོད། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་མི་ལེན་ཞིང་། དེ་ལས་གཞན་པའི་སྐྱབས་ཤིག་ཡོད་པར་འདོད་མཁན་དག་ལ་ཕྱི་བ་བའམ་ཕྱི་རོལ་བ་ཞེས་བརྗོད་ཀྱིན་ཡོད། སངས་རྒྱས་ཆོས་ལུགས་རང་གི་ངོས་ནས་བལྟས་ན་འདི་ནི་ཧ་ཅང་གི་གནས་ལུགས་ཡོད་པ་ཞིག་ཡིན། ཆོས་ལུགས་གཞན་གྱི་ངོས་ནས་ཀྱང་ཚུར་དེ་ལྟར་བལྟ་མི་ཆོག་པ་དང་བརྗོད་མི་རུང་བ་ཞིག་མ་རེད། དེས་ན་ནང་ཆོས་ལས་ཕྱི་རོལ་ཏུ་གྱུར་བའམ་གཞན་དུ་གྱུར་བ་དེར་མུ་སྟེགས་རྟག་པར་སྨྲ་དང་ཆད་པར་སྨྲ་བ་གཉིས་ལས། སྔ་མས་ནི་རྟག་གཅིག་རང་དབང་བའི་བདག་ཅེས་པ་ཞིག་འདོད་ཅིང་། དེ་ལ་རྟོག་གེ་སྡེ་ལྔ་དང་རྩ་བའི་སྡེ་དྲུག་སོགས་ནང་གསེས་མང་བོ་ཞིག་ཡོད་འདུག་ལ། ལ་ལས་ལས་འབྲས་ཀྱང་བཤད་ལ་མཐར་ཐུག་འཇིག་རྟེན་བཀོད་པ་བོ་ཡང་ཁས་ལེན། ལ་ལས་ནི་སྐྱེ་བ་སྔ་ཕྱི་ཡང་འདོད་ཅིང་ཐར་བ་ལྟ་བུ་ཞིག་ཀྱང་ཁས་ལེན་གྱིན་ཡོད་ཚོད་རེད།Jhcརྗེ་ཙོང་ཁ་པའི་དྲ་བ།

        དེང་སྐབས་ཀྱི་ཡེ་ཤུའི་ཆོས་ལུགས་པར་ཡང་ཚེ་འདི་ཁོ་ན་ལས་མེད་པ་དང་ཚེ་ཕྱི་མའང་ཡོད་པར་འདོད་མཁན་གྱི་རིགས་གཉིས་ཡོད་པར་བཤད། ཁོང་ཚོར་མཐར་ཐུག་དཀོན་མཆོག་གི་དྲུང་ངམ་དག་ཞིང་ལྟ་བུ་ཞིག་ཏུ་སྐྱེ་རྒྱུ་ཡོད་པ་ལས། དཀོན་མཆོག་ནི་ནམ་ཡང་དཀོན་མཆོག་ཡིན་ལ། གཞན་དག་ནི་ནམ་ཡང་གསོལ་བ་འདེབས་པ་བོ་ཡིན་པས་ཐར་བ་དང་ཐམས་ཅད་མཁྱེན་པ། སེམས་ཅན་ཡིན་ན་འཚང་རྒྱ་རུང་ཡིན་པའི་འདྲ་མཉམ་གྱི་ལྟ་བ་དེ་འདྲ་ཡོད་ཚོད་མི་འདུག རྒྱ་གར་གཅེར་བུ་བས་ཀྱང་ཐར་བ་ཞིག་འདོད་ཀྱིན་ཡོད་མོད། དེ་ཡག་ས་ནས་བཤད་ནའང་ཞིང་ཁམས་ལྟ་བུ་ཞིག་ལས་གཞན་ཅི་ཡང་མ་རེད། དེ་ནས་མི་སྟེགས་ཆད་པར་སྨྲ་བ་རྒྱང་འཕེན་པ་རེད། ལུགས་འདིས་ནི། སྐྱེ་བ་སྔ་མ་ནས་འདིར་འོང་བ་མེད་དེ། སྐྱེ་བ་སྔ་མ་ཞེས་པ་ནི་སུས་ཀྱང་མ་མཐོང་བའི་ཕྱིར། ལུས་གློ་བུར་བ་ལས་སེམས་གློ་བུར་དུ་གྲུབ་པ་ཡིན་ཏེ། མར་མེ་གློ་བུར་བ་ལས་འོད་གློ་བུར་དུ་གྲུབ་པ་བཞིན་ནོ། །སྐྱེ་བ་འདི་ནས་ཕྱི་མར་འགྲོ་བ་ཡང་མེད་དེ། ལུས་སེམས་རྫས་གཅིག་པས་ལུས་འཇིག་པ་ན་བློ་ཡང་འཇིག་པའི་ཕྱིར། དཔེར་ན་རྡོ་འཇིག་པ་ན་དེའི་རི་མོ་འཇིག་པ་བཞིན་ནོ། །ཞེས་གྲུབ་མཐའ་རིན་ཕྲེང་སོགས་སུ་གསུངས་འདུག་པ་བཞིན་ཁོང་ཚོས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པར་སྒྲུབ་བྱེད་ཀྱི་རིག་པ་དེ་ལྟར་འཕེན། དེང་སང་སྐྱེ་བ་སྔ་ཕྱི་མེད་པར་ཐག་མི་གཅོད་པར་ཐེ་ཚོམ་པའི་རྒྱང་འཕེན་པ་དང་། རྒྱུ་མཚན་ཅི་ཡང་མེད་པར་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་རྒྱང་འཕེན་པ་སོགས་མང་བོ་ཡོད་མོད་རེ་རེ་བཞིན་འདི་ནས་གླེང་ཁོམ་མི་འདུག མདོར་ན་འདི་དག་གི་རིག་པ་དང་འདི་དག་གི་སློབ་གསོའི་རིང་མཐའ་མི་ཚེ་གཅིག་ཡིན་ལ། དམིགས་བྱ་རང་གི་སྡེར་གཏོགས་ཀྱི་ཆོས་ལུགས་པའམ་མིའི་རིགས་གཅིག་པུ། ཐ་ན་གཞན་དག་ལ་ཅི་མི་སྙམ་པར་བདག་གཅིག་པུ་བདེ་སྐྱིད་དང་ལྡན་ན་དེས་ཆོག་པའི་སློབ་གསོ་སོགས་ཀྱང་ཡོད། གཟུ་བོའི་བློས་དཔྱད་ཅིང་དྲང་མོའི་མིག་གིས་བལྟས་ན། ནང་བསྟན་སློབ་གསོའམ་ནང་བསྟན་དགོན་སྡེའི་སློབ་གསོ། ཡང་ན་བོད་བརྒྱུད་ནང་བསྟན་གྱི་སློབ་གསོའི་ངོ་བོ་དང་དམིགས་ཡུལ་ནི་དེ་འདྲ་ཞིག་རྩ་བ་ནས་མ་ཡིན་ཏེ། སྐྱེ་བ་སྔ་ཕྱི་ཁས་ལེན་པས་མི་ཚེ་ཕྲེང་བརྒྱུད་ལ་རྒྱུན་སྐྱོང་ཐུབ་པའི་སློབ་གསོ་ཞིག་ཡིན་ལ། ལས་ངེས་པ་དང་། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བར་འདོད་པའི་ཆེས་རྒྱུ་མཚན་དང་གནས་ལུགས་ཀྱིས་ཕྱུག་པའི་སློབ་གསོ་ཞིག་དང་། དབུགས་ལྡན་སྐྱེ་འགྲོ་ཡོད་དོ་ཅོག་གཏན་བདེའི་ལམ་དུ་འགོད་རྒྱུ་དེ་ཆོས་སྒྲུབ་པའི་ཉིང་དགོས་སུ་འཛིན་པས་སྤྱི་ཕན་གྱི་སློབ་གསོ་ཞིག གཞན་ལྟ་ཅི་འབུ་སྲིན་ཕྲ་མོ་ཙམ་ལའང་གནོད་འཚེའི་བསམ་སྦྱོར་སྤོང་དགོས་པས་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་གྱི་སྟེང་ནས་ར་འཕྲོད་ཐུབ་པའི་འཆམ་མཐུན་གྱི་སློབ་གསོ་ཞིག་ཀྱང་ཡིན་ཏེ། འདིར་མང་བོ་བཤད་ན་ཉོག་འགྲོ་ཡང་། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེཊ་པ་ནི། །བདེན་པ་གསུང་བས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་བ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་འཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པའི་ངོ་ཤེས་ནས། །བདག་གིས་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་དང་། བརྩོན་ན་སླ་བར་མི་འགྱུར་བའི། །དངོས་དེ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། བྱང་ཆུབ་ལམ་རིམ་ཆེན་མོ་ལས། སྔོན་སངས་རྒྱས་ཏེ་འདས་པ་དང་ད་ལྟར་སངས་རྒྱས་ཏེ་བཞུགས་པ་དང་། མ་འོངས་པ་ན་འཚང་རྒྱ་བ་དེ་དག་ཀྱང་སངས་རྒྱས་ཟིན་གཅིག་གིས་ལམ་བསྒྲུབ་པ་མིན་གྱི། བདག་ཅག་འདྲ་བ་ཞིག་ཁོ་ན་ཡར་ལ་ཇེ་མཐོར་གཤེགས་ནས་སངས་རྒྱས་པ་དང་རྒྱ་བའོ་སྙམ་དུ་བསམ་ནས་ཡིད་ཞུམ་པ་དགག་སྟེ། གསུངས་པ་ལྟར། སེམས་ཞུམ་པ་དགག་ཅིང་གཟེངས་བསྟོད་པ་དང་ཆེས་འདྲ་མཉམ་གྱི་གོ་འཕང་སྩོལ་བའི་ངེས་དོན་ཞི་བདེའི་སློབ་གསོ་ཞིག་ཡིན་པ་དེ་རེད། དེ་ནས། དྲུག་པ། ནང་བསྟན་ཆོས་ལུགས་སམ་བོད་བརྒྱུད་ནང་བསྟན་ལ་མ་བཅོས་ཟོལ་མེད་ཀྱི་རང་བཞིན་ཡོད་ཅེས་པ་དེ་རེད།Jhcརྗེ་ཙོང་ཁ་པའི་དྲ་བ།

        ནང་ཆོས་ནས་ནམ་རྒྱུན་གསུང་བཞིན་པའི་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས། ཕར་ཕྱིན་དྲུག བསྡུ་བའི་དངོས་པོ་བཞི། རྒྱུ་འབྲས་མན་ངག་བདུན། བདག་གཞན་མཉམ་བརྗེ། ཚད་མེད་བཞི་དང་མི་རྟག་པའི་མཐའ་བཞི་བསམ་པ། ལས་འབྲས་ལ་ཡིད་ཆེས་པ། འཁོར་བར་ཞེན་པ་ལོག་པ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་སོགས་ནི་དཔེ་ཆར་བཀོད་པ་ཙམ་ལས་དོན་དངོས་མ་ཡིན་པ་དང་། ཁ་ཙམ་དང་སྨོན་པའི་ཡུལ་ཙམ་ལས་ལག་ལེན་དུ་འདེབས་མི་ཐུབ་པའམ་མི་འདེབས་པ་ཞིག་ཡིན་ན་ནི། ནང་ཆོས་ནས་བསྟན་པ་དང་དེའི་རྗེས་སུ་ཞུགས་མཁན་ཚོའི་བསམ་སྤྱོད་དག་ཟོལ་གྱིས་བཅོས་པ་དང་གཡོ་སྒྱུས་གཞན་མགོ་བསྐོར་ཐབས། རང་གི་མི་ཚེ་ཆུད་ཟོས་སུ་གཏོང་ཐབས་ཙམ་ལས་མ་འདས་མོད། དོན་དངོས་སུ་དེ་ལྟར་མ་ཡིན་པར། ཇི་སྐད་དུ། འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི། །ལ་ལར་སྐུ་དང་གཞན་དུ་སྲོག །སྡུག་པའི་གཉེན་དང་ལོངས་སྤྱོད་སོགས། །གྲངས་མེད་བསྐལ་བར་ཡང་ཡང་བཏང་། །ཞེས་གསུངས་པ་བཞིན། རང་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོས་སློབ་པ་ལམ་གྱི་གནས་སྐབས་སུ་གཅན་གཟན་ཀུན་ཏའི་སྐྱེ་བ་བཞེས་ཚེ་རྒྱལ་བོ་ཚངས་བྱིན་གྱི་འདོད་པ་སྐོང་ཕྱིར་སྲོག་མ་བཏང་བའི་སྔོན་ནས་རང་གི་པགས་པ་དམར་བཤུས་བྱེད་དུ་བཅུག་པ་དང་། རྒྱལ་བུ་སེམས་ཅན་ཆེན་པོའི་ཚེ་སྟག་མོ་མ་བུར་ལུས་སྲོག་སྦྱིན་པར་བཏང་བ་ལྟ་བུ། གཞན་ཡང་མདོ་མཛངས་བླུན་དུ་དགེ་ཚུལ་ཞིག་གིས་ཚུལ་ཁྲིམས་བསྲུང་ཕྱིར་སྐུ་སྲོག་ཐད་དུ་བོར་བར་གསུངས་པ་དང་། མང་ཚོགས་བཅོས་བསྒྱུར་དང་རིག་གནས་གསར་བརྗེའི་སྐབས་དཀོན་མཆོག་གསུམ་དང་ལས་འབྲས་ལ་བསྐུར་བ་མི་འདེབས་པ་དང་། དམ་ཚིག་དང་སྡོམ་པ་བསྲུང་ཕྱིར་གཞན་ལ་འཚེ་བ་སྤུ་ཙམ་མེད་པར་རང་ཉིད་རྨ་ཆུར་མཆོང་བ། དཔྱང་ལ་བཏགས་པ། ཟླ་ལམ་དང་ལོ་ལམ་བར་དུ་རྐྱང་ཕྱག་འཚལ་ཏེ་འགྲོ་བ། མི་ཚེ་གང་བོར་རི་ཁྲོད་དང་བྲག་ཕུག་ནས་སྒོམ་ལ་འདུག་པ། གཞན་གྱིས་མཐོང་མ་མཐོང་དང་བསྟོད་པ་བྱེད་མི་བྱེད། ཟླ་ཕོག་སྤྲོད་མི་སྤྲོད་སོགས་ལ་རེ་བ་དང་ལྟོས་པ་སྤུ་རྩེ་ཙམ་མེད་པར་མི་ཚེ་གང་བོར་ཐོས་པ་སློབ་གཉེར་དང་གཞན་ལ་དཔེ་ཁྲིད་བྱེད་པ། འཇིག་རྟེན་གྱི་སྐྱིད་དགའ་ལོངས་སྤྱོད་དག་བཙན་ཆོད་བྱས་ཏེ་ལྟོ་སྐྱ་གོས་ཧྲུལ་དང་འདོད་ཆུང་ཆོག་ཤེས་ཀྱི་འཚོ་བར་གོམས་པ། བསྟན་བཅོས་བརྩམས་པ་རྩོམ་ཡོན་དང་ཐོབ་ཐང་གི་ཆེད་དུ་མ་ཡིན་པ། ཁོར་ཡུག་སྲུང་སྐྱོབ་བྱེད་པ་རང་གི་འཚོ་གནས་ཀྱི་ཆེད་དུ་མ་ཡིན་པ། གཅན་གཟན་རི་སྐྱེས་མི་གསོད་པ་ས་སྒང་ཡུན་གནས་དང་སྣོད་བཅུད་དོ་མཉམ་པའི་ཆེད་ཙམ་མ་ཡིན་པ། གཞན་དག་ཆོས་ལ་འགོད་པ་ནང་བའི་དཔུང་ཁག་ལ་སྟོབས་རྒྱས་ཕྱིར་མ་ཡིན་པ། ཆོས་ལ་བསྟེན་ནས་གཡུལ་འཁྲུག་མ་བསླངས་པ། རྒྱུ་འབྱོར་ལོངས་སྤྱོད་བསྩལ་ནས་ནང་བའི་རྗེས་འཇུག་པ་མི་འཚོལ་བ། འོལ་ཚོལ་མི་བྱེད་པ། མངོན་སུམ་ལ་བསྙོན་མི་འདང་བ། ཁུངས་དང་རྒྱུ་མཚན་བཅོམ་ལྡན་འདས་ཀྱི་གསུང་ལ་གཏུགས་པ། དུས་བསྟུན་དང་གོ་སྐབས་ལ་ཁ་གཡར་ནས་འདུལ་ཁྲིམས་མི་བསྒྱུར་བ། བདག་གཞན་མཉམ་བརྗེ་དང་ས་ལམ་གྱི་རྟོགས་པ་མཐོན་པོ་རྒྱུད་ལ་སྐྱེས་མཁན་སོགས་མང་དུ་བྱུང་མྱོང་བ་ཁུངས་བཙུན་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ། འཆལ་སྤྱོད་ལ་འཛེམ་པ། ཡ་རབས་ལ་གཞོལ་བ། ཕ་མར་གུས་པ། ཉམ་ཐག་ལ་བརྩེ་བ། རོགས་སྐྱོར་ལ་དགའ་བ་སོགས་ང་ཚོས་མིག་མཐོང་ལག་ཟིན་ཏུ་གྱུར་བ་མང་བོ་ཞིག་ཡོད་པ་འདི་དག་ནི་ནང་བསྟན་ཆོས་ལུགས་སམ་བོད་བརྒྱུད་ནང་བསྟན་ལ་མ་བཅོས་ཟོལ་མེད་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་མཚོན་དཔེ་དང་བདེན་དཔང་ཉག་གཅིག་རེད། ཧ་ཧ། ངས་འདི་ལྟར་བཤད་ན་འགོ་འཛིན་པའམ་ཉན་མཁན་རེ་འགས་ང་ཕྱོགས་སུ་ལྷུང་སོང་སྙམ་སྲིད་མོད། ངས་ནང་བ་བའི་ཁྲོད་ན་སྐྱོན་ཅན་གྱི་སྐྱེས་བུ་གཅིག་ཀྱང་མེད་ཅེས་བརྗོད་པ་མིན་ལ་དེ་ལྟར་བརྗོད་ཐབས་ཀྱང་མི་འདུག་མོད། དེ་ནི་གང་ཟག་སྒེར་གྱི་སྐྱོན་ཆ་ལས་ནང་བའི་ཆོས་མ་འགྲིག་པ་དང་ནང་ཆོས་ལ་ཟོལ་བཅོས་ཀྱི་རང་བཞིན་ཡོད་སོང་བས་ག་ལ་ཡིན། འདི་འདྲའི་རིགས་ནི་ངེས་པར་ཤེས་དགོས་པ་ཞིག་སྟེ། ད་སྐབས་མ་བརྟགས་མ་དཔྱད་པར་ཧོལ་རྒྱུགས་དང་རྫོབ་བཤད་བྱེད་མཁན་ཡང་ཉུང་ཉུང་མ་རེད། མདོ་འཛིན་པ། ཧ་ཧ་ང་རིགས་དེར་ཕལ་ཆེར་མི་གཏོགས་པར་འདོད། ལྡོང་ཡོན་ཏན་རྒྱ་མཚོ། དེ་ནི་ང་དང་ངའི་རིགས་མང་བོ་ཞིག་གི་རེ་བ་དང་སྨོན་པ་རེད། ཨ་ལ་ཀུ་རེ་ཡིན། དེ་ནས། བདུན་པ། ནང་བསྟན་ཆོས་ལུགས་སམ་བོད་བརྒྱུད་ནང་བསྟན་ལ་ཁྱབ་ཆེ་བའི་རང་བཞིན་ཡོད་ཚུལ་དེ་རེད། ངས་འདི་ནས་ཁྱབ་ཆེ་བ་ཟེར་བ་ནི་ནང་ཆོས་སྤྱི་དང་བྱེ་བྲག་བོད་བརྒྱུད་ནང་བསྟན་དར་ཡུལ་གྱི་ཁྱབ་རྒྱ་དང་། དེར་དད་མཁན་མི་གྲངས་ཀྱི་རྒྱ་ཁྱོན་ནམ་གྲངས་ཀ ནང་ཆོས་ནས་བསྟན་པའི་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་ཡུལ་ཏེ་སྡུག་བསྔལ་ལས་གྲོལ་རྒྱུ་དང་བདེ་བ་ལ་འགོད་རྒྱུའི་སེམས་ཅན་གྱི་རྒྱ་ཁྱོན་བཅས་ཕྱོགས་གསུམ་ལ་བསམ་སྟེ་བརྗོད་ཀྱིན་ཡོད། བོད་བརྒྱུད་ནང་བསྟན་དར་ཡུལ་གྱི་ཁྱབ་རྒྱ་ཕལ་ཆེར་འཛམ་གླིང་རང་བཞིན་དུ་འགྱུར་བའི་ཚུལ་ངས་གོང་དུ་མོད་ཙམ་བཤད་ཟིན་པས་ད་བསྐྱར་བཟློས་མི་བྱེད་རྒྱུ་བྱེད། དེར་དད་མཁན་མི་གྲངས་ཀྱི་རྒྱ་ཁྱོན་ནམ་གྲངས་ཀའི་ཆ་ནས་བཤད་ན། ད་ལྟ་ནང་བསྟན་ཆོས་ལུགས་ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་མམ་བཞིའི༼ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས། ནང་བའི་ཆོས་ལུགས་གསུམ་མམ་ཧིན་དྷིའི་ཆོས་ལུགས་བསྣན་པས་བཞི།༽ཡ་གྱལ་དུ་སླེབས་ཡོད་ལ། ངས་གོང་ནས་བཤད་ཟིན་པ་ལྟར་ལོ་བཅུའི་སྔོན་ཙམ་གྱི་སྡོམ་རྩིས་ཤིག་ཏུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་། བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་སློབ་གཉེར་བྱེད་པའི་ཚོགས་པ་སོགས་རྒྱལ་ཁབ་བརྒྱད་ཅུ་ལྷག་གི་ནང་དུ་ཡོད་པར་བཤད་འདུག་ལ། ད་ལྟ་དེ་ལས་ཀྱང་མང་བར་གྱུར་བ་ལྟ་ཅི་སྨྲོས། འགོ་འཛིན་པས་མཁྱེན་གསལ་ལྟར། ད་སྐབས་ས་སྒང་རིལ་མོ་འདིར་མིའི་བསམ་བློའི་དགོས་མཁོ་ལས་བྱུང་བའི་ཆོས་ལུགས་རིགས་མི་འདྲ་བ་བརྒྱ་ཕྲག་མང་བོ་ཡོད་པ་ལས། ཡེ་ཤུའི་མ་ཤི་ཀའི་ཆོས་ལུགས་ལ་དད་པ་བྱེད་མཁན་མི་དུང་ཕྱུར་བཅུ་དྲུག་ཡས་མས་དང་། ཁ་ཆེའི་ཆོས་ལུགས་ལ་དད་པ་བྱེད་མཁན་མི་དུང་ཕྱུར་བརྒྱད་ཡས་མས། ནང་ཆོས་ལ་དད་པ་བྱེད་མཁན་མི་དུང་ཕྱུར་དྲུག་ཡས་མས་ཤིག་ཡོད་ཅེས་སྡོམ་རྩིས་མང་བོ་ཞིག་ཏུ་བྱུང་མོད། གསལ་ཐག་ཆོད་པ་སུ་ཞིག་གིས་ཤེས། གང་ལྟར་ཚན་རིག་གི་གཟི་དཔལ་ཕྱོགས་ནས་ཕྱོགས་སུ་མཆེད་བཞིན་པའི་དུས་རབས་གསར་བ་འདིར་ནང་བསྟན་ཆོས་ལུགས་ནི་སྔོན་ཐོན་རྒྱལ་ཁབ་དང་། འཕེལ་རྒྱས་ཅན་གྱི་གྲོང་ཁྱེར། གསར་སྐྱེས་ཡོན་ཏན་པའི་སྡེ་ཁག་སོགས་སུ་ལོ་རེ་ནས་ལོ་རེར་ཇེ་དར་ཇེ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། ༧ གོང་ས་རིན་པོ་ཆེའི་གསུང་བཤད་ཅིག་ཏུ་ལོ་ཤས་སྔོན་དུ་རྒྱ་ནག་ཆེད་མཁས་པ་ཞིག་གི་ངག་སྒྲོས་ལྟར་ན་རྒྱ་ནག་གཅིག་པུར་ནང་ཆོས་ལ་དད་པ་བྱེད་མཁན་མི་ཁྲི་ཕྲག་སྟོང་དྲུག་ཡས་མས་སུ་སླེབས་ཡོད་སྐད་ཀྱང་འདུགJhcརྗེ་ཙོང་ཁ་པའི་དྲ་བ།

        དེ་ནས་སེམས་བསྐྱེད་ཀྱི་རྒྱ་ཆེ་ཆུང་རེད། འདིར་ཆོས་ལུགས་གཞན་གྱི་ཞན་ཆའམ་མི་འདང་ས་སོགས་གླེང་དགོས་དོན་མེད་མོད། ཆོས་ལུགས་ལ་ལས་འཚོལ་ཞིང་གླེང་བཞིན་པའི་ཞི་བདེ་ནི་མིའི་རིགས་ཙམ་སྟེ། དེའི་ཆེད་དུ་སྲོག་ཆགས་གཞན་རྣམས་གསོད་གཏུབ་ཅི་བྱས་ཀྱང་ཆོག་སྟེ། དེ་ནི་ང་ཚོར་དཀོན་མཆོག་གིས་གནང་བའི་ཁ་ཟས་སོ་ཞེས་སོགས་ཀྱང་སྨྲ་ལ། ཆོས་ལུགས་ལ་ལས་རང་གི་ཆོས་རྒྱུད་དུ་མི་གཏོགས་པ་སུ་ཡིན་ཡང་དེ་ལ་འཚེ་བ་ཆོས་སུ་སྨྲ་བ། ཡང་འགའ་རེས་ལྷ་སོགས་དགྱེས་པའི་མཆོད་པ་ཡིན་སྐད་ཀྱིས་ཉིན་རེར་སེམས་ཅན་ཁྲི་འབུམ་མང་བོ་དམར་གསོད་བྱེད་བཞིན་པའི་ཚུལ་བལ་བོའི་དམར་མཆོད་ཆེན་མོ་གཅིག་པུར་བསམ་ནའང་དོན་ལྔ་སྣོད་དྲུག་ཁ་རུ་ཐོན་འོང་བའི་ཚོད་ཡིན་པས་མང་དུ་སྨྲ་ག་ལ་དགོས། ཚུལ་འདི་དག་ལ་བསམ་ན་ནང་བའི་ཐེག་པ་ཆེན་པོ་སྔགས་དང་བཅས་པའི་བསམ་བློའི་ཁྱབ་རྒྱར་ཧ་མི་ལས་པ་དང་གདེང་འཇོག་མི་བྱེད་པའི་གཟུར་གནས་སུ་ཞིག་ཡོད་དམ། དེ་ནི། ཐ་ན་སྐྱབས་འགྲོ་སེམས་བསྐྱེད་ཡན་ཆད་ལས་གསལ་ཐག་ཆོད་པོས་གསུངས་ཤིང་བསམ་སྦྱོར་གཉིས་ཆ་ནས་ལག་ལེན་དུའང་ཇི་ཐེབས་ཐེབས་སུ་བརྩོན་བཞིན་པ་ཞིག་སྟེ། ནང་བའི་རྒན་མོ་ཞིག་ཡིན་ཡང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅེས་ངག་ལ་བྱང་ཞིང་ཡིད་ལ་འདྲེས་ལོབས་སུ་གྱུར་ཡོད་པའི་ཚུལ་ལ་བསམ་ནའང་། གཞན་གྱི་སྡུག་བསྔལ་ཁྲོད་ནས་རང་གི་བདེ་སྐྱིད་འཚོལ་བར་བྲེལ་བཞིན་པ་ཚོའི་བསམ་བློ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་དགེ་མཚན་ཆེ་བའི་ཚུལ་དེར་ངེས་ཤེས་རྙེད་མི་འོང་ངམ། ང་ཚོས་ཁ་འདོན་བྱེད་པའི་བླ་མཆོད་ཀྱི་ནང་དུ། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་། །བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི། །བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས། །གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས། །རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི། །མི་འདོད་སྡུག་བསྔལ་བསྐྱེད་པའི་རྒྱུར་མཐོང་ནས། །ལེ་ལན་བདས་ལ་འཁོན་དུ་བཟུང་བྱས་ཏེ། །བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས། །མ་རྣམས་གཅེས་བཟུང་བདེ་ལ་འགོད་པའི་བློ། །མཐའ་ཡས་ཡོན་ཏན་འབྱུང་བའི་སྒོར་མཐོང་ནས། །འགྲོ་བ་འདི་དག་བདག་གི་དགྲར་ལངས་ཀྱང་། །སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། །མདོར་ན་བྱིས་པ་རང་དོན་ཁོ་ན་དང་། །ཐུབ་དབང་གཞན་དོན་འབའ་ཞིག་མཛད་པ་ཡི། །སྐྱོན་དང་ཡོན་ཏན་དབྱེ་བ་རྟོགས་པའི་བློས། །བདག་གཞན་མཉམ་བརྗེ་ནུས་པར་བྱིན་གྱིས་རློབས། །ཞེས་སོགས་ཀྱི་ཚིག་དོན་ངོ་མཚར་བ་ཞིག་ཡོད། འདི་ནི་བོད་བརྒྱུད་ནང་བསྟན་པའི་བསམ་བློའི་ཁྱབ་རྒྱ་རེད། བསམ་བློ་འདི་མི་ཚེ་གང་བོར་ཉམས་ལེན་གྱི་མཐིལ་དུ་འཛིན་པའི་རྣལ་འབྱོར་བ་གྲངས་མེད་བྱོན་མྱོང་ལ། བསམ་བློ་འདི་ལག་བསྟར་བྱས་ཚེ་སྐྱེ་འགྲོ་མཐའ་དག་ལ་ཚད་མེད་པའི་ཞི་བདེ་དང་འཆམ་མཐུན་ཞིག་བསྐྲུན་ཐུབ་པར་ཐེ་ཚོམ་ཅི་ལ་དགོས། རང་ཉིད་མ་གཏོགས་བསམ་རྒྱུ་དང་དྲན་རྒྱུ་མེད་པའི་ད་ལྟའི་དུས་རབས་འདིར། ངས་བསམ་བློ་འདི་འདྲ་ཞིག་ཡིད་ལ་ཤར་ཐུབ་པ་དང་ངག་ནས་འདོན་ཐུབ་པ་དེ་ཡང་གཟི་བརྗིད་ཅིག་དང་མིག་ལྟོས་ཤིག་རེད་སྙམ་བཞིན་ཡོད་དེ། རྗེ་བླ་མས། མདོར་ན་འདི་འདྲ་བའི་བསམ་པ་རེ་བསྐྱེད་ནུས་ན་ཚོགས་མཐའ་ཡས་པ་བདེ་བླག་ཏུ་རྫོགས་ཤིང་སྒྲིབ་པ་དཔག་ཏུ་མེད་པ་འདག་ལ་ཕྱིར་མི་ལྡོག་པའི་རྒྱུ་མཆོག་ཏུ་འགྱུར། ཞེས་ཀྱང་གསུངས་སོ། །Jhcརྗེ་ཙོང་ཁ་པའི་དྲ་བ།
        མདོ་འཛིན་པ། རེད་ལགས། བསམ་བློ་འདི་འདྲ་ནི་ངོ་མ་ཞི་བདེ་དང་འཆམ་མཐུན་སྐྲུན་བྱེད་ཅིག་རེད།Jhcརྗེ་ཙོང་ཁ་པའི་དྲ་བ།

        ལྡོང་ཡོན་ཏན་རྒྱ་མཚོ། དེ་ནས། བརྒྱད་པ། ནང་བསྟན་ཆོས་ལུགས་སམ་བོད་བརྒྱུད་ནང་བསྟན་ལ་ཀུན་སྤྱོད་ལས་བསམ་བློ་གཙོ་བའི་རང་བཞིན་ཡོད་ཚུལ་དེ་རེད། ཆོས་ལུགས་ལ་ལས་སློབ་གསོ་དང་བསླབ་བྱ་གཏོང་སྟངས། ཁྲིམས་དང་འགྲིག་ལམ་སོགས་ནི་མིའི་དབང་བོའི་སྤྱོད་ཡུལ་དུ་གྱུར་བའི་ཕྱིའི་ཀུན་སྤྱོད་ཡག་པོ་གཏོང་བའི་ཆེད་ཙམ་ལས་བློ་སྦྱོང་ཞེས་པའི་དོན་དེ་ཡེ་ནས་མི་འདུག ནང་ཆོས་ནས་བཤད་ན་བསམ་བློ་མ་དུལ་བའི་ཕྱི་ཚུལ་བཅོས་མ་དེ་འདྲའི་རིགས་ལ་ཚུལ་འཆོས་ཀྱི་སྤྱོད་པ་ཞེས་བྱ་སྟེ། འཇམ་དབྱངས་བླ་མ་བསྟན་པའི་སྒྲོན་མེས། མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱི་རྒྱུ། །བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་འདི། །རྣམ་གྲོལ་དོན་གཉེར་ལམ་གྱི་སྲོག་ཡིན་ཀྱང་། །ཚུལ་འཆོས་སྤྱོད་པ་འདི་ཡིས་ཐར་དཀའ་བས། ། བསླབ་ཁྲིམས་ངོ་ལྐོག་མེད་པར་སྲུངས་ཤིག་ཨང་། །ཞེས་དང་། ཕྱི་བཙུན་ནང་བཙུན་ཞིག་བྱེད་ན། །དགག་སྒྲུབ་འདུལ་བ་དང་བསྟུན་དགོས། །མིག་སྔར་མཛེས་ཆོས་ཀྱིས་ཆོག་ན། །སྒུར་སྒུར་ཞུམ་ཞུམ་རང་གྱིས་ཤིག །ཅེས་སོགས་གསུངས་པ་བཞིན་དོར་བྱ་ཡིན་ནོ། །འོན་ཀྱང་། སྔོན་བྱོན་མཁས་པའི་གསུང་སྒྲོས་སུ། ཐོས་རྟགས་ཞི་ཞིང་དུལ་བ། །སྒོམ་རྟགས་ཉོན་མོངས་ཆུང་བ། །ཞེས་འབྱུང་བ་བཞིན་ནང་ཤེས་རིག་གིས་ཐུགས་རྒྱུད་ཕྱུག་པའི་འབྲས་རྟགས་སུ་ཕྱིའི་ཀུན་སྤྱོད་ཞི་དུལ་བག་ཡོད་དང་། ཡང་ན་བསྟན་པ་བསྟན་འཛིན་སྤྱིའི་དམིགས་རྒྱན་སོགས་སུ་བསམ་སྟེ་གཞན་གྱི་མཐོང་སར་ཀུན་སྤྱོད་ཚད་ལྡན་བྱེད་ཅི་ཐུབ་ལ་བརྩོན་པའང་ལེགས་སོའི་བསྔགས་བརྗོད་ཞུ་བའི་འོས་སུ་ཆེ་བ་ལས་ངན་དམོད་བྱེད་པའི་གནས་སུ་གཞར་ཡང་འཛིན་མི་རུང་བའི་ཚུལ་ཀྱང་ཤེས་དགོས། གང་ལྟར་ནང་བའི་ཆོས་ཞེས་པ་ནི་ཕྱིའི་ལུས་ངག་གི་སྤྱོད་པ་ཡག་པོ་ཙམ་དང་མཆོད་བཤམས། ཕྱག་སྐོར་དང་རྟེན་བཞེངས་སོགས་གཙོ་བོ་མ་ཡིན་པར། ཆོས་སུ་སོང་མ་སོང་ནང་ཀུན་སློང་གི་སྒོ་ནས་འཇོག་དགོས་པ་ཞིག་ཡིན་ལ། ཐེག་པ་དམན་མཆོག་གི་ཁྱད་པར་ཡང་སེམས་བསྐྱེད་ཁོ་ནས་འཇོག་སྟེ། བྱང་ཆུབ་ལམ་རིམ་ཆེན་མོ་ལས། དེ་ལ་རྒྱལ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི། དེ་ལས་གཞན་པའི་ཐེག་པ་ཆེན་པོ་ནི་མེད་དོ། །དེ་གཉིས་གང་གི་སྒོར་འཇུག་ཀྱང་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། དེ་རྒྱུད་ལ་ནམ་སྐྱེས་པ་ན་གཞན་གང་ཡང་མ་སྐྱེས་ཀྱང་ཐེག་ཆེན་པར་འཇོག་པ་ཡིན་ལ། དེ་དང་ནམ་བྲལ་བ་ན་སྟོང་ཉིད་ཀྱི་རྟོགས་པ་ལ་སོགས་པའི་ཡོན་ཏན་ཅི་ཡོད་ཀྱང་ཉན་ཐོས་ལ་སོགས་པའི་སར་ལྟུང་ཞིང་། ཐེག་ཆེན་ལས་ཉམས་པ་ཡིན་པར་ཐེག་པ་ཆེན་པོ་བའི་གཞུང་དུ་མ་ལས་གསུངས་ཤིང་རིགས་པས་ཀྱང་འགྲུབ་པ་ཡིན་ནོ། །དེས་ན་དང་བོར་ཐེག་ཆེན་པར་ཆུད་པ་ཡང་། སེམས་དེ་བསྐྱེད་པ་ཙམ་གྱིས་འཇོག་ལ། ཕྱིས་ཐེག་ཆེན་པའི་ནང་ནས་འཐོན་པའང་དེ་དང་བྲལ་བ་ཙམ་གྱིས་འཇོག་པས་ན་ཐེག་ཆེན་པ་ནི་སེམས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དོ། །ཞེས་དང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །ཞེས་དང་། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་སེམས་བསྐྱེད་མ་ཐག་ཏུ་རྒྱལ་སྲས་སུ་འགྲོ་བར་གསུངས་པའི་ཚུལ་སོགས་ཤིན་ཏུ་མང་ཡང་། དེ་རིང་ཁ་རུ་ཁ་ཐུག་གིས་ལུང་མང་བོ་ཞིག་ངས་བློ་ལའང་འོང་གིན་མི་འདུག མདོར་བསྡུས་ན། ཕྱི་ནང་གི་ཁྱད་པར་ཡང་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་མ་སོང་གི་བློའི་སྟེང་ནས་འབྱེད་དགོས་པ་དང་། དེ་བཞིན་དུ། དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ། སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཁྱད་པར། སྦྱིན་སོགས་དྲུག་གི་ཕ་རོལ་ཏུ་སོན་མ་སོན། ས་བཅུ་ལམ་ལྔར་བགྲོད་མ་བགྲོད། སངས་རྒྱས་ཀྱི་གོ་འཕང་ཐོབ་མི་འཐོབ་སོགས་ཐམས་ཅད་བློ་སྦྱོང་ཞེས་པའི་ནང་དུ་ཧྲིལ་གྱིས་འདུ་ཞིང་དེའི་སྒོ་ནས་གསལ་ཁ་འབྱེད་ཐུབ་པ་ཞིག་རེད་འདུག ཡ། ད་དེ་ནས། དགུ་བ། ནང་བསྟན་ཆོས་ལུགས་སམ་བོད་བརྒྱུད་ནང་བསྟན་ལ་ཡིད་ཆེས་ལས་དཔྱད་པ་དང་རིགས་པ་གཙོ་བའི་རང་བཞིན་ཡོད་ཚུལ་གྱི་སྐོར་དེ་རེད། ཆོས་ལུགས་གང་དང་གང་ལ་མཚོན་ནས་བཤད་ནའང་། དེར་དད་མཁན་གྱི་མིའི་རྒྱུད་ལ་བཅོས་མིན་དད་པ་དང་ལྡོག་མེད་ཡིད་ཆེས་ཤིག་དགོས་པ་སྨྲོས་མེད་ཡིན་མོད། དགའ་མོས་དང་དད་པ། ཡིད་ཆེས་དང་གོམས་སྲོལ་ཙམ་གཙོ་བོར་བྱས་ཏེ་དཔྱད་པ་ཞིབ་མོ་དང་རྒྱུ་མཚན་རྣམ་དག་མི་འཚོལ་བར་སྐྱབས་སུ་འགྲོ་རྐྱང་བྱས་པ་ཡིན་ན། དེ་ནི་རྨོངས་དད་དང་བླུན་དད་ཡིན་པས། བདག་ཅག་གི་རྩ་བའི་སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་གྱིས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས། འདིས་ནི་རྟོན་པ་བཞིའམ་ཡིད་ཆེས་བཞི་སྟོན་གྱིན་ཡོད། ངས་གོང་དུ་ནང་ཆོས་ལ་ཡིད་ཆེས་ལས་དཔྱད་པ་གཙོ་བའི་རང་བཞིན་ཡོད་ཅེས་པའང་ཁུངས་འདི་ལ་བརྟེན་པ་ཡིན་ཏེ། རྟོན་པ་བཞི་ནི། གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་པ། ཚིག་ལ་མི་རྟོན་པར་དོན་ལ་རྟོན་པ། དྲང་དོན་ལ་མི་རྟོན་པར་ངེས་དོན་ལ་རྟོན་པ། རྣམ་ཤེས་ལ་མི་རྟོན་པར་ཡེ་ཤེས་ལ་རྟོན་དགོས་པ་བཅས་རེད། རྟོན་བཞིའི་དོན་རྒྱས་པ་རྗེའི་དྲང་ངེས་ལེགས་བཤད་སྙིང་བོ་སོགས་གཞུང་ཆེན་མོ་རྣམས་ལས་ཤེས་དགོས་པ་ལས་དེ་རིང་འདིར་འཆད་ལོང་མི་འདུག་ལ་ངས་ལེགས་པར་འཆད་ཀྱང་མི་ཤེས་མོད། རྟོན་བཞིའི་དོན་ལ་གསལ་ཁ་ཅུང་ཙམ་གཏོད་དགོས་རྒྱུ་རེད། དེ་ཡང་དཔེར་ན། སངས་རྒྱས་བཅོམ་ལྡན་འདས་དང་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལྟ་བུ་གང་ཟག་ཁྱད་པར་ཅན་དུ་གྲགས་པ་དང་གོ་ས་མཐོ་བ་སོགས་རྒྱུ་མཚན་དུ་བྱས་ནས་དེ་དག་གི་གསུང་ཚད་མི་བསླུ་བ་དང་བདེན་པ། ཡང་དག་པ་སོགས་སུ་ཁས་མི་ལེན་པར། ཁོང་རྣམ་པས་གསུངས་པའི་བརྗོད་བྱ་རྗོད་བྱེད་ཀྱི་ཆོས་རྣམས་ལ་རིགས་པ་ཡང་དག་དང་རྒྱུ་མཚན་རྣམ་དག་གིས་དཔྱད་ནས་གནོད་པ་མེད་ན་དེ་ལྟར་ཁས་ལེན་པ་ལྟ་བུ་ནི་གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་པའི་དོན་དང་། བཀའ་དང་བསྟན་བཅོས་གང་ཡིན་ཡང་ཚིག་ཟིན་ལྟར་དུ་ཁས་བླངས་ན་ཡུལ་གྱི་གནས་ལུགས་སོགས་ལ་མི་བསླུ་བའི་ངེས་པ་མེད་པས་མཐའ་གཅིག་ཏུ་ཡིད་མི་རྟོན་པར་བརྗོད་བྱའི་དོན་དེ་དང་དེ་ལ་སྒྲུབ་བྱེད་རྣམ་དག་ཡོད་ན་དེ་ལྟར་དུ་ཁས་ལེན་པ་ནི་ཚིག་ལ་མི་རྟོན་པར་དོན་ལ་རྟོན་པའི་དོན་དང་། བཀའ་ལ་བརྗོད་བྱ་རྗོད་བྱེད་ཀྱི་དབང་དུ་བྱས་པའི་དྲང་དོན་དང་ངེས་དོན་གཉིས་གཉིས་ཡོད་པ་ལས། དྲང་དོན་ཀུན་རྫོབ་སྟོན་པའི་མདོའི་གསུང་ཚུལ་ལྟར་ཡུལ་གྱི་གནས་ལུགས་སུ་ཁས་མི་ལེན་ཞིང་། ངེས་དོན་སྟོང་ཉིད་སྟོན་པའི་མདོའི་གསུང་ཚུལ་ལྟར་ཡུལ་གྱི་གནས་ལུགས་སུ་ཁས་ལེན་པ་ནི་རྗོད་བྱེད་ཀྱི་དབང་དུ་བྱས་པ་དང་། ཀུན་རྫོབ་སྣ་ཚོགས་སུ་སྣང་བ་ལྟར་ཡུལ་གྱི་གནས་ལུགས་སུ་ཁས་མི་ལེན་པར་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་བདེན་པས་སྟོང་བ་དེ་ཡུལ་གྱི་གནས་ལུགས་སུ་ཁས་ལེན་པ་ནི་བརྗོད་བྱའི་དབང་དུ་བྱས་པའི་དྲང་དོན་ལ་མི་རྟོན་པར་ངེས་དོན་ལ་རྟོན་པའི་དོན་དང་། སྟོང་ཉིད་མ་རྟོགས་པ་རྣམས་ཀྱི་རྣམ་ཤེས་ལ་སྣང་བ་ལྟར་ཡུལ་གྱི་གནས་ལུགས་སུ་ཁས་མི་ལེན་ཞིང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་སྣང་བ་ལྟར་ཁས་ལེན་པ་ནི་རྣམ་ཤེས་ལ་མི་རྟོན་པར་ཡེ་ཤེས་ལ་རྟོན་པའི་དོན་རེད། འདིའི་སྐབས་ཀྱི་རྣམ་ཤེས་ལ་གཙོ་བོར་སྟོང་ཉིད་མ་རྟོགས་པའི་རྒྱུད་ཀྱི་རྣམ་ཤེས་དང་། ཡེ་ཤེས་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འཇོག་དགོས་པར་གསུངས། འདི་ནི་ཆོས་དོན་གཏན་ལ་དབབ་ཅིང་རྒྱུད་ལ་སྦྱོར་བའི་ནང་བའི་ཁྱད་ཆོས་ངོ་མཚར་བ་ཞིག་ཡིན་ཏེ། དྲང་ངེས་ལེགས་བཤད་སྙིང་བོ་ལས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་བོ་དེ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར། ཞེས་གསུངས་པ་ལྟར་རོ། །Jhcརྗེ་ཙོང་ཁ་པའི་དྲ་བ།

        གཞན་ཡང་བྱ་བ་སྒྲུབ་པའི་རིགས་པ་དང་། ལྟོས་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཅས་རིགས་པ་བཞི། ལས་ངེས་པ་དང་། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བ་བཅས་ལས་འབྲས་སྤྱིར་བསམ་ཚུལ་བཞི། གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་སོགས་གང་ལ་དཔག་ཀྱང་། ནང་ཆོས་ནི་རིགས་པ་ཡང་དག་དང་སྒྲུབ་བྱེད་རྣམ་དག ཁུངས་དང་རྒྱུ་མཚན། གནས་ལུགས་དང་དོན་དངོས་འཚོལ་ཞིང་དེའི་སྒོ་ནས་གཏན་ལ་ཕབ་པའི་ཆོས་ལུགས་ཤིག་ཡིན་ཏེ། དཔེར་ན། སྐྱབས་འགྲོའི་སྐབས། སྐྱབས་སུ་འགྲོ་དགོས་པའི་རྒྱུ། སྐྱབས་སུ་འགྲོ་སའི་ཡུལ། མཆོག་གསུམ་སྐྱབས་ཀྱི་མཐར་ཐུག་ཏུ་བཀུར་དགོས་པའི་རྒྱུ་མཚན། མཆོག་གསུམ་གྱི་ཡོན་ཏན་དང་ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བས་སྐྱབས་སུ་འགྲོ་ཚུལ། སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ། དལ་འབྱོར་གྱི་རྟེན་བཟང་བོ་འདི་རྒྱུ་དཔེ་ངོ་བོ་གསུམ་གྱི་སྒོ་ནས་རྙེད་དཀའ་བའི་རྒྱུ་མཚན། རྩ་བ་གསུམ་དང་རྒྱུ་མཚན་དགུས་མི་རྟག་པར་ངེས་པ་རྙེད་ཚུལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་ཚུལ་རྒྱུ་མཚན་བརྒྱད་དང་དྲུག་དང་གསུམ་གྱིས་གཏན་ལ་ཕབ་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་འཁོར་བར་འཁོར་ཚུལ། བདག་གཞན་མཉམ་བརྗེ་དང་ཐེག་ཆེན་སེམས་བསྐྱེད་འོས་པའི་བདེན་པ། ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་དང་རྟེན་ཅིང་འབྲེལ་འབྱུང་ཡིན་ཚུལ་སོགས་དཔྱད་གསུམ་དག་པའི་རིགས་ལམ་ལས་མ་ཐོན་པར་འོལ་ཚོད་དང་། རྫུན་བཟོ། སྐབས་བསྟུན་སོགས་བྱས་པ་ཞིག་གཞར་ཡང་མེད་པ་ཡིན་ནོ། །འོ་ད་དེ་འདྲ་ཞིག་རེད། ངས་དུས་ཚོད་ལ་མཉམ་འཇོག་རྩ་བ་ནས་བྱེད་ཀྱིན་མི་འདུག དགོངས་པ་མ་ཚོམས། འཕྲོས་བཤད་འདི་དག་ཅུང་མང་དྲགས་སོང་།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོ་འཛིན་པ། ངོ་མ་བཀའ་དྲིན་ཆེ། གསལ་བཤད་དེ་དག་གིས་ང་དང་ང་འདྲ་བ་མང་བོ་ཞིག་ལ་བློ་བསྐྱེད་མི་དམན་པ་བྱིན་ཡོད་ངེས། རེད་ལགས་དགེ་རྒན། ད་དུས་ཚོད་ཀྱང་མང་བོ་མི་འདུག་མོད། མཚམས་འདིར་ང་ལ་དྲི་བ་ཞིག་ཡོད་པ་ནི། བོད་ཀྱི་དགོན་སྡེའི་སློབ་གསོའི་གྲུབ་ཆ་གཙོ་བོ་གང་དག་ཡིན་པ་དང་། དེས་བོད་མི་རིགས་ལ་ཐེབས་པའི་ཤུགས་རྐྱེན་ག་འདྲ་རེད། འདིའི་སྐོར་ནས་ལན་མདོར་བསྡུས་ཤིག་གནང་རོགས།Jhcརྗེ་ཙོང་ཁ་པའི་དྲ་བ།
        ལྡོང་ཡོན་ཏན་རྒྱ་མཚོ། ཧ་ཧ། རེད་རེད། ད་མདོ་འཛིན་པས་ཀྱང་མདོར་བསྡུས་དགོས་གསུང་གིན་འདུག ད་མདོར་བསྡུས་ཀྱིས་བརྗོད་དགོས་རྒྱུ་རེད། བོད་ཀྱི་དགོན་སྡེའི་སློབ་གསོའི་སློབ་དེབ་ལ་གླེགས་བམ་གྱི་ཆ་ནས་བཀའ་འགྱུར་བསྟན་འགྱུར་ཏེ་རྒྱ་གར་ནས་བསྒྱུར་བའི་པོད་སུམ་བརྒྱ་ལྷག་དང་། བོད་རང་གི་མཁས་པས་བརྩམས་པའི་པོད་ཁྲི་ཕྲག་མང་བོ་༼པོད་ཁྲི་བཅུ་དྲུག་ལྷག་ཡོད་པར་བརྗོད་མཁན་དང་ཁྲི་ཉི་ཤུ་ལྷག་ཡོད་པར་བརྗོད་མཁན་ཡང་ཡོད་མོད་ཁ་གསལ་གྱི་རྩིས་ཤིག་སུས་བརྒྱབ་ཡོད་ཨང་༽ཞིག་ཡོད། རྒྱལ་ཁབ་དང་མི་རིགས་གཞན་ལའང་དགོན་སྡེའི་སློབ་གསོ་ཡོད་མོད། བོད་ཀྱི་དགོན་སྡེའི་སློབ་གསོའི་བརྗོད་བྱའམ་རྣམ་པའི་ངོས་ནས་བཤད་ན། ཆོས་ལུགས་གཅིག་པུ་མ་ཡིན་པར་སྣ་མང་སྣེ་འདུས་ཀྱི་རྨུགས་འཛིན་དབང་བོའི་བང་མཛོད་ལྟ་བུ་ཞིག་སྟེ། དབུ་ཅན་དང་དབུ་མེད་ཀྱི་རིགས་མང་བོ་དང་ལན་ཝར་གྱི་བྲིས་སོགས་མཛེས་རྩལ་གྱི་ཚན་ཁག སུམ་རྟགས་དག་གསུམ་སོགས་སྐད་ཡིག་གི་ཚན་ཁག སྙན་ངག་ལ་སོགས་པ་རྩོམ་རིག་གི་ཚན་ཁག བསྡུས་གྲྭ་དང་བློ་རྟགས་རྣམ་འགྲེལ་སོགས་མཚན་ཉིད་རིག་པའི་ཚན་ཁག ལུས་ངག་ཡིད་གསུམ་གྱི་བཟོ་སྟེ་གཞན་རྗེས་འཛིན་ནམ་དཔལ་འབྱོར་གྱི་ཚན་ཁག དཔལ་ལྡན་གསོ་བ་རིག་པའི་ཚན་ཁག སྐར་རྩིས་དང་། ནག་རྩིས། རྒྱ་རྩིས། དབྱངས་འཆར་གྱི་རྩིས་སོགས་གནམ་རིག་སྐར་རྩིས་ཀྱི་ཚན་ཁག སེམས་སེམས་བྱུང་དང་བློ་རིག་སོགས་སེམས་ཁམས་རིག་པའི་ཚན་ཁག་སྟེ་དེང་རབས་ཚན་རིག་གིདཔྱད་ཡུལ་ལས་འགོངས་པའི་གཞུང་ལུགས་མང་བོ། ས་ལམ། དོན་བདུན་ཅུ། ཕར་ཕྱིན་སོགས་འཇིག་རྟེན་ལས་འདས་པའི་རིག་གནས། སྐྱབས་ཁྲིད། བློ་སྦྱོང་། ལམ་རིམ་སོགས་མི་གཤིས་སློབ་གསོའི་ཚན་ཁག གྲུབ་མཐའ་དང་དབུ་མ་སོགས་ལྟ་བའི་ཚན་ཁག མངོན་པ་མཛོད་སོགས་ས་ཁམས་དང་གོ་ལའི་ཚན་ཁག རྟེན་འབྲེལ་སོགས་ལྟོས་གྲུབ་ཀྱི་རིག་པ། འབུད་རྡུང་དཀྲོལ་གསུམ་ལ་སོགས་པ་རོལ་མོའི་ཚན་ཁག ཞི་རྒྱས་དབང་དྲག་དང་གསང་བདེ་འཇིགས་གསུམ་སོགས་ཀྱི་ཐིག་དང་རྡུལ་མཚོན་བློས་བསླངས་སོགས་བཟོ་བསྐྲུན་རིག་པའི་ཚན་ཁག མེ་རི་བཅའ་བཟོ་གཏོར་མ་མཆོད་བཤམས་སོགས་ལས་རིགས་ལག་རྩལ་གྱི་ཚན་ཁག གར་དང་འཆམ། དབྱངས་བར་རྟ་སོགས་སྒྱུ་རྩལ་གྱི་ཚན་ཁག ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཆགས་ཚུལ་སོགས་ཚེ་སྲོག་རིག་པའི་ཚན་ཁག སོ་ཐར་རིས་བདུན་གྱི་བཅས་ཁྲིམས་སོགས་འདུལ་བའི་སྡེ་སྣོད་ནས་བསྟན་པའི་མི་ཆོས་ཀུན་སྤྱོད་རིག་པའི་ཚན་ཁག རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་སོགས་རྣམ་ཤེས་ཀྱི་རིག་པ། རྡུལ་ཕྲན་ལ་ཕྱོགས་ཆ་ཡོད་མེད་སོགས་རྡུལ་ཕྲན་རིག་པའི་ཚན་ཁག རྩ་འཁོར་དྲུག་དང་དབུ་རྐྱང་རོ་གསུམ་གྱི་བཤད་པ་སོགས་མི་ལུས་རིག་པའི་ཚན་ཁག གསང་སྔགས་རྫས་སྦྱོར་དང་མངོན་སྤྱོད་སོགས་རྫས་འགྱུར་རིག་པའི་ཚན་ཁག འབྱུང་བཞིའི་ངོ་བོ་དང་སྐྱེ་འཕེལ་སོགས་ས་རྒྱུས་རིག་པའི་ཚན་ཁག རྟོགས་བརྗོད། དེ་ལྟ་བུ་བྱུང་། སྐྱེས་རབས་སོགས་ལོ་རྒྱུས་རིག་པའི་ཚན་ཁག ལབ་ཙེ་བསྟོད་པ། ཡུལ་ཁྲུས་བྱེད་པ། བུམ་གཏེར་འཇོག་པ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་ཁག བསང་དང་དགྲ་ལྷ་དཔང་བསྟོད། གཡང་འབོད་གཡང་འགུགས་སོགས་དད་ལྡན་རྗེས་འཛིན་གྱི་ཚན་ཁག མི་དགེ་བཅུ་སྤོང་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཆོས་སྲིད་ཟུང་འབྲེལ་གྱི་ཁྲིམས་ལུགས་རིག་པ། དབང་ལུང་མན་ངག་སོགས་དངོས་གྲུབ་དང་བྱིན་རླབས་གྱི་སྐོར། ཟབ་མོ་སྟོང་བ་ཉིད་སོགས་སྨྲ་བསམ་བརྗོད་འདས་ཀྱི་རིག་པ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཞི་བདེའི་གཡང་འགུག་གི་རིག་པ་སོགས་མིང་ཙམ་ཡང་བགྲངས་ནས་མི་ཚར་བ་ལྟ་བུ་ཡོད་མོད། འདི་དག་གི་ངོ་བོ་གོང་དུའང་མདོ་ཙམ་གླེང་ཟིན་ལ་རྒྱས་པར་ཞུ་ཁོམ་མི་འདུག བོད་ཀྱི་དགོན་སྡེའི་སློབ་གསོའི་ཁྱད་ཆོས་དང་དམིགས་ཡུལ་གཙོ་བོ་ནི་མིའི་རིགས་ཀྱི་བསམ་བློ་ཇེ་ལེགས་སུ་གཏོང་རྒྱུ་དང་། ཀུན་སྤྱོད་ཚད་ལྡན་ལ་བསྒྱུར་རྒྱུ། གཞན་ཕན་གྱི་བྱ་བཞག་བསྒྲུབ་པ། ཐོག་མར་རང་གི་སྡེར་གཏོགས་པའི་རྒྱལ་ཁབ་དང་མི་རིགས་སོགས་ལ་ཕན་བདེ་བསྐྲུན་པ། རིམ་གྱིས་དབུགས་ལྡན་སྐྱེ་འགྲོ་ཡོད་དོ་ཅོག་སྡུག་བསྔལ་ལས་སྒྲོལ་རྒྱུ་དང་བདེ་བར་འགོད་རྒྱུ་དེ་རེད།Jhcརྗེ་ཙོང་ཁ་པའི་དྲ་བ།

        ཚད་གཞི་འདི་དང་དམིགས་ཡུལ་འདིས་བོད་མི་རིགས་ལའང་གོས་ལ་སྣུམ་ཞུགས་པ་བཞིན་བཟང་ཕྱོགས་ཀྱི་ཤུགས་རྐྱེན་གང་ལ་གང་འཚམ་ཞིག་ཐེབས་ཡོད་ངེས་ཏེ། ལོ་རྒྱུས་ཁྲོད་གསལ་བ་ལྟར་ན། རང་རེའི་མི་རིགས་འདི། སྲིན་པོ་ཤ་ཟན་གདོང་དམར་ཞེས་གཤིས་རྒྱུད་གྱོང་ལ་གདུག་རྩུབ་ཆེ་བ། གཡུལ་ལ་དགའ་བ། དཔའ་ཞིང་གཏུམ་པ་ཞིག་ཡིན་ཚོད་འདུག་མོད། ནང་ཆོས་བོད་ལ་དར་བའི་ལོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་གི་རིང་། རིམ་གྱིས་རིམ་གྱིས་གཤིས་རྒྱུད་ཇེ་འཇམ་དང་། སེམས་རྒྱུད་དྲང་བ། ཞི་བདེར་དགའ་བ། ཇག་ལས་ལ་བྱོལ་བ། ཁ་ཁོག་མཐུན་པ། གཞན་ཕན་ལ་དགའ་བ། རྒན་བཀུར་གཞོན་བྱམས་བྱེད་པ། ཕྱི་ཐག་རིང་བ། དྲང་བདེན་གཙིགས་སུ་འཛིན་པ། ལྟ་ལོག་ལ་ཐན་དུ་བལྟ་བ། ངོ་ཚར་འཛེམ་པ། ཁྲེལ་ཡོད་པ། ཐ་ན་ཀ་ཁའི་མགོ་རྔ་ཙམ་ཡང་མི་ཤེས་པའི་བོད་རིགས་ཞིང་འབྲོག་མང་ཚོགས་ཤིག་ཡིན་ནའང་དཀོན་མཆོག་གསུམ་ལ་མོས་གུས་ཡོད་པ། ལས་འབྲས་ལ་ཡིད་ཆེས་བརྟན་པ། དད་པ་དང་དམ་ཚིག་འཆི་བ་སྲོག་ལ་བབས་ཀྱང་མི་གཏོང་བ། མི་ཚེ་གང་བོར་གཟུངས་སྔགས་དུང་ཕྱུར་མང་བོ་བཟླས་པ། འཆི་བའི་ཚེ་མི་འཇིགས་པའི་གདེངས་ཐོབ་པ། གོད་ཆག་སོགས་ཇི་འདྲ་བྱུང་ཡང་སྔོན་ལས་ཀྱི་འབྲས་བུ་ལ་བསམ་སྟེ་བཟོད་སྲན་ཐུབ་པ། རྒྱུ་འབྱོར་ལོངས་སྤྱོད་ཐོབ་དང་གོ་ས་སོགས་ཅི་ཙམ་ཐོབ་ཀྱང་དཀོན་མཆོག་གི་བྱིན་མཐུར་བསམ་པ་ལས་ཚད་བརྒལ་གྱི་ཁེངས་པ་མི་བྱེད་པ། དགེ་བ་ཅི་བྱས་སངས་རྒྱས་བསྟན་པ་རྒྱས་ཤིང་སེམས་ཅན་ལ་བདེ་སྐྱིད་འཐོབ་པའི་རྒྱུར་ཁ་ཙམ་མ་ཡིན་པར་བསྔོ་ཕོད་པ། རང་གི་ཁེ་ཕན་གཅིག་པུར་མི་བསམ་པ། མཆོད་འབུལ་དང་སྦྱིན་གཏོང་ལ་དགའ་བ། མདོ་སྨད་ཤར་མཐའ་ནས་དབུས་གཙང་གི་བར་དང་། དེ་ནས་བལ་བོ་དང་རྒྱ་གར་ལའང་བརྐྱངས་ཕྱག་འཚལ་ནས་འགྲོ་བ། ཕའམ་མ་ཁུར་ནས་དབུས་མཇལ་སོགས་ལ་འགྲོ་བ། སྲོག་ཆགས་གང་བྱུང་དུ་མི་གསོད་པ། སྐྱེ་དངོས་གང་འདོད་དུ་མི་གཅོད་པ། གཏེར་ཁ་གང་རྙེད་མི་བསྔོག་པ། ཁོར་ཡུག་གཅེས་སྐྱོང་བྱེད་པ། ཁོ་མི་ཆད་པ། འུར་མི་ལངས་པ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དངོས་གནས་པ་ཟེར་ན་ཅུང་དཀའ་རྒྱུ་རེད་མོད། གཞན་ཕན་གྱི་བསམ་བློ་སོགས་སེམས་རྒྱུད་ལ་རང་ཆས་སུ་ཡོད་པ་སོགས་ནི། བོད་མི་རིགས་ལ་བོད་ཀྱི་སློབ་གསོ་སྤྱི་དང་ཁྱད་པར་ནང་ཆོས་ཀྱི་སློབ་གསོས་བསྐྱེད་ཅིང་བསྲིངས་པའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ནམ་ཡར་རྒྱས་ཤིག་ལོས་ཡིན་སྙམ། འཛམ་གླིང་གཟུར་གནས་ཤེས་ལྡན་པ་མང་བོ་ཞིག་གིས་དགའ་མོས་བྱེད་བཞིན་པ་འདི་ཡང་བཟང་ཕྱོགས་ཀྱི་རྒྱུ་མཚན་ཞིག་ཡོད་པ་མིན་ན་གང་ཡིན། ཧ་ཧ། ལ་ལ་ངའི་དད་ཞེན་དང་རིགས་ཞེན་གྱི་དབང་དུ་ཤོར་ཡོད་ན་མཐོལ་ལོ་བཤགས་ཟེར་དགོས་རྒྱུ་རེད།༼མདོ་འཛིན་པ་དང་འཆད་ཁྲིད་པ་གཉིས་ཀྱི་དགོད་སྒྲ༽ད་ལྟ་ངེད་གཉིས་ཀྱིས་དགོན་སྡེའི་སློབ་གསོའི་གྲུབ་ཆའམ་ཁྱད་ཆོས་དང་དེས་བཟང་ཕྱོགས་ནས་ཤུགས་རྐྱེན་ཅི་འདྲ་ཐེབས་ཚུལ་གླེང་བཞིན་པ་རེད། དེ་མ་གཏོགས། རང་རེ་བོད་ཀྱི་ནང་དུ། གཤིས་རྒྱུད་ངན་པ་ཅན་དང་། ཕྲག་དོག་དང་འཁོན་སེམས་ཅན། མ་རབས་ཀྱི་ལས་སྣ་ཚོགས་ལ་འཇུག་མཁན་མི་འདུག་ཅེས་མངོན་སུམ་ལ་བསྙོན་འདིང་གིན་མེད། དེ་དག་འགེབས་སྲུང་བྱེད་དགོས་དོན་ཡང་མི་འདུག་མོད། དེ་རིང་ཐེར་འདོན་བྱེད་པའི་ཉི་མ་མ་རེད། ཐེར་འདོན་བྱེད་རྒྱུ་མང་དྲགས་ན་བསམ་ཡུལ་ལས་འདས་པའི་ཆག་སྒོ་མགོ་ཐོག་ཏུ་ལྷུང་ཡང་སྲིད། ཨ་ལ་ཀུ་རེ་ཡིན། མདོ་འཛིན་པ་ལགས། ད་གྲུབ་ཆ་དང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སོགས་ངས་ཕལ་ཆེར་དེ་འདྲ་ཞིག་ཨེ་ཡིན་ནམ་སྙམ་གྱིན་ཡོད།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོ་འཛིན་པ། རེད་ལགས། རེད་ལགས། བར་སྐབས་འདི་ནས་ང་ལ་དྲི་བ་དམིགས་བསལ་བ་ཞིག་འདྲི་རྒྱུ་ཡོད། དེ་ནི་ད་སྐབས་བོད་ཀྱི་གཞོན་སྐྱེས་རེ་འགས། བོད་ཀྱི་དགོན་སྡེའི་སློབ་གསོས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་ལ་གནོད་པ་ཐེབས་རབས་དང་འགལ་རྐྱེན་བཟོས་རབས་མང་བོ་གླེང་ཞིང་དེའི་ཕྱོགས་ཀྱི་རྩོམ་ཡིག་ཀྱང་སྤེལ་བཞིན་པ་ཉུང་ཉུང་མ་རེད། དགེ་རྒན་ཁྱེད་ལ་འདིའི་ཕྱོགས་སུ་ལྟ་ཚུལ་ག་འདྲ་ཡོད།Jhcརྗེ་ཙོང་ཁ་པའི་དྲ་བ།
        ལྡོང་ཡོན་ཏན་རྒྱ་མཚོ། རང་གི་བསམ་ཚུལ་འདོན་རྒྱུ་དང་རྩོམ་ཡིག་སྤེལ་རྒྱུ་ནི་གང་ཟག་སྒེར་གྱི་ཁེ་དབང་ཞིག་ཡིན་པས་བསམ་ཚུལ་འདྲ་མིན་འདོན་འོས་པ་དང་འདོན་སྲིད་པ་ཞིག་རེད། དེར་ང་ལ་དམིགས་བསལ་བའི་ལྟ་ཚུལ་དང་ཧང་སངས་པའི་འདུ་ཤེས་གང་ཡང་མེད། ལྷག་པར་དུ་གཞོན་སྐྱེས་དཔའ་སྤོབས་ཅན་མང་བོ་ཞིག་གིས་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་སོགས་སྔར་འཕེལ་རྒྱས་སུ་མ་སོང་བའི་གནད་འགག་འཚོལ་ཞིབ་དང་མ་འོངས་པར་རང་རྐྱ་ཐུབ་པའི་སྒོ་ནས་ཇི་ལྟར་འཕེལ་རྒྱས་སུ་འགྲོ་བའི་ཕྱོགས་ལ་བསམ་གཞིག་གཏོང་བཞིན་པ་ནི་ཤིན་ཏུ་དགའ་འོས་པ་དང་། ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱེད་འོས་པ་ཞིག་ཀྱང་རེད། འོན་ཀྱང་། སློབ་གསོས་ཤུགས་རྐྱེན་ཐེབས་ཚུལ་མི་འདྲ་བའམ། ཁོར་ཡུག་གིས་བསྐྱེད་པའི་བག་ཆགས་ཐེབས་ཚུལ་མི་འདྲ་བ། སྦྱང་བའི་རིག་གཞུང་མི་འདྲ་བ། ཁྱད་པར་དུ་ཁམས་དང་མོས་པའི་དབང་གིས་བསམ་གཞིག་གཏོང་ཚུལ་དང་ངོས་འཛིན་བྱེད་སྟངས་མི་འདྲ་བ་སོགས་རྒྱུ་དང་རྐྱེན་དུ་མ་ཞིག་ཡོད་རྒྱུ་རེད་དེ། ངས་བོད་ཀྱི་དགོན་སྡེའི་སློབ་གསོས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་ལ་གནོད་པ་ཐེབས་པ་དང་འགལ་རྐྱེན་བཟོས་འདུག་སྙམ་ཡེ་ནས་མ་མྱོང་། རྒྱུ་མཚན་གང་ཡིན་ཞེ་ན། སྟོབས་འབྱོར་མངའ་ཐང་རྒྱས་ཀྱང་ཁྱད་འཕགས་རིག་གཞུང་མེད་པའི་མི་རིགས་དེ་ནི་བླུན་པོ་དང་། རྒྱུ་འབྱོར་ལོངས་སྤྱོད་འཛོམས་ཀྱང་ཁྱད་འཕགས་བསམ་བློ་མེད་པའི་མི་རིགས་དེ་ནི་དབུལ་བོ་རེད། དེས་ན་བོད་ཀྱི་དགོན་སྡེའི་སློབ་གསོའི་གཞུང་ལུགས་དག་ནི་ཕུན་སུམ་ཚོགས་པ། འཐུས་སྒོ་ཚང་བ། དཔྱད་བཟོད་པ། བོད་ཙམ་མ་ཡིན་པར་མིའི་རིགས་སྤྱིའི་བསམ་བློའི་དགོས་མཁོ་སྐོང་ཐུབ་པ་ཞིག་ཡིན་པ་ནི་ཕལ་ཆེར་གཟུར་གནས་དྲན་དབང་ཡོངས་ཀྱིས་གཅིག་མཐུན་དུ་ཁས་ལེན་ཐོབ་པ་ཞིག་རེད། འདིར་མང་བོ་བཤད་ལོང་མི་འདུག་ཀྱང་། ངས་ཚབ་མཚོན་གྱི་དཔེ་གཅིག་འདྲེན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཅར་ལི་སེ་ཇི་རོ་སེས་རྩ་ཁྲིམས་ཚོམས་ཆེན་ནང་བསྩལ་བའི་བཀའ་སློབ་ཅིག་ཏུ། བོད་ཀྱི་ནང་བའི་ཆོས་ནས་མི་སྒེར་སོ་སོའི་འཕེལ་རིམ་སྐོར་བཤད་པ་འདི་ནི་བསམ་བློའི་གནས་ཚད་མཐོན་པོ་ཞིག་ལ་སོན་ཆེད་སེམས་ཀྱི་ཡར་རྒྱས་དོན་དུ་གཉེར་མཁན་ཇེ་མང་དུ་འགྲོ་བཞིན་པའི་ང་ཚོའི་མི་མང་གི་འདོད་པ་དང་མཐུན་པ་ཞིག་རེད། ཅེས་དང་། ང་ཚོའི་རྒྱལ་ཁབ་ཀྱིས་ཨེ་ཤ་ཡའི་ཡ་ང་བའི་དམག་འཁྲུག་མང་བོའི་ནང་ཐེ་ཇུས་བྱས་མྱོང་། འོན་ཀྱང་། ད་ལྟའི་དུས་ཚོད་འདིར་ང་ཚོས་མནོ་བསམ་ནན་མོ་ཞིག་བཏང་སྟེ། བོད་ཀྱི་ནང་ཆོས་ཀྱིས་མཚོན་པའི་ཞི་བདེ་གཞི་རྩར་བཞག་པའི་ཨེ་ཤ་ཡའི་ཆོས་ཚུལ་ཁག་སྐོར་གོ་རྟོགས་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱས་ཏེ། བྱམས་བརྩེ་དང་གནས་ཚུལ་ཤེས་རྟོགས་བརྒྱུད་རང་ཉིད་བཅོས་བསྒྱུར་བྱེད་པའི་ཐབས་ལམ་འཚོལ་དགོས། ཞེས་བརྗོད་འདུག འདི་ནི་འཛམ་གླིང་སྟོབས་ཀྱིས་བཟུང་བའི་སྔོན་ཐོན་རྒྱལ་ཁབ་ཅིག་གིས་བོད་ཀྱི་དགོན་སྡེའི་སློབ་གསོར་བཟུང་བའི་ལྟ་ཚུལ་རེད། དེས་ན་ང་ཚོའི་གཞོན་སྐྱེས་རེ་འགས། དེ་ལྟ་བུའི་ཁྱད་འཕགས་རིག་གཞུང་ཞིག་གིས་གནོད་པ་ཐེབས་རབས་དང་འགལ་རྐྱེན་བཟོས་རབས་བཤད་ན་སྨྲ་བ་བོ་ཁོ་རང་རྒྱུ་འབྲས་ཀྱི་བློ་མིག་ལྡོངས་ཤིང་དཔྱད་པའི་བློ་སྟོབས་མ་རྫོགས་པ་ཞིག་ཡིན་པ་ལས་གཞན་ཅི་ཡང་མཚོན་མི་ནུས་ཏེ། བོད་ཀྱི་དགོན་སྡེའི་སློབ་གསོས་བོད་མི་རིགས་འདི་འཛམ་གླིང་ཅན་དུ་བསྒྱུར་ཡོད་ལ། བོད་ཀྱི་དགོན་སྡེའི་སློབ་གསོས་བོད་མི་རིགས་ཙམ་མ་ཡིན་པར་སྐྱེ་དགུ་ཡོངས་ལ་ཚད་མེད་པའི་བདེ་དགའ་དང་ཞི་བདེའི་གཞིས་ཁྱིམ་དྲོན་མོ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད་པ་མངོན་སུམ་ལྟོས་གྲུབ་ཡིན་པས། ཤེས་ནས་སྨྲ་བ་བོ་ཞིག་ཡིན་ན་མངོན་སུམ་ལ་བསྙོན་འདིང་ག་ལ་ཕོད། མ་མཐའ་ཡིན་ཡང་བླང་དོར་དབྱེ་འབྱེད་བྱེད་ནུས་པའི་རང་གི་བློ་དང་རིག་པར་བརྩི་བཀུར་ཞིག་ཀྱང་བྱེད་ལོས་དགོས། དོན་དངོས་ཁས་ལེན་མི་ཕོད་པ་དང་། བདེན་པ་བདེན་དྲང་གླེང་མི་ཕོད་མཁན་དག་ནི་ངས་རྡར་མའི་མཐར་ཐུག་ལ་འཇོག་པར་འདོད། ང་ནང་ཆོས་པའི་གྲལ་མཐར་འཁོད་མཁན་ཞིག་དང་ང་དགེ་འདུན་པའི་གཟུགས་བརྙན་ཙམ་འཛིན་མཁན་ཞིག ང་དགོན་སྡེའི་སློབ་གསོའི་འོད་ངོགས་ན་འཚོ་མཁན་ཞིག་དང་ང་སྲོལ་རྒྱུན་རིག་གཞུང་ལ་སྦྱང་བ་ཕྲན་བུ་ཞིག་བྱས་མྱོང་མཁན་ཞིག་ཡིན་པའི་ཆ་ནས་ངས་དེ་རིང་བོད་ཀྱི་དགོན་སྡེའི་སློབ་གསོའི་ཞེན་ཁོག་དང་ལ་རྒྱ་བཟུང་ནས་བཤད་ཀྱིན་མེད། ད་ལྟ་ངེད་གཉིས་ཀྱིས་བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་ལ་རང་གི་ལྟ་ཚུལ་རེ་འདོན་བཞིན་ཡོད་པས། བློ་ཁོག་ཡངས་མོ་དང་ཁ་སེམས་དྲང་མོས་བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་སོགས་ལ་ལྷོད་ལྷོད་བྱས་ཏེ་ཕྱི་མིག་ཐེངས་གཅིག་བལྟ། བོད་ཀྱི་ལོ་རྒྱུས་ཁྲོད་ཕྱོགས་གང་ཐད་ནས་རང་རེ་ཆེས་དར་རྒྱས་གོང་འཕེལ་དུ་སོང་བ་ནི། རྒྱལ་བོ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་བ་ཅན་སོགས་ཀྱི་དུས་སྐབས་རེད། དེ་དུས་བོད་ཀྱི་རིག་གནས་དང་དཔལ་འབྱོར། དམག་དོན། ཆབ་སྲིད། མངའ་ཐང་སོགས་གང་གི་ཆ་ནས་བསམ་ཡང་ཡ་གླིང་ཤར་རྒྱུད་ན་མགོ་འཕང་འཕང་མཐོ་མཐོ་བྱས་ཏེ་བསྡད་ཡོད་ལ། ཁྱིམ་མཚེས་རྒྱལ་ཁབ་སུས་ཀྱང་གནོད་པས་མ་ཚུགས། རྒྱལ་བོ་འདི་དག་གི་རིང་ལ་ནང་ཆོས་སམ་བོད་ཀྱི་དགོན་སྡེའི་སློབ་གསོའི་ངོས་ནས་གླེང་ནའང་ཡར་ཚེས་ཟླ་བའི་དཔལ་ལ་འགྲོགས་པའི་དུས་སྐབས་ཤིག་རེད། དགོན་སྡེའི་སློབ་གསོས་བོད་མི་རིགས་འཕེལ་རྒྱས་ལ་བཀག་འགོག་དང་འགལ་རྐྱེན་བཟོ་ན་དུས་དེར་ཅིའི་ཕྱིར་མ་བཟོས་པ་རེད། འདི་ནི་ད་ལྟའི་གཞོན་སྐྱེས་རེ་འགར་ལོ་རྒྱུས་ཀྱིས་བཏོན་པའི་དྲི་བ་ཞིག་རེད། གལ་ཏེ་བཟོས་ཡོད་ན་རེ་རེ་བཞིན་རྒྱུ་མཚན་དང་བཅས་ཏེ་གསལ་བཤད་གནང་དགོས། འདི་ནི་རང་གིས་བཤད་པའི་སྐད་ཆར་འགན་ཁུར་སྟངས་ཀྱི་མ་མཐའི་ཆ་རྐྱེན་ཞིག་རེད། དོན་དག་གཞན་ཞིག་ལ། ས་སྒང་རིལ་མོ་འདིའི་མི་རིགས་གང་ཞིག་ཡིན་རུང་ལྟ་བ་ཡོད་པའམ་མེད་པའི་ཆོས་ལུགས་ཅི་རིགས་རེར་དད་པ་མ་བྱས་པ་ཞིག་ཕལ་ཆེར་བགྲང་རྒྱུ་མེད། དེ་དག་སུ་ཞིག་གིས་དུས་ནམ་ཞིག་ལ་རང་གི་ཆོས་ལུགས་སློབ་གསོ་དེ་མེད་པར་བཏང་འདུག ཚོགས་པའམ་མི་སྒེར་རེ་གཉིས་ཀྱིས་འགས་གཏོར་བྱེད་པར་བརྩོན་ཡང་། མི་རིགས་སྤྱི་ཡོངས་ནས་ཐབས་ཤེས་གང་ཡོད་བཏོན་ཏེ་ཡང་བསྐྱར་སྲུང་སྐྱོབ་དང་དད་མོས་བྱས་མི་འདུག་གམ། དོན་འདིར་ཡང་བསམ་གཞིག་མི་གཏོང་རང་གཏོང་ཞིག་ཆགས་ཡོད། གལ་ཏེ་དགོན་སྡེའི་སློབ་གསོ་འདི་མེད་པར་བྱས་ཚེ་རང་མི་རིགས་འཕེལ་རྒྱས་སུ་འགྲོ་བ་དོན་དངོས་ཡིན་ན་ངས་ཀྱང་ཨུ་ཚུགས་རྒྱག་མི་ཕོད་མོད། འུ་དུམ་བཙན་པོའི་དུས་སྐབས་ནས་མི་ལོ་བདུན་ཅུ་ལྷག་དང་། མང་ཚོགས་བཅོས་བསྒྱུར་དང་རིག་གནས་གསར་བརྗེའི་དུས་སྐབས་ཀྱི་མི་ལོ་ཉི་ཤུ་ལྷག་གི་རིང་བོད་ཀྱི་དགོན་སྡེའི་སློབ་གསོ་རྨང་ནས་བཅོམ་ཞིང་རྩད་ནས་རྫོགས་ལ་ཁད་པར་གཏུགས་མོད། ཡར་རྒྱས་ལྟ་ཅི་ཐ་ན་ལྟོ་རྒྱབ་ཀྱང་མ་ཁེབས་པར་ལྟོགས་ཤིར་ཐེབས་པ་གཅིག་པུའི་གྲངས་ཀའང་མི་ལོན་པའམ་ལེན་མི་ཕོད་པའི་ཚད་དུ་གཏུགས་པ་མ་ཡིན་ནམ། དེའི་ཕྱིར་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན། རིག་གནས་ཤིག་གམ་བླ་སྤྲུལ་ཁ་ཤས་ལ་དམོད་ཚིག་རེ་བསྒྲགས། ཅི་ཞིག་ལ་ཁག་བཀལ་ནས་སམ་རང་དོན་རྐྱང་རྐྱང་བསྒྲུབས་ཏེ་བསྡད་ན། ང་ཚོའི་འཕེལ་རྒྱས་དང་མདུན་བསྐྱོད་ནི་ཁ་གཡང་དྲོན་མོ་ཞིག་དང་ཐུན་གསུམ་རྨི་ལམ་ཞིག་གི་བདེ་དགའ་ཙམ་རེད།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོར་བསྡུས་ན། ཐུན་མོང་གི་ལས་དབང་ལ་ཐུན་མོང་གིས་འབད་བརྩོན་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཞིག་རེད་སྙམ། གོ་སྐབས་འདི་བརྒྱུད་ནས། ངས ༧ གོང་ས་མཆོག་གི་བཀའ་སློབ་ཅིག་ཏུ། བོད་མི་ཚོས་རང་ཡུལ་འཕྲོག་མཁན་དགྲ་བོ་སྣང་མེད་དུ་བཞག་ནས། བོད་མི་ནང་ཁུལ་ལ་ཚིག་སྐམ་སྟོང་བཤད་ཀྱིས་འཐེན་འཁྱེར་བྱེད་པ་དང་གཅིག རང་རིགས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བོར་ཏེ་རང་ཉིད་གཅིག་པུ་རང་མགོ་གང་ཐོན་བྱེད་པ་དང་གཉིས། ད་ལྟ་བོད་མི་རིགས་སྤྱིའི་བདེ་སྡུག་གནས་སྟངས་ཛ་དྲག་གང་འདྲ་ཞིག་གི་ཐོག་ཡོད་པ་ངོས་མ་ཟིན་པར་འབྱོར་ལྡན་རང་དབང་ཅན་གཞན་དག་ལ་དཔར་བཀབ་རྒྱས་སྤྲོས་བྱེད་པ་དང་གསུམ་ནི་ཤིན་ཏུ་འཁྲུལ་ཚབ་ཆེ་བས་མནོ་བསམ་ནན་ཏན་གཏོང་དགོས། ཞེས་པའི་ལམ་སྟོན་ལེགས་བཤད་དམ་པ་འདིས་དྲན་བསྐུལ་ཐེངས་གཅིག་བྱེད་འདོད་བྱུང་། ད་དུང་གསལ་བཤད་བྱེད་རྒྱུ་ཞིག་ལ། ངས་གོང་དུ་བོད་ཀྱི་དགོན་སྡེའི་སློབ་གསོ་རང་ངོས་ནས་བོད་མི་རིགས་ཀྱི་འཕེལ་རྒྱས་ལ་བཀག་འགོག་དང་འགལ་རྐྱེན་མ་བཟོས་ཞེས་པ་ལས། དེ་བེད་སྤྱོད་གཏོང་མཁན་གྱི་མི་སུ་ལའང་སྐྱོན་གཏན་ནས་མི་འདུག་ཅེས་བརྗོད་ཀྱིན་མེད། དགོན་སྡེའི་སློབ་གསོ་ལག་ཆ་བྱས་ཏེ་གཞན་ལ་མགོ་གཡོག་རྫུན་སྐོར་བྱེད་པ། རྒྱུ་ནོར་ལོངས་སྤྱོད་ལོག་འཚོས་ལེན་པ། རུ་སྡེ་ཕན་ཚུན་དང་གྲུབ་མཐའ་ཆོས་བརྒྱུད་བར་ལ་འགལ་འདུ་སློང་བ། བླ་སྤྲུལ་གྱི་མིང་ཐོབ་ཙམ་ལ་བརྟེན་ནས་ཆོས་མིན་གྱི་བྱ་སྤྱོད་དང་སྒེར་གཅོད་བྱེད་མཁན་སོགས་ཡ་ང་ཞིང་སྐྱུག་བྲོ་བའི་གནས་ཚུལ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་ནི་དངོས་ཡོད་གནས་ཚུལ་ཞིག་རེད། གནད་དོན་འདིའི་རིགས་ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་སེལ་ཐབས་དང་སྔོན་འགོག་བྱེད་དགོས། འོན་ཀྱང་དེ་ནི་དགོན་སྡེའི་སློབ་གསོ་ལག་བསྟར་བྱེད་མཁན་གྱི་གང་ཟག་སྒེར་བའི་སྐྱོན་ཆ་ཞིག་ལས་དགོན་སྡེའི་སློབ་གསོའི་སྐྱོན་ཆ་ཞིག་མ་ཡིན་པའི་གལ་གནད་དེ་ཅིས་ཀྱང་ཤེས་དགོས་པ་ཞིག་རེད། དེ་ནས། ང་ལ་འདི་འདྲའི་བསམ་ཚུལ་ཞིག་ཡོད། ད་ལྟ་བོད་རིགས་གཞོན་སྐྱེས་མང་བོ་ཞིག་གིས་གནའ་དེང་རིག་གཞུང་ལ་འགལ་འདུ་ཡོད་མེད། སྙན་ངག་ཅེས་པ་ཁ་དམ་དགོས་མི་དགོས། བཅད་གསར་གྱི་སྒྱུ་རྩལ་ཟེར་བ་འདོད་གཏམ་བཤད་པ་དེ་ཡིན་མིན། དགོན་སྡེའི་སློབ་གསོ་ལ་དགེ་མཚན་ཡོད་མེད། ནུབ་ཕྱོགས་གསར་བརྗེ་བ་ཚོས་ཇི་ལྟར་གསར་བརྗེ་བྱས་ཚུལ། བླ་མས་ཆོས་གསུངས་པ་དེ་འགྲིག་མིན། གྲྭ་བས་སྡོམ་ཁྲིམས་སྲུང་ཚུལ་དེ་ཡག་མིན། བླ་གྲྭ་གྲོང་ཁྱེར་དུ་འགྲོ་ཆོག་མིན། རྒྱ་ཡི་སློབ་མར་ཆོས་གསུང་ཆོག་མི་ཆོག ཡིག་ཆ་ཕན་ཚུན་མཐུན་མི་མཐུན་སོགས་འོས་སུ་མི་ཆེ་ཞིང་འགན་དུ་མ་བབས་པ་ལྟ་བུ་མང་བོ་གླེང་ཞིང་བྲིས་ནས་དུས་ཚོད་ཟད་ཀྱིན་ཡོད། དེ་བས། ཁྱོད་ཚོས་འཇིག་རྟེན་མི་ཆོས་དང་དངོས་པོའི་རིག་གནས་ཀྱི་ཕྱོགས་ལ་ཤུགས་བསྐྱེད་ན་མི་ལེགས་སམ། དངོས་པོའི་རིག་གནས་དང་ལས་རིག་ལག་རྩལ་ཕྱོགས་ཀྱི་གཞུང་འདི་ཡིན་ཟེར་བ་ཞིག་ད་བར་དུ་ཁྱིམ་པ་ཤེས་ཡོན་པ་སུ་ཞིག་གིས་བརྩམས་ཤིང་གང་དག་གིས་ལག་བསྟར་བྱེད་ཀྱིན་ཡོད། ང་ཚོའི་མི་རིགས་ཀྱི་ཕྱིའི་འཕེལ་རྒྱས་དང་སྔོན་ཐོན་ཡིན་མིན། སྟོབས་དང་མངའ་ཐང་ཡོད་མེད་དེ་ཚན་རིག་དང་དཔལ་འབྱོར་ལ་ཐུག་ཅིང་། དེ་དག་གི་རྩ་བ་ཤེས་རིག་ལག་རྩལ་ལ་འབྲེལ་ཡོད། བཟོ་གྲྭ་ཚད་ལྡན་ཞིག་ལྟ་ཅི་འབར་ཞུན་སྤུས་དག་ཅིག་ཀྱང་བཟོ་མཁན་མ་བྱུང་བ་ནི་དགོན་སྡེའི་སློབ་གསོས་ཚད་བཀག་ཐེབས་པ་ག་ལ་ཡིན། དུས་ད་ལྟའི་བར་དུ་ཚན་རིག་དང་མཐུན་པའི་ཕྱུགས་ཟོག་འཚོ་སྐྱོང་དང་ས་ཞིང་འདེབས་བཀོལ་སྐོར་གྱི་དཔེ་ཆ་གཅིག་ལྕོག་ཅིག་ཀྱང་བྱུང་མེད་པ་སུ་ཡིས་ལན། ང་ཚོའི་རྒྱལ་སྤྱིའི་རང་བཞིན་དུ་གྱུར་བའི་ཀུ་ཤའི་བོད་ཡིག་དེ་ཡང་གཞན་གྱིས་བཟོས་ལ། ཡུལ་སྐོར་བ་ཁྲི་འབུམ་གྱིས་དགའ་མོས་བྱེད་པའི་བོད་ཟས་དང་བོད་གོས། བོད་ཀྱི་ཐང་ག་དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་བོད་པ་སུ་ཞིག་གིས་བདག་པོ་བརྒྱབ་ཏེ་ཕྱུག་པོར་གྱུར་ཡོད། ཕལ་ཆེར་བ་ཞིག་གཞན་གྱིས་བཙོང་སྟེ་གཞན་དག་ཕྱུག་པོར་གྱུར་ནས་ཡོད། ད་དུང་བོད་ཀྱི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག རི་ལུང་ཤོད་གསུམ་གྱི་བདེ་དགའ། གསེར་དངུལ་ཟངས་ལྕགས་སོགས་ཀྱི་གཏེར་ཁ། འཛམ་གླིང་གི་ཁྱད་ནོར་དུ་གྱུར་བའི་ཐོན་རྫས་སྣ་ཚོགས། ཡོད་ཚད་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་བྱས་ཀྱང་བོད་ཀྱི་རུ་སྡེ་དང་བོད་མི་རིགས། ད་དུང་སྔར་བཞིན་འཚོ་ཞིང་སྔར་ལས་དབུལ་བའི་གནད་དོན་དེ་གང་ན་འདུག འཕར་ལྡིང་ཅན་གྱི་རང་སེམས་ལ་བྱ་ར་རེ་བྱེད་རན། བླང་དོར་ཤེས་པའི་བློ་གྲོས་ཀྱིས་དཔྱད་པ་རེ་གཏོང་རན། ཡོད་ཚད་གྱི་ལན་སྐྱོན་དགོན་སྡེའི་སློབ་གསོའམ། སྲོལ་རྒྱུན་རིག་གནས། མེས་པོ་དང་རྒན་བགྲེས་ཚོའི་སྟེང་དུ་བཞག་ན། དུས་རབས་དང་མི་རིགས་ཀྱི་འགན་མ་ཁུར་བའི་ནག་ཐིག་དེ་གཞོན་སྐྱེས་སྤྱི་དང་ཁྱད་པར་དུ་བསམ་བློ་བ་དང་སྨྱུག་འཛིན་པར་ཁས་འཆེ་བ་ཚོའི་དཔྲལ་བར་མངོན་མི་འོང་ངམ་ཞེས་ཞུ་འདོད་བྱུང་།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོ་འཛིན་པ། རེད་ལགས། ངའི་གོང་གི་དྲི་བ་དེ་ནི་ད་སྐབས་མང་བོ་ཞིག་གིས་དོ་སྣང་བྱེད་ཅིང་གླེང་གཞིར་གྱུར་ནས་ཡོད་པ་ཞིག་རེད། གླེང་གཞི་འདིའི་ངོས་ཐད་ནས་དེ་རིང་དགེ་རྒན་ཁྱེད་ཀྱིས་ལྟ་རྒྱ་ཐོས་རྒྱ་ཆེན་པོས། ལྷག་བསམ་གཙང་མའི་ཀློང་ནས་ངོ་མ་གསལ་ཐག་ཆོད་པ་ཞིག་གསུངས་ཐལ། བཀའ་དྲིན་ཆེ། ད་ང་ལ་དྲི་བ་གཉིས་མ་གཏོགས་མེད། དྲི་བ་གཅིག་ནི། གོང་དུ་དགེ་རྒན་ཁྱེད་ཀྱིས། བོད་ཀྱི་དགོན་སྡེའི་སློབ་གསོའི་དར་རྒུད་ནི་བོད་རིག་པའི་དར་རྒུད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་དང་། བོད་རིག་པའི་དར་རྒུད་དེ་འཛམ་གླིང་ཞི་བདེ་འབྱུང་མིན་ལའང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་སོང་། འདི་ལ་གསལ་བཤད་མདོར་བསྡུས་ཤིག་གནང་ན་ཆོག་གམ།Jhcརྗེ་ཙོང་ཁ་པའི་དྲ་བ།

        ལྡོང་ཡོན་ཏན་རྒྱ་མཚོ། ཡ་ཡ། སྐད་ཆ་འདི་ངས་འཆད་ཁྲིད་སོགས་གཞན་གྱི་ཚེའང་ཐེངས་མང་བོར་བཤད་མྱོང་། ད་བསྐྱར་བཟླས་མང་བོ་ཞིག་མི་དགོས་པ་གྱིས། མདོར་བསྡུས་ཤིག་བརྗོད་ན། མདོ་འཛིན་པས་མཁྱེན་གསལ་ལྟར། མི་རིགས་མི་རིགས་ཟེར་བ་འདི། སྐད་དང་ཡི་གེ། ཡུལ་སྲོལ་གོམས་གཤིས། རིག་གནས། རང་གི་རུས་རྒྱུད། ཆོས་ལུགས་དད་མོས་སོགས་མང་བོ་ཞིག་གིས་འཇོག་གིན་འདུག་མོད། དེ་དག་གི་གཙོ་བོ་དང་སྙིང་བོ་སྲོག་ཤིང་ལྟ་བུ་ནི་མི་རིགས་དེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གནས། དེས་བསྐྱེད་པའི་སེམས་ཁམས་བཅས་རེད་འདོད། ཐུན་མོང་མ་ཡིན་པའི་རིག་གནས་ཟེར་བའང་ཁ་གསལ་བོ་བྱས་ན་མི་རིགས་དེའི་སྲོལ་རྒྱུན་རིག་གནས་ལ་བཤད་ཀྱིན་ཡོད། ངས་གང་ཞིག་ནས་གཞན་གྱིས་བྲིས་པའི་སྡོམ་ཚིག་ཅིག་མཐོང་སོང་། རྩོམ་པ་བོ་སུ་ཡིན་དྲན་གྱིན་མི་འདུག དེའི་སྡོམ་ཚིག་ནི། མི་རིགས་ཀྱི་ཆེད་དུ་སྲོལ་རྒྱུན་རིག་གནས་སྦྱང་དགོས་ལ། དུས་རབས་ཀྱི་ཆེད་དུ་དེང་རབས་རིག་གནས་སྦྱང་དགོས། ཞེས་བརྗོད་འདུག སྡོམ་ཚིག་འདི་ཡག་པོ་ཞིག་རེད་སྙམ་ཡོད། སྡོམ་ཚིག་འདིས་མི་རིགས་ཤིག་གི་ཁྱད་ཆོས་དང་ངོ་བོ་གཙོ་ཤོས་དེ་སྲོལ་རྒྱུན་རིག་གནས་ཡིན་ཚུལ་བསྒྲུབས་ཡོད་པ་རེད། དེས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཡོད་ཚད་ག་ལ་ཡིན་མོད་ཕལ་ཆེར་བ་ཞིག་བོད་ཀྱི་དགོན་སྡེའི་སློབ་གསོའི་ཁོངས་སུ་འདུས་ནས་ཡོད་པས། བོད་ཀྱི་དགོན་སྡེའི་སློབ་གསོའི་དར་རྒུད་ནི་བོད་རིག་པའི་དར་རྒུད་དང་ཐད་ཀར་འབྲེལ་ནས་ཡོད་པ་ཞིག་ཡིན་ཚུལ་ལ་ངེས་པ་རྙེད་སླ། འཛམ་གླིང་གི་ལོ་རྒྱུས་གང་ལ་བལྟས་ནའང་། མི་རིགས་ཤིག་མི་རིགས་གཞན་པ་ཞིག་གིས་དམར་གསོད་ཀྱིས་རྩད་རྫོགས་བྱས་པ་ཞིག་ངས་ཡེ་ནས་མཐོང་མ་མྱོང་། དར་རྒུད་དང་འཕོ་འགྱུར་གྱི་དབང་གིས་སྔར་ས་ཁོངས་བཅད་བཟུང་བྱས་པ་གཞན་གྱི་ཁྱེར་བ་སོགས་མང་ཡང་མི་རིགས་དེ་ཉིད་ཉམས་པར་མི་བརྩི། མཐའ་གཅིག་ཏུ་མི་རིགས་འདིས་ཆོས་ལུགས་འདི་ལ་དད་དགོས་པའི་གཏན་ཁེལ་མེད་ལ། གལ་ཏེ་ཆོས་ལུགས་དུ་མར་དད་ཀྱང་མི་རིགས་དེ་རྩ་མེད་དུ་སོང་བའི་ངོས་ལེན་སུ་ཞིག་གིས་བྱེད། རུས་རྒྱུད་གཉིས་འདྲེས་སྦྱོར་གྱིས་མི་རིགས་གཞན་ཞིག་ཏུ་གྱེས་པ་ཡོད་ལ། རུས་རྒྱུད་དུ་མས་གྲུབ་པའི་མི་རིགས་གཅིག་པའང་མེད་པ་ག་ལ་ཡིན། དེས་ན་དེང་གི་བཤད་སྟངས་ལྟར་བྱས་ཚེ་བསམ་པའི་རིག་གནས་དང་དངོས་པོའི་རིག་གནས་གཉིས་ཀྱིས་བསྡུས་པའི་མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ཡོད་ཚད་གཞི་མེད་དུ་གྱུར་ཉིན། མི་རིགས་དེ་ཉིད་ཀྱང་འཇིག་རྟེན་འདི་དང་གཏན་བྲལ་དུ་གྱུར་ཚར་བ་ཞིག་རེད་སྙམ། དེའི་ཕྱིར་བོད་ཀྱི་དགོན་སྡེའི་སློབ་གསོའི་ཚེ་སྲོག་ཅི་ཙམ་རིང་ན་དེ་ཙམ་གྱིས་བོད་མི་རིགས་འདི་ཡང་ས་སྒང་གི་རྒྱ་ཕིབས་སུ་བརྟན་པོར་འགྱིང་ངེས་ཞེས་བདག་གིས་འདོད། འོན་ཀྱང་གོ་དགོས་པ་ཞིག་ལ་ངས་མི་རིགས་ཤིག་ལ་སྲོལ་རྒྱུན་རིག་གནས་གཅིག་པུས་ཆོག་པས་དེ་ལ་དེང་རབས་རིག་གནས་ཀྱི་གསོས་འདེབས་མི་དགོས་ཞེས་རྩ་བ་ནས་བཤད་ཀྱིན་མེད། དེ་ནས། བོད་རིག་པའི་དར་རྒུད་དེ་ཡང་འཛམ་གླིང་ཞི་བདེ་འབྱུང་མིན་ལའང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་ཞིག་རེད་ཅེས་པར་གསལ་བཤད་ཐུང་ངུ་ཞིག་བྱེད། དེ་ཡང་། ༧ གོང་ས་རྒྱལ་བའི་དབང་བོའི་བཀའ་སློབ་ཅིག་ལས། ངའི་བསམ་པར་སྙིང་རྗེའི་བསམ་པ་ནི་རིན་ཐང་ཅན་གྱི་དངོས་པོ་ཇི་སྙེད་ཡོད་པའི་ནང་ནས་རྩ་ཆེ་ཤོས་ཡིན། དེ་ནི་ང་ཚོ་འགྲོ་བ་མི་ཁོ་ནས་སྒྲུབ་ཐུབ་པ་ཞིག་ཡིན། གལ་ཏེ་ང་ཚོར་སེམས་བཟང་བོ་ཞིག་དང་། ཀུན་སློང་བཟང་བོ་ཞིག་ཡོད་ན་རང་ཉིད་ལ་བདེ་སྐྱིད་འདོད་བློ་ཁེངས་པ་ཞིག་ཡོང་རྒྱུར་མ་ཟད། རང་གི་མཛའ་གྲོགས་ཚོས་ཀྱང་ཞི་མཐུན་གྱི་ཚོར་བ་ཞིག་མྱོང་ཐུབ། དེ་བཞིན་རྒྱལ་ཁབ་དང་། ཡུལ་ལུང་། གླིང་ཆེན་བཅས་ཀྱི་བར་ཡང་ཞི་བདེའི་ཚོར་བ་ཞིག་མྱོང་ཐུབ། ཅེས་གསུངས་པ་ལྟར། འཛམ་བུ་གླིང་བར་ཞི་བདེ་དངོས་གནས་པ་ཞིག་འབྱུང་དགོས་ན། ཕན་ཚུན་ལ་བྱམས་བརྩེ་དང་། བརྩི་བཀུར། འཆམ་མཐུན། རོགས་རམ་སོགས་ལ་བརྟེན་ནས་འབྱུང་དགོས་པ་ལས། དམག་འཁྲུག་བརྒྱབ་པའམ་ཁ་འབོད་བྱས་པ། གཅིག་གིས་གཅིག་བེད་སྤྱོད་བཏང་བ་སོགས་ཀྱིས་ཞི་བདེ་དངོས་གནས་པ་ཞིག་འོང་ཐབས་རྩ་བ་ནས་མེད། དེས་ན་བོད་ཀྱི་དགོན་སྡེའི་སློབ་གསོའི་སྙིང་བོ་དང་གཙོ་བོ་ནི་ནང་བསྟན་ཆོས་ལུགས་ཡིན་པ་སྨྲོས་མེད་ཡིན་ལ། ནང་བསྟན་ཆོས་ལུགས་ནི། རྗེ་བླ་མས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །ཞེས་དང་། དབུ་མ་བཞི་བརྒྱ་བ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་པ་བཞིན། །ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པས་བསྡུས་པ་ཞིག་ཡིན་པས། བོད་ཀྱི་དགོན་སྡེའི་སློབ་གསོའི་སྙིང་བོར་གྲུབ་པའི་ནང་བསྟན་ཆོས་ལུགས་དར་རྒྱས་གོང་འཕེལ་བྱུང་ན་དེས་དངོས་ཤུགས་བརྒྱུད་གསུམ་ནས་འཛམ་བུའི་གླིང་ལ་ཞི་བདེའི་འོད་སྣང་དཀར་བོ་ཟད་མེད་དུ་བསྩལ་འོང་བ་རྒྱུ་འབྲས་རྟེན་འབྱུང་གིས་ཐག་བཅད་ཡོད་པ་ཞིག་རེད་སྙམ།Jhcརྗེ་ཙོང་ཁ་པའི་དྲ་བ།
        མདོ་འཛིན་པ། རེད། རེད། དགེ་རྒན་ལགས་ངོ་མ་ཐུགས་རྗེ་ཆེ། ད་དུང་ང་ལ་དྲི་བ་ཞིག་ཡོད་པ་ནི། ད་སྐབས་ནི་ཤེས་རིག་དང་དཔལ་འབྱོར་གྱི་དུས་རབས་རེད། དེས་ན་བོད་ཀྱི་དགོན་སྡེའི་སློབ་གསོས་དེང་སྐབས་ཀྱི་སློབ་གསོ་དང་བསྟུན་ནས་བསྒྱུར་བཅོས་བྱེད་དགོས་པའི་ཆ་དང་དེའི་ལེགས་ཆ་ལེན་དགོས་པ་འདྲ་ཨེ་ཡོད།Jhcརྗེ་ཙོང་ཁ་པའི་དྲ་བ།

        ལྡོང་ཡོན་ཏན་རྒྱ་མཚོ། ཨོ་རེད་རེད། ངས་གོང་དུ་མདོར་བསྡུས་ཤིག་གླེང་ཟིན་པ་ལྟར། བོད་ཀྱི་དགོན་སྡེའི་སློབ་གསོའི་ངོ་བོའི་ཆ་ནས་བཤད་ན་ཇི་སྲིད་བསྐལ་བ་གནས་པ་དེ་སྲིད་དུ་བསྒྱུར་བཅོས་ཡེ་ནས་གཏོང་མི་དགོས་པ་ཞིག་རེད་སྙམ་བཞིན་ཡོད། ལྷག་པར་དུ། ཤེས་རིག་ཅི་ཙམ་དར་རྒྱས་གོང་འཕེལ་དུ་སོང་བ་དེ་ཙམ་གྱིས་བོད་ཀྱི་དགོན་སྡེའི་སློབ་གསོའི་ངོ་བོ་དང་རིན་ཐང་གསལ་ལེར་འཚེར་གྱིན་པ་འདི་ནི་བོད་ཀྱི་དགོན་སྡེའི་སློབ་གསོས་དེང་སྐབས་ཀྱི་སློབ་གསོ་དང་བསྟུན་ནས་བསྒྱུར་བཅོས་བྱེད་མི་དགོས་པའི་བདེན་དཔང་ཞིག་རེད། ཡུལ་གང་ཞིག་ལ་བསྒྱུར་བཅོས་གཏོང་དགོས་ཚེ། དེ་བེད་སྤྱོད་གཏོང་བ་བོར་དགོས་མཁོ་སྐོང་མ་ཐུབ་པ་དང་། དེ་ལ་སྐྱོན་གྱི་ཆ་ཡོད་པ། མཐུན་པའི་རྐྱེན་མ་ཚང་བ་སོགས་གནད་དོན་ཞིག་ཅིས་ཀྱང་ཡོད་དགོས་པ་རེད། དེ་མ་གཏོགས་ལོ་མང་བོ་འགོར་བའི་གནའ་བོའི་རིག་གནས་སམ་ཆོས་ལུགས་ཤིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་བསྒྱུར་བཅོས་གཏོང་རྒྱུ་ཟེར་ན་བསྒྱུར་བཅོས་གཏོང་བ་བོའི་བློ་དང་ཀླད་པར་གནད་དོན་གང་རུང་ཞིག་བྱུང་ཡོད་པའི་མཚོན་རྟགས་ཤིག་ཡིན་སྲིད་རྒྱུ་རེད། ངེད་གཉིས་ཀྱིས་ལན་མང་བོ་གླེང་ཟིན་པ་ལྟར། བོད་ཀྱི་དགོན་སྡེའི་སློབ་གསོའི་སྙིང་བོ་ནི་ནང་ཆོས་ཡིན་ལ། ནང་ཆོས་ནི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་བཞིན་ལུང་རྟོགས་གཉིས་ལས་མ་འདས་ཤིང་། ལུང་གི་བསྟན་པ་ནི་སྡེ་སྣོད་གསུམ་དང་རྟོགས་པའི་བསྟན་པ་ནི་བསླབ་པ་གསུམ་ལ་གོ་དགོས། ལུང་རྟོགས་གཉིས་ཀྱི་གང་ཞིག་ལ་བསྒྱུར་བཅོས་གཏོང་དགོས་པ་དང་དེ་ལ་ད་ལྟའི་སློབ་གསོས་ཁ་སྐོང་བྱེད་དགོས་པའི་རྒྱུ་དང་རྐྱེན་སོགས་ངས་གང་ཡང་མཐོང་མ་སོང་། ཁྱད་པར་དུ་མདོ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་སྟོན་པ་ལ། བཅོམ་ལྡན་འདས་མྱ་ངན་ལས་འདས་ན། ཆོས་དང་དགེ་འདུན་ཡང་ནུབ་པར་འགྱུར་བས་འཇིག་རྟེན་སྟོང་ངོ་། །ཞེས་དགེ་སློང་དག་གིས་ཞུས་པའི་ལན་དུ། ང་མྱ་ངན་ལས་འདས་པའི་འོག་ཏུ་སོ་སོར་ཐར་བ་ནི་སྟོན་པར་ལྟོས་ཤིག དྲན་པ་ཉེ་བར་བཞག་པ་ནི་གནས་བརྟན་གྱིས་ཤིག གང་ཟག་མི་སྲུན་པ་ནི་མི་སྨྲ་བར་འདུལ་ཞིང་ལན་ལོན་ཞིག ང་འདུག་པའི་ཚེ་བྱ་བ་དང་མི་བྱ་བར་བསྟན་པ་དེ་དེ་བཞིན་དུ་བྱས་ན་ང་འདུག་པ་དང་འདྲའོ། །ཞེས་དང་། སོ་སོར་ཐར་བའི་མདོའི་གླེང་གཞི་ལས། སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་བོ་ནི། །སོ་སོར་ཐར་བ་འདི་ཡིན་ནོ། །ཞེས་དང་། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་འདུན་བསྟོད། །ཅེས་གསུངས་པ་ལྟར། བཅོམ་ལྡན་འདས་ཉིད་ཀྱིས་དགེ་སློང་གི་དགེ་འདུན་ཚོགས་པའི་མདུན་དུ། སོ་སོར་ཐར་བའི་མདོ་སོགས་འདུལ་བའི་སྡེ་སྣོད་ནི་བསྟན་པའི་སྙིང་བོ་དང་། སྟོན་པའི་རྒྱལ་ཚབ་ཏུ་གསུངས་ཤིང་། འདུལ་བར་བསྒྱུར་བཅོས་གཏོང་མི་གཏོང་ནི་སངས་རྒྱས་བཅོམ་ལྡན་ཁོ་ན་ལས་གཞན་སུ་ལའང་མི་དབང་། སྡེ་སྣོད་གསུམ་གང་གི་དབང་དུ་བྱས་ཀྱང་ལོ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ལྔ་བཅུ་ལྷག་གི་རིང་ལ་མཁས་པ་ཟམ་མ་ཆད་པས་བརྟག་དཔྱད་དང་ཞིབ་འཇུག་ཉམས་ལེན་སོགས་བྱས་ཀྱང་། དོན་འདི་ལ་གནས་ལུགས་མི་འདུག་པ་དང་ཚིག་འདི་ལ་འགལ་འཁྲུལ་ཡོད་ཅེས་གསུང་མཁན་སུ་ཡང་མ་བྱུང་བ་འདིས་བོད་ཀྱི་དགོན་སྡེའི་སློབ་གསོས་དེང་སྐབས་ཀྱི་སློབ་གསོ་དང་བསྟུན་ནས་བསྒྱུར་བཅོས་བྱེད་མི་དགོས་པའི་བདེན་དཔང་དང་གསལ་བཤད་བྱེད་ཀྱིན་ཡོད། ཁྱད་པར་དུ་དེང་སྐབས་ཀྱི་སློབ་གསོ་དང་བསྟུན་ནས་བོད་ཀྱི་དགོན་སྡེའི་སློབ་གསོར་བསྒྱུར་བཅོས་བྱས་པ་ཡིན་ན། བོད་ཀྱི་དགོན་སྡེའི་སློབ་གསོ་དེ་ནང་ཆོས་རྣམ་དག་ཡིན་མིན་ལའང་རྩོད་པ་དང་གནད་དོན་འབྱུང་ངེས་པ་ཞིག་རེད་ཅེས་བདག་གིས་སྙམ། དེའི་ཕྱིར་ད་སྐབས་ས་ཁུལ་ལ་ལར་སྲིད་གཞུང་གིས་འདུལ་བའི་བཅས་ཁྲིམས་ལ་ཐེ་གཏོགས་བྱེད་པ་དང་། སྟོན་པའི་དགོངས་དོན་ལ་ཅི་མི་སྙམ་པར་སྲིད་གཞུང་གི་དགོངས་དོན་དང་མཐུན་པའི་དགོན་པའི་བཅའ་ཡིག་གསར་བཟོ་སོགས་བྱེད་བཞིན་པ་ནི་བོད་ཀྱི་དགོན་སྡེའི་སློབ་གསོའི་འཇིགས་ཉེན་དང་ཉམས་རྒུད་ཅིག་ཅི་ལ་མིན། དེ་ནས་ཁྱོད་ཀྱི་དྲི་བའི་ཟུར་དུ་ཐོན་པའི་བོད་ཀྱི་དགོན་སྡེའི་སློབ་གསོར་དེང་སྐབས་ཀྱི་སློབ་གསོ་ལས་ལེགས་ཆ་ལེན་དགོས་མིན་དེ་རེད། ངས་བསམ་ན་བྱེད་ཐབས་ཀྱི་ཆ་ནས་ལེགས་ཆ་ལེན་དགོས་པ་དུ་མ་ཞིག་ཡོད་ལ། དེས་བོད་ཀྱི་དགོན་སྡེའི་སློབ་གསོ་དུས་རབས་ཀྱི་འགྲོས་དང་མཐུན་པར་མདུན་བསྐྱོད་བྱེད་པར་རམས་འདེགས་ཀྱང་ཡག་པོ་བྱེད་ཐུབ་པར་མཐོང་གིན་ཡོད། བོད་ཀྱི་དགོན་སྡེའི་སྤྱི་ཚོགས་ཁྲོད་ཡོད་པའི་གནད་དོན་གང་མང་ཞིག་ལ་བསྒྱུར་བཅོས་དང་། བེད་སྤྱོད་བྱེད་རིན་མེད་པ་དང་ཆོས་འདུལ་བའི་དགོངས་དོན་དང་མི་མཐུན་པའི་གོམས་སྲོལ་མང་བོ་ཞིག་གཞི་ནས་འདོར་བ། འགྲོས་ཀྱི་ཆ་ནས་དུས་རབས་ལ་ཁ་ཕྱོགས་ལ། དར་སྤེལ་གྱི་ཆ་ནས་འཛམ་གླིང་ལ་ཁ་ཕྱོགས་པ། ངོ་སྤྲོད་ཀྱི་ཆ་ནས་སྤྱི་ཚོགས་ལ་ཁ་ཕྱོགས་པ། ཡིད་ཆེས་དང་སྨོན་ལམ་རྒྱག་པ་ལས་དཔྱད་པ་དང་ལག་ལེན་ལ་ཁ་ཕྱོགས་དགོས་པ་དུ་མ་ཞིག་ཡོད་ཀྱང་། ཞིབ་པར་བཤད་ན་ཧ་ཅང་མང་བར་འགྱུར་ཞིང་མི་སྒེར་ལ་འཕྲད་མི་འདོད་པའི་དཀའ་ཁེག་རེ་འགར་ཡང་མི་འཕྲད་པའི་ངེས་པ་མེད་པས་རེ་ཞིག་སྦྱོང་ཐབས་སོགས་ཀྱི་ཆ་ནས་མདོ་ཙམ་གླེང་བས་འཐུས་པར་བྱེད་ཆོག་པ་གྱིས།Jhcརྗེ་ཙོང་ཁ་པའི་དྲ་བ།
        མདོ་འཛིན་པ། རེད་རེད། ཐུགས་རྗེ་ཆེ་ལགས།Jhcརྗེ་ཙོང་ཁ་པའི་དྲ་བ།

        ལྡོང་ཡོན་ཏན་རྒྱ་མཚོ། ངོ་མ་བཤད་ན། དགོན་སྡེའི་སློབ་གསོའི་ངོ་བོའི་ཆ་ནས་འདི་ལ་སྐྱོན་ཆ་འདུག འདི་ལ་གནས་ལུགས་མི་འདུག འདི་མིའི་བློ་ཁ་དང་མི་འཚམ་སྙམ་པ་ཞིག་རེད་ཅེས་ངས་ད་བར་དུ་གཏན་ནས་མཐོང་མ་སོང་མོད། འོན་ཀྱང་། དགོན་སྡེ་ལ་ལར་སློབ་གཉེར་བྱེད་སྟངས་ལ་གོ་རིམ་མེད་པ། ནང་ཆོས་ཀྱི་རྒྱུན་ཤེས་ཙམ་ལའང་སློབ་གཉེར་བྱེད་སྲོལ་མེད་པ། འཇིག་རྟེན་ཁྱིམ་པའི་བྱ་སྤྱོད་སོགས་ཀྱིས་ཤུགས་རྐྱེན་ཐེབས་དྲག་པ། མདོ་ཕྱོགས་ལ་འཆད་ཉན་ཡག་ཙམ་ཡོད་ཀྱང་དེ་ཉམས་བཞེས་མི་བྱེད་པ། སྔགས་ཀྱི་འཆད་ཉན་མེད་པ། དབང་ལུང་མན་ངག་མང་བོ་ཞིག་གི་རྒྱུན་ཆད་པའམ་ཆད་ལ་ཉེ་བ་དག་མྱུར་སྐྱོབ་སོགས་ལ་ཅི་མི་སྙམ་པར་དཔལ་འབྱོར་འཚོལ་སྒྲུབ་ལ་ཤ་ཐང་ཐང་གིས་འབད་པ། ལྷ་ཁང་འདུ་ཁང་གི་ཆེ་ཆུང་དང་གསེར་སྐུ་དངུལ་སྐུའི་མང་ཉུང་། མཆོད་རྟེན་གྱི་མཐོ་དམན་དང་མཆོད་རྫས་ཀྱི་རྒྱུ་སྤུས་སོགས་ལ་འགྲན་རྩོད་བྱེད་པ་ལས་དགེ་འདུན་པའི་སྤུས་ཚད་ལ་དང་དོད་མི་བྱེད་པ། གྲྭ་བཙུན་ལོ་ཆུང་དག་བསྐྱེད་བསྲིང་བྱེད་པར་སྒྲིག་འཛུགས་དང་གོ་རིམ་མེད་པ། གྲྭ་བ་བགྲེས་སོང་དག་ལ་དགོན་གཞུང་ནས་གཉོར་སྐྱོང་དང་འཚོ་བའི་ཁ་གསབ། ནད་གཡོག་སོགས་ཀྱི་བཀོད་སྒྲིག་གང་ཡང་མེད་པར་རང་སྟོབས་ལ་བསྟེན་དགོས་པ། ཐ་སྙད་རིག་གནས་སྦྱོང་བར་བཀག་འགོག་དང་མཐོང་ཆུང་བྱེད་པ། འཛམ་གླིང་གི་འཕོ་འགྱུར་དང་དུས་ཀྱི་གནས་བབས་སོགས་དང་འབྲེལ་མེད་དུ་གནས་པ་སོགས་ངེས་པར་བསྒྱུར་བཅོས་བྱེད་དགོས་པའི་ཆ་མང་བོ་ཞིག་འདུག་ལ། དམངས་གཙོ་དང་རང་དབང་སོགས་ནུབ་ཕྱོགས་པ་སྤྱི་དང་ཁྱད་པར་ཆོས་མེད་སྨྲ་བ་ཚོའི་བསམ་བློ་ཡན་གར་བ་དག་དགོན་པར་ཁྱེར་ཡོང་སྟེ་ཐ་ན་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བར་གྲུབ་པའི་བཤེས་གཉེན་དང་བཀའ་དྲིན་གསུམ་ལྡན་གྱི་བླ་མར་རྒོལ་བ་ལའང་ཅི་མི་སྙམ་པ། འདྲ་མཉམ་དང་གསར་བཏོད་དུ་ཁས་འཆེ་སྟེ་འདུལ་བའི་བཅས་ཁྲིམས་དང་དགེ་འདུན་ནང་ཁྲིམས་སོགས་རྨང་ནས་བཤིག་པར་བག་མི་ཚ་བ། གཙང་མ་གཙང་རྐྱང་དགོས་སྐད་ཀྱིས་སྤྱི་ཚོགས་ཁྲོད་དམ་པའི་ལྷ་ཆོས་ངོ་སྤྲོད་དང་བྱམས་སྐྱོང་བྱེད་པ་སོགས་ལ་དགག་པ་བརྒྱབ་ཏེ་ནང་ཆོས་ཟེར་བ་ངོ་མ་སྨོན་ལམ་དང་རྨི་ལམ་ལྟ་བུ་ཞིག་ཏུ་བསྒྱུར་ཏེ་ལག་ལེན་གྱིས་སྟོང་བར་འབད་པ། གྲུབ་མཐའི་ཞེན་ཁོག་ཐབས་ཀྱིས་རྩོད་པ། ཡུལ་ལོང་གི་འཐེན་འཁྱེར་ཆོས་དང་བསྲེ་བ། བླ་སྤྲུལ་གྱི་མིང་ཐོབ་ནོར་དང་བརྗེ་བ་སོགས་ནི་ངེས་པར་དུ་ཚོད་འཛིན་བྱེད་དགོས་པའི་གནས་ཤ་སྟག་ཏུ་བསམ་གྱིན་ཡོད།Jhcརྗེ་ཙོང་ཁ་པའི་དྲ་བ།
        ཁྱད་པར་དུ། རིག་པ་དང་རིག་གནས་གསར་བ་ཡོད་ཚད་ལ་བརྟག་དཔྱད་གང་ཡང་མེད་པར་སྒོ་འགོག་ཅི་ཐུབ་བྱེད་པའང་ནང་ཆོས་ཡུན་གནས་དང་འཕེལ་རྒྱས་ཤིག་ཡིན་མིན་བརྗོད་དཀའ་སྟེ། ཉེ་བའི་ཆར་ཐོན་པའི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་དཔེ་ཆ་དེ་ཕལ་མདོ་འཛིན་པས་ཀྱང་མཇལ་ཡོད་ལས་ཆེ། དེའི་ནང་དུ། དེང་རབས་ཅན་གྱི་ངོ་བོ་ནི་དེང་དུས་ཀྱི་སློབ་གསོ་ལ་རག་ལས་ཤིང་། ཚན་རིག་དང་འཕྲུལ་ལས་ལ་བྱང་བར་བྱེད་པ་ནི་དེང་དུས་ཀྱི་སློབ་གསོའི་སྙིང་བོ་ཡིན་པ་ངས་སྐབས་དེར་རྟོགས། ང་རང་སྒེར་ནས་སློབ་གསོའི་ལས་གཞི་འདིར་འཆིང་བའི་ཆོད་སེམས་དེ་ད་དུང་ཡང་འགྱུར་མེད་པས། ཐ་ན་ཕུལ་བུ་བྱུང་བའི་གནའ་རབས་ཀྱི་ནང་ཆོས་གཙོ་བོ་ཁྲིད་སའི་དགོན་སྡེ་ཁག་གི་ཁྲིད་གཞིའི་སློབ་ཚན་ནང་ལའང་ཚན་རིག་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད། ཅེས་དང་། འགྲོ་བ་མིའི་རྩ་བའི་རིན་ཐང་མཐོར་འདེགས་བྱེད་པ་ནི་བདེ་སྐྱིད་འཚོལ་སྙེག་གི་གཞི་རྩར་མེད་དུ་མི་རུང་བ་ཞིག་རེད། དེའི་ཕྱིར་འགྲོ་བ་མིའི་བདེ་ཐབས་ཀྱི་ཕྱོགས་ནས་བལྟས་ན་ཚན་རིག་དང་སེམས་དོན་རིག་པ་གཉིས་འབྲེལ་བ་མེད་པ་ཞིག་གཏན་ནས་མིན། སྡུག་བསྔལ་སེལ་བར་ལུས་སེམས་གཉིས་ནས་བསལ་དགོས་སྟབས་དེ་གཉིས་ང་ཚོར་དགོས་ངེས་ཡིན། ཞེས་གསུངས་འདུག འདི་ནི་ཇི་འདྲའི་ནང་བསྟན་ཆོས་ལུགས་འཛམ་གླིང་ལ་ཁ་ཕྱོགས་ཤིང་དུས་རབས་ཀྱིས་འགྲོས་དང་མཐུན་པར་བསྐྱོད་ཐུབ་པའི་ཁ་ཕྱོགས་འཆུག་མེད་ཅིག་དང་། བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་ལྷང་ལ་འབུད་ཐུབ་པའི་བྱེད་ཐབས་ཡ་མཚན་ཞིག བོད་རིག་པའི་གཟི་བྱིན་སྔར་ལས་གསལ་བའི་གདམ་གསེས་ཡང་དག་ཅིག་རེད་ཨང་། གྲྭ་བས་རྫས་འགྱུར་དང་དངོས་ལུགས་ལ་སྦྱང་མི་ཆོག་པ་མེད་ལ། གློག་ཀླད་དང་འཕྲུལ་ཆས་ཀྱི་རིགས་བྱེད་སྤྱོད་གཏོང་མི་ཆོག་པའང་ག་ན་ཡོད། དེང་རབས་འཕྲུལ་ཆས་བཀོལ་ཏེ་བླ་མའི་ཆོས་བཤད་དང་དབང་བསྐུར་མི་ཁྲི་སྟོང་མང་བོས་དཀའ་ཁག་མེད་པར་གོ་ཐུབ་པ་དང་། ཟབ་ཅིང་བརླིང་བའི་དཔེ་ཁྲིད་ཆུ་ཚོད་བརྒྱ་སྟོང་ཅན་དག་ཀྱང་སྣོད་ཆུང་མཛུབ་མོ་ཙམ་རེའི་ནང་དུ་བཅུག་ནས་གནས་དང་དུས་ལ་ཚད་བཀག་མེད་པར་ཉན་ཐུབ་པ། སྐུད་ལམ་གཅིག་ནས་མི་ས་ཡ་ཁ་ཤས་ཀྱིས་མཁས་པ་གཅིག་གི་དཔེ་ཁྲིད་སྒྲ་གཟུགས་གཉིས་ཀར་དུས་གཅིག་ཏུ་གསན་ཐུབ་པ། བཀའ་བསྟན་བཅོས་མཐའ་དག་འཕྲུལ་དེབ་ཏུ་བཟོས་ཏེ་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་གློག་ཀླད་དང་ཡིག་སྣོད་ཁ་ཕྱེས་པ་ཙམ་གྱིས་བལྟ་ཀློག་བྱེད་ཐུབ་པ། སྐད་འཕྲིན་དང་པོད་འཕྲིན་སོགས་ལས་མཁས་མང་གདན་འཛོམས་ཏེ་གནའ་དེང་རིག་པའི་བགྲོ་གླེང་བྱེད་ཐུབ་པ་སོགས་ནི་དགོན་སྡེའི་སློབ་གསོ་འཕེལ་རྒྱས་སུ་འགྲོ་བའི་གསོས་འདེབས་ཤིག་ལས་འགལ་རྐྱེན་དུ་གྱུར་ཞེས་གཟུར་གནས་ཤེས་ལྡན་སུ་ཞིག་གིས་སྨྲ་ཐུབ། གཞན་ཡང་། བོད་ཀྱི་དགོན་སྡེའི་སློབ་གསོའི་རྒྱུན་འཛིན་པར་གྱུར་བའི་གཞོན་སྐྱེས་ཚོས་སྔོན་གྱི་ལོ་ཙཱ་བ་རྣམ་པ་བཞིན་རྒྱ་དབྱིན་གྱི་སྐད་སོགས་ཡིག་རིགས་མང་བོར་བསླབས་ཏེ་ནང་ཆོས་ནི་འཛམ་གླིང་གི་སྤྱི་ནོར་ཡིན་པའི་དོན་དངོས་དེ་ཡོད་ཚད་ལ་ཤེས་སུ་འཇུག་དགོས་ལ། བོད་ཀྱི་དགོན་སྡེའི་སློབ་གསོ་དུས་རབས་ཀྱི་འགྲོས་དང་མཐུན་པར་དར་རྒྱས་གོང་འཕེལ་དུ་གཏོང་དགོས། འོན་ཀྱང་འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ། ངས་དེང་རབས་རིག་གནས་སྦྱངས་ཏེ་མདོ་སྔགས་རིག་གནས་ཀྱི་གཞུང་ལ་སློབ་གཉེར་བྱེད་མི་དགོས་ཟེར་གྱིན་མེད་ལ། ཚན་རིག་སྦྱངས་ནས་ནང་ཆོས་ཚན་རིག་དང་མཐུན་པར་བསྒྲུབ་ཨེ་ཐུབ་ལའང་རེ་བ་རྒྱག་གིན་མེད། ངས་ནི། ང་ཚོས་དེང་རབས་རིག་པ་སྤྱི་དང་ཁྱད་པར་ཚན་རིག་ལ་སྦྱངས་ཤིང་ཚན་རིག་པར་འབྲེལ་འདྲིས་བྱས་པ་བརྒྱུད། གསེར་སེར་བོའི་རང་འོད་འཚེར་བ་བཞིན་ནང་ཆོས་དེ་རྒྱ་གར་བས་མཁོ་མེད་དུ་དོར་ཡང་བོད་ཀྱིས་གླེན་རྟགས་བསྟན་ནས་འདོར་མ་ཐུབ་པའི་རྨོངས་ཆོས་ཤིག་མ་ཡིན་པར་ནང་སེམས་ཀྱི་ཚན་རིག་ངོ་མ་ཞིག་ཡིན་པའི་ངེས་ཤེས་རིགས་དང་ཡུལ་གྱིས་མ་ཕྱེས་པའི་གཟུར་གནས་དཔྱོད་ལྡན་ཀུན་ལ་འཁྲུངས་ནས་ཁོང་ཚོའི་སེམས་ཀྱི་ལོངས་སྤྱོད་དུ་འགྱུར་ཐུབ་པ་དང་། ནང་ཆོས་ཀྱིས་ད་ལྟའི་ཚན་རིག་གིས་མི་འདང་ས་མང་བོ་ཞིག་ལ་ཁ་གསབ་དང་གཞོག་འདེགས་བྱེད་ཐུབ་པའི་རེ་བ་རྒྱག་གིན་ཡོད། མདོར་ན། དགོན་སྡེའི་སྣེ་ཁྲིད་པ་རྣམ་པར་ཤེས་ཡོན་དང་ལྷག་བསམ། མཐོང་རྒྱ་དང་འཇོན་ཐང་སོགས་ཡོད་པ་གཞིར་བཞག་གི་སྟེང་། བོད་ཀྱི་དགོན་སྡེའི་སློབ་གསོར་དེང་རབས་རིག་གནས་སྣ་ཚོགས་ཀྱིས་མཐའ་བརྒྱན་ཞིང་སྐད་རིགས་སྣ་ཚོགས་ཀྱིས་རམ་བཏེགས་ཏེ་སློབ་གསོའི་མ་ལག་ཆ་ཚང་བའི་སློབ་གླིང་ཞིག་ཏུ་བསྒྱུར་ཐུབ་ན། བོད་ཀྱི་དགོན་སྡེའི་སློབ་གསོ་དུས་རབས་གསར་བ་ཅན་དང་འཛམ་གླིང་ལ་ཁ་ཕྱོགས་པའི་སྐྱེ་དགུའི་སྤྱི་ནོར་ཞིག་ཏུ་འགྱུར་རྒྱུ་དེ་ཡང་རྨི་ལམ་དང་ཁ་གཡང་ཙམ་ཞིག་གཏན་ནས་མ་རེད་སྙམ་བཞིན་ཡོད།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོ་འཛིན་པ། རེད་ལགས། དགེ་རྒན་བཀའ་དྲིན་ཤིན་ཏུ་ཆེ་སོང་། ད་དུས་ཚོད་ཀྱི་དབང་གིས་ད་ཐེངས་ཀྱི་བཅར་འདྲི་མཚམས་འདི་ནས་འཇོག་རན་ཐལ། དགེ་རྒན་ཁྱེད་དེ་རིང་ང་ཚོའི་ལེ་ཚན་འདིར་ཞུགས་ཏེ་བོད་ཀྱི་དགོན་སྡེའི་སློབ་གསོའི་འཕེལ་རིམ་དང་ཁྱད་ཆོས། སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་ཇི་ལྟར་ཡར་རྒྱས་གོང་འཕེལ་དུ་གཏོང་ཚུལ་སོགས་ཀྱི་སྐོར་ནས་ཉན་མཁན་ཁྲི་སྟོང་མང་བོར་ཕན་ཐོགས་ཅན་གྱི་གསུང་བཤད་ངོ་མཚར་བ་ཞིག་གནང་སོང་བ་ལ་ངས་འདིར་ཆེད་དུ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སློབ་རའི་འགྱུར་ཁུགས་ལེ་ཚན་གྱི་རྩོམ་སྒྲིག་པ་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུས་པ་ཡིན།Jhcརྗེ་ཙོང་ཁ་པའི་དྲ་བ།

        ལྡོང་ཡོན་ཏན་རྒྱ་མཚོ། ཡ་ཡ། བཀའ་དྲིན་ཆེ།Jhcརྗེ་ཙོང་ཁ་པའི་དྲ་བ།

        མདོ་འཛིན་པ། རེད། བརྩེ་ལྡན་གྱི་གསན་མཁན་ལྷན་རྒྱས་ལགས། དུས་ཚོད་ཀྱི་དབང་གིས་དུས་ཚོད་གཅིག་རིང་གི་གཟའ་ཕུར་བུའི་ཉིན་གྱི་སློབ་རའི་འགྱུར་ཁུགས་ཐད་གཏོང་ལེ་ཚན་གཏོང་མཚམས་འདི་ནས་འཇོག་རྒྱུ་བྱེད། དེ་རིང་གི་ལེ་ཚན་འདིའི་རྩོམ་སྒྲིག་པ་དང་མགོ་འཛིན་པ་བཀྲ་ཤིས་དོན་འགྲུབ་ཡིན། རྩོམ་སྒྲིག་འགན་ཁུར་བ་ལྷ་བརྟན་ཡིན། ཐེངས་རྗེས་མའི་ལེ་ཚན་ནང་ང་ཚོ་སླར་ཡང་མཇལ། བཀྲ་ཤིས་བདེ་ལེགས་ཞུ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སློབ་རའི་འགྱུར་ཁུགས་ལེ་ཚན་ལས་བཤུས།Jhcརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K