མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།སློབ་གསོ་དགྲ་རུ་འཛིན་པའི་དགོན་སྡེའི་ནག་ཉེས་གླེང་བ།

    སྤེལ་དུས།  2016-08-01 19:02:10     རྩོམ་པ་པོ།   ར་སེར་དཀོན་མཆོག་རྒྱ་མཚོ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

    སློབ་གསོ་ནི་སྲོག་ལྡན་སྤྱི་དང་འགྲོ་བ་མིའི་ཚུལ་ལྡན་གྱི་འབྱུང་རྩ་ཡིན་པས། སློབ་གསོའི་ལམ་ལུགས་ཅི་རིགས་སུ་ཡོད་ཅིང་། ཤར་ནུབ་གོ་ལ་ཡུག་གཅིག་སྦྲེལ་བ་ནས་བཟུང་ད་བར་གོ་ལ་ཧྲིལ་པོའི་སློབ་གསོའི་ལམ་ལུགས་ལ་སྔར་མེད་ཀྱི་ཡར་རྒྱས་ཕྱིན་ཡོད་པས། ཐུན་མོང་གི་ཆ་མང་དུ་འགྲོ་བ་སོགས་ཀྱི་དགེ་མཚན་མིག་མཐོང་ལག་ཟིན་འདི་དག་ཡིན་པས་འདིར་མི་གླེང་།wiaརྗེ་ཙོང་ཁ་པའི་དྲ་བ།

    བོད་དུ་ཆེས་སྔ་མོ་ནང་ཆོས་བསྒྱུར་བ་དང་ལྷན་དུ་འཆད་ཉན་དར་བས། ཀ་ཅོག་ཞང་སོགས་ཀྱི་གསུང་རྩོམ་ཁག་དང་མཚན་ཉིད་པ་དང་སྔགས་ཀྱི་རྒྱུད་འགྲེལ་མང་པོ་བརྩམས་མྱོང་ཡོད་པས། ནང་པ་ཚོས་འཆད་ཉན་ལ་མཐོང་ཆེན་གནང་ཡོད་པ་ནི་ལོ་རྒྱུས་ཀྱིས་དཔང་པོ་བྱས་འདུག ད་ལྟ་བོད་ཀྱི་སྐད་ཡིག་གི་འཇིགས་ཉེན་འཕྲད་དང་འཕྲད་བཞིན་པ་དང་། མི་རིགས་ལ་ཤ་ཞེན་ཡོད་པ་ཚོས་སེམས་ཁྲལ་དང་སྡུག་སྐད་འདོན་པའི་སྣང་ཚུལ་འདིའི་འབྱུང་རྩ་གང་ཡིན་དཔྱད་ན། འདི་ནི་དུས་རབས་ཉི་ཤུའི་སྨད་ཆ་སོགས་དེང་གི་འགྱུར་བ་ཁོ་ན་ལ་རགས་ལས་མེད། རྒྱུ་མཚན་དེའི་གོང་དུ་བོད་ཧྲིལ་པོར་ཡིག་གེ་འབྲི་ཀློག་གི་སློབ་གསོ་ཐོབ་པ་ནི་གྲ་བཙུན་མང་ཆེ་བ་དང་། སྐུ་དྲག་དཔོན་རིགས་ཞབས་གཏོགས་མ་གཏོགས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཡི་གེ་སློབ་པའི་ཁོར་ཡུག་མ་བསྐྲུན་པས་ལན་པ་རེད། གལ་ཏེ་སྐབས་དེ་འམ་དེའི་གོང་ནས་དམངས་ཡོངས་ཀྱིས་ཡི་གེ་སློབ་པའི་ཁོར་ཡུག་གཏོད་ཡོད་ན། ད་ལྟའི་སྐད་ཡིག་འཇིགས་ཉེན་འདི་གཏན་ནས་ཡོང་མི་སྲིད། 
    ད་ལྟ་དགོན་སྡེ་ཆེ་ཕྲ་མང་པོར་སྤྱི་བྱེའི་རིག་གནས་ལ་འཆད་ཉན་གྱི་སློབ་གསོའི་ལམ་ལུགས་གང་ཡང་མེད་པར། གོ་བ་གང་ཡང་མ་ཆགས་པའི་ཆོ་ག་ཆོས་སྤྱོད་ཀྱི་བཅའ་གཤོམ་དང་འབུད་བརྡུང་དཀྲོལ་གསུམ། གར་ཐིག་དབྱངས་སོགས་བསླབ། རྒྱུན་ལྡན་གྲོང་ཆོག་པའི་ལས་ཁུངས་འདྲ་པོ་ཤ་དག་ཆགས་ཡོད་པ་འདི་ནི། དུས་འཕྱིས་སུ་བོད་ཀྱི་དགོན་སྡེ་མང་པོས་འཆད་ཉན་ལ་དོ་སྣང་མ་བྱས་པར་ཆོ་གའི་གཟུགས་བརྙན་ཙམ་གྱིས་ཉི་མ་འཁྱོལ་ཐབས་བྱས་པའི་མཇུག་འབྲས་ངན་པ་དེ་རེད། སྔོན་དུས་མི་འདྲ་བར་ད་ལྟ་དཔལ་འབྱོར་གྱི་མཐུན་རྐྱེན་ཧ་ཅང་འཛོམས་ཡོད་ཀྱང་། གྲ་བཙུན་སྤྱི་དང་དགོན་གཞུང་གིས་ནེ་ཙོའི་རྣམ་ཐར་བཞིན་འདོན་ཆོག་ལ་གལ་པོར་འཛིན་པ་ལས། དུས་རབས་དང་མཐུན་པའི་སློབ་གསོར་མཐོང་ཆེན་མི་བྱེད་པ་མ་ཟད། སློབ་གསོ་ལ་དགའ་ཞེན་བྱེད་པ་དང་། སློབ་གསོ་མེད་པའི་སྐྱོན་གླེང་མཁན་ལ་དགྲ་རུ་འཛིན་པ་རྣམས་ནི་བདེན་དོན་དམར་གསོད་བྱེད་མཁན་དང་། གྲ་བཙུན་མང་པོའི་མི་ཚེ་སྟོང་ཟད་གཏོང་མཁན་གྱི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་རྒྱུ་ནི་ཐེ་ཚོམ་མེད།
ད་ལྟ་འཆད་ཉན་གྱི་སྲོལ་མེད་པའི་དགོན་སྡེའི་གྲྭ་བཙུན་དགུང་གྲངས་ལྔ་བཅུར་ཉེ་བ་ནས་སུམ་ཅུ་བཞི་ཅུའི་ནང་སོན་པ་དག་ལ་སྟོན་པའི་རྣམ་ཐར་ནས་ཆོས་འཁོར་གསུམ། གྲུབ་མཐའ་བཞི་མདོ་སྔགས་སོགས་སྐོར་ལ་དྲིས་དང་། ཕལ་མོ་ཆེ་ལྐུགས་པའི་བརྟུལ་ཞུགས་འཛིན་རྒྱུ་ཐེ་ཚོམ་མེད། གྲྭ་ས་ཆེ་མོའི་ནང་དུའང་དཔེ་ཆ་བ་མ་གཏོགས། ཚོགས་དང་སྐུ་གཉེར། ལས་ཀ་འདྲ་མིན་གནང་མཁན་ཚོ་ཡང་བཞུགས་ས་གྲྭ་ས་ཡིན་ཡང་ཤེས་རྨོངས་པ་རེད་འདུག གཡག་ཆེ་བར་ལྕི་བ་ཆེ་བ་མི་འདུག དགོན་དཔོན་དང་རྒན་གྲས་མང་པོས་རང་ཉིད་མི་ཚེ་རྨོངས་དད་ངང་བསྐྱལ་བ་ལ་ངོ་ཚ་འམ་གནོང་འགྱོད་བྱ་རྒྱུ་ཕར་ཞོག ན་གཞོན་རྣམས་ལ་སློབ་གསོའི་ཁོར་ཡུག་མ་བསྐྲུན་པར་ཡོངས་འབབ་ཁོ་ན་འཚོལ་བར་འབད་པ་དང་། ལོ་ལྟར་མར་བཤིག་ཡར་བརྩེགས་ཀྱི་ཨར་པོ་ཁོ་ན་དང་རྒྱ་ཕིབས་སོགས་བཟོ་བསྐྲུན་འགྲན་བསྡུར་ཁོ་ན་ཕུགས་བསམ་དུ་བརྩི་མཁན་ཚོ་ནི་དོན་ངོ་མའི་ཐོག་བསྟན་བསྲུང་ཡིན་ནམ། བསྟན་དགྲ་ཡིན། གང་ལྟར་མགོ་རིལ་རིལ་བཟོས། འདོན་པ་ཁོ་ན་འདོན། ཚོགས་མང་པོ་འཚོགས། ཡོངས་འབབ་ཁོ་ན་དོན་དུ་གཉེར། དགོན་པ་འཚོ་རྟེན་དུ་བརྩི་མཁན་ཚོ་ནི་དོན་གྱི་ཆ་ནས་གནས་དང་གང་ཟག་གཉིས་ཀ་ནང་པའི་གྲལ་ནས་བུད་ཟིན་རུང་། ཁོ་ཚོས་དེ་ནམ་ལ་ནང་ཆོས་སུ་བརྩིས་ཏེ་རང་ཉིད་ཡང་སྙིང་ནང་པ་ངོ་མ་ཡིན་ནམ་མིན་རང་རང་གིས་དཔྱད་མྱོང་མེད་ལ། དགོན་དཔོན་ཚོས་བསམ་བློ་གཏོང་མྱོང་མེད་པས། འཆད་ཉན་མེད་པར་མི་རབས་སྔ་མ་དང་འདི་འཕྲོ་བརླག་བཏང་ཟིན་པ་མ་ཟད། ཕྱི་མ་ཚོ་ཡང་འཕྲོ་བརླག་གཏོང་བཞིན་པས་ན། མཐོང་ས་རང་ལ་མི་རབས་གསུམ་གྱི་མི་ཚེ་སྟོང་ཟད་བཏང་འདུག་ན། དེ་ལ་དེ་བརྟེན་ཚང་མ་ཆུད་ཟོས་སུ་སོང་བའི་སྣང་ཚུལ་འདི་ནི་འཇིགས་སུ་རུང་བ་མ་ཡིན་ནམ། 
མདོར་ན་དགོན་དཔོན་ཚོས་དགོན་སྡེའི་འཚོ་བ་ལ་འགན་འཁུར་བ་ཙམ་ལས། གྲྭ་བཙུན་གྱི་མི་ཚེའི་རིན་ཐང་དང་ནང་པའི་བསྟན་པ་ལ་འགན་རྩ་བ་ནས་འཁུར་མེད་ཅིང་། སྒྱིད་ལུག་པའི་མི་ལད་པོ་ཚོའི་ཉེན་གཡོལ་ཁང་ཙམ་དུ་གནས་ཡོད་ན། དེ་ལ་ལོ་རྒྱུས་ཀྱི་སྡོམ་ཚིག་དང་ཆོས་དང་མི་རིགས་འདིར་གནོད་འཚེ་དང་གྱོང་རྒུད་ཚབས་ཆེན་བཟོས་པའི་ཉེས་པ་བསགས་ཡོད། བོད་པའི་སྤྱི་ཚོགས་བོད་མི་རེ་རེ་ནས་འབྲེལ་ཡོད་ལ། ཤེས་ཡོན་པའི་སྡེར་བརྩི་བའི་གྲ་བཙུན་ཤེས་ཡོན་གང་ཡང་མེད་པའི་ཚོགས་པ་མང་པོ་འདི་ལ། དགོན་དཔོན་དང་གྲྭ་བཙུན་རང་ངོས་ནས་ཀྱང་བསམ་གཞིག་མ་ཐོངས་པའང་། འཆད་ཉན་གྱི་སློབ་གསོ་མེད་པའི་ནག་ཉེས་ལས་མ་འདས་སོ།།མི་རེ་རེ་ཙམ་ཤེས་རྨོངས་སུ་གནས་ན་སྒེར་གྱི་གྱོང་ཙམ་ཡིན་ནའང་། དགོན་སྡེ་མང་པོ་ཅིག་སློབ་གསོ་དང་ཁ་བྲལ་བ་འདི་ནི་འཇིགས་སུ་རུང་བ་ཅིག་རེད། 
དགོན་སྡེ་ནི་ཤེས་བྱ་སྤྱི་དང་ནང་རིག་པའི་གཞུང་ལུགས་རྣམས་སྦྱོང་ས་ཡིན་པ་ལས། ཚོགས་དང་སྨོན་ལམ་བསྐང་གསོ་བྱེད་ས། གྲོང་ཆོག་པ་གསོ་སྐྱོང་བྱེད་མིན་པས། མགོ་ཚེས་གཅིག་ནས་འཆུགས་པས་གཞུག་གནམ་གང་བར་འཆུག་སོང་བ་བཞིན། ལམ་ལུགས་ཡོངས་སུ་ནོར་བས་མི་མང་པོའི་མི་ཚེ་སྟོང་ཟད་དུ་བཏང་བ་འདི་ཡིན་ལ། ད་དུང་མི་རིགས་གཞན་གྱི་སློབ་གསོའི་རྗེས་སུ་ལུས་ཀྱང་། གླེན་པའི་རང་མཐོང་གིས་གནས་ལུགས་རྩིས་མེད་དུ་བཏང་ཀྱང་། གཟུགས་བརྙན་ཙམ་དེ་ནང་པའི་ཆོས་སུ་རློམས་ཏེ་དུས་རབས་དང་འཚམས་པའི་ལམ་ལུགས་བསྒྱུར་བཅོས་མེད་པ་ནི་དེ་བས་ཀྱང་ཡིད་སྐྱོ་བའི་གནས་ཡིན་ནོ།།
མི་བུ་ཤེས་རབ་དཔལ་གྱིས་ཞུ་བ་ལགས།
རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K