མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།སྐྱབས་རྗེ་བླ་མ་ཤར་གདོང་རིན་པོ་ཆེ་མཆོག་གིས་གདམས་པའི་བསླབ་བྱ་བཞུགས་སོ།།

    སྤེལ་དུས།  2016-03-20 23:06:05         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 0310_1.jpgGd0རྗེ་ཙོང་ཁ་པའི་དྲ་བ།

        དེ་ཡང་ཇི་འདྲ་ཞིག་ལ་རབ་བྱུང་བ་ཟེར་བ་ཡིན་ཅེ་ན། བཀའ་གདམས་པའི་དགེ་བཤེས་ཆེན་མོ་ཤ་ར་བས། རབ་ཏུ་བྱུང་བ་ནི་སོ་ནམ་རྣམ་བཞི་སྤངས་པ་ཅིག་ལ་ཟེར་བ་ཡིན་གསུངས་ཡོད། སྤྱིར་སོ་ནམ་རྣམ་པ་བཞི་སྤངས་པ་ཞིག་ལ་རབ་བྱུང་བར་འཇོག་དགོས་པས་སོ་ནམ་རྣམ་བཞི་ནི། ཞིང་ལས། ཕྱུགས་ལས། ཚོང་ལས། བུ་ལོན་གཏོང་བ་བཞི་ལ་ཟེར་བ་ཡིན། དེས་ན་ང་ཚོ་རབ་བྱུང་བའི་སྡེ་ནའང་སོ་ནམ་རྣམ་བཞི་མ་སྤངས་པ་ཡོད་པ་ཡིན། དཔེར་ན་རོང་ཕྱོགས་སུ་རང་གིས་ས་ཞིང་དངོས་སུ་མི་འདེབས་ཀྱང་རང་གིས་ཕ་ཡུལ་ནས་ཞིང་སྐལ་བླངས་ཏེ་གཞན་ལ་འདེབས་ཏུ་འཇུག་པ་དང་། འབྲོག་ཕྱོགས་ན་ཕྱུགས་ཟོག་འགའ་རེ་བསྒྲིགས་ཏེ་གཞན་ལ་འཚོ་རུ་འཇུག་པ་སོགས་དང་། སྒོར་མོ་དང་འབྲུ་རིགས་བུ་ལོན་བཏང་སྟེ་སྡེབས་ལྷག་ཀྱིས་སྐྱེད་ཀ་ལེན་པ་སོགས་སྤྱི་ལོ་ལྔ་བརྒྱད་ཀྱི་བར་དུ་ཡོད་པ་ཡིན། དེ་མཐའ་དག་རང་གིས་དངོས་སུ་མ་བྱས་ཀྱང་གཞན་བསྐུལ་ཏེ་བྱེད་དུ་བཅུག་ན་རང་གིས་བྱས་པ་དང་ཁྱད་པར་མེད་པའོ། །བཀའ་གདམས་པའི་གཞུང་ན་དུས་ད་ལྟ་ཁྱིམ་པ་ཀུན་ལས་ཀྱང་རབ་ཏུ་བྱུང་བ་ཕྱུག་པ་འདི་ཚོ་ལ་སྡོམ་པ་ག་ནས་སྐྱེས་གསུངས་ཡོད། ད་ལྟའི་དུས་འདིར་དེ་འདྲ་རེད་དམ་མ་རེད། ང་ཚོས་བསམ་བློ་ཞིབ་མོ་གཏོང་དགོས། ལྷག་ཏུ་རིག་གནས་གསར་བརྗེས་ཀྱི་ལས་འགུལ་དེས་ཆོས་དང་རིག་གཞུང་གང་ལའང་གཏོར་བཤིག་ཚད་ཆེན་བཏང་ཡོད་ནའང་ཕྱོགས་གཞན་ནས་བསམ་བློ་བཏང་ན་བཀའ་གདམས་པའི་གཞུང་ལས་གསུངས་པ་བཞིན། ལྟོ་འགྲངས་ཉི་མ་དྲོད་དུས་ཆོས་པའི་གཟུགས།། རྐྱེན་ངན་ཐོག་ཏུ་འབབ་དུས་ཐ་མལ་བ།།གསུངས་པ་ནང་བཞིན་མོ་ཙེ་ཏུང་གིས་སྐབས་དེར་བོད་ཀྱི་ཆོས་པ་རྣམས་ལ་མཐོ་རྒྱུགས་ཆེན་པོ་ཞིག་བླངས་སོང་བ་འདྲ། གང་ཡིན་ཟེར་ན། ནམ་རྒྱུན་ཆོས་པ་ཡིན་མདོག་དང་། མཁས་མདོག་གིས་འགྱིང་ནས་བཞུགས་ཡོད་ནའང་རྐྱེན་ངན་རང་ཐོག་ཏུ་འབབ་སྐབས་དང་། རང་ལ་དཀའ་སྡུག་ཡུད་ཙམ་འཕྲད་སྐབས་སུ་ཁྱིམ་པ་ཕོ་མོ་ལས་ཀྱང་ཐབས་སྡུག་ཅིང་། ད་དུང་ཁྱིམ་གྱི་སེངྒེ་སྨྱོས་པ་བཞིན་ཁ་ལས་ཅི་བཤད་འདི་བཤད་མེད་པར་གྱུར་ཅིང་། ཐ་ན་རང་གཞན་མཐའ་དག་འཕངས་ལ་སྦྱོར་བའི་རྒྱུ་ཆ་བསྒྲུབས་པའང་མང་དུ་མཐོང་རྒྱུ་འདུག་པ་མངོན་སུམ་རེད། སྤྱིར་ཉེས་པ་ཆེན་པོ་ལ་མི་འཛེམ་པ་དང་ཆུང་ངུ་ལ་འཛེམ་པའི་ཁུལ་བྱེད་པ་ནི་ད་ལྟ་ང་ཚོའི་དགོན་སྡེ་སོ་སོ་ནའང་ཡོད། དཔེར་ན གྲྭ་བ་ཞིག་གིས་གཟན་གོན་སྟངས་ཅུང་མ་འགྲིག་པ་དང་། ཐུག་པ་བཞེས་ཚུལ་ཅུང་མི་ལེགས་པ་ཡིན་ན་དགེ་སྐུལ་ཀྱིས་ཚོགས་གཏམ་དྲག་པོ་གཏོང་བ་དང་རྡུང་རྡེག་སོགས་བྱེད་ལ། དེ་ལས་ལྡོག་སྟེ་གྲྭ་བ་ཞིག་གིས་ཚོང་ལས་གཉེར་བ་དང་། སྐུ་གསུང་ཐུགས་རྟེན་གཏའ་མར་འཇོག་པ་སྒོར་མོའི་བློག་སོགས་བཏང་ན་འགྲིག་བདག་རྣམས་ཀྱིས་ཅི་ཡང་མི་ཟེར་བ་རེད། ལྷག་ཏུ་དགོན་པ་རྣམས་བལྟ་སྐོར་བྱེད་ཡུལ་དུ་འགྱུར་བཞིན་པ་དང་།གཙུག་ལག་ཁང་དང་ལྷ་ཁང་མང་བོ་ཚོང་ཁང་དང་ཚོང་གཉེར་བྱེད་སའི་ལྟེ་བར་འགྲོ་ཉེན་ཡོད་པ་འདི་རེད། ང་ཚོས་ཆོས་མི་འགྲུབ་པའི་རྩ་བ་ཡང་། སྡོམ་པ་མང་བོ་ཁས་བླངས་ཏེ་སྲུང་མ་ཐུལ་པས་ལན་པ་ཡིན་པ་འདྲ། འདི་ནི་ཚང་མས་ཐུགས་བསམ་བཞེས་དགོས་པ་རེད། ང་ཚོ་རབ་བྱུང་བའི་གསེབ་ན་ཚུལ་ཁྲིམས་འཆལ་བའམ་ཉམས་པ་གཅིག་ཡོད་ན། དེའི་ཉམས་གྲིབ་ཀྱིས་རབ་བྱུང་བ་ཐམས་ཅད་ལ་ཡོན་ཏན་མི་སྐྱེ་བའི་སྟེང་དུ་ཉེས་དམིགས་མང་བོ་ཡོད་པས་འདིའི་རིགས་ལ་དོགས་ཟོན་ཆེས་ཆེར་བྱེད་དགོས། འདིའི་ཚུལ་ཁྲིམས་འཆལ་བ་ནི་ཕམ་པ་བཞི་བོའི་གང་རུང་བྱུང་བར་གོ་དགོས། དེ་ལས་སྔགས་ཀྱི་དམ་ཚིག་ཉམས་པ་ནི་རབ་བྱུང་བའི་ཚུལ་ཁྲིམས་འཆལ་བ་ལས་བརྒྱ་འགྱུར་གྱི་ཐུ་སྟེ། ལུང་བ་གཅིག་པའི་ཆུ་མི་འཐུང་བའི་ཟོལ་འདུག་པ་བཀའ་གདམས་པའི་གཞུང་ན་གསུངས་ཡོད། སྤྱིར་དགེ་བའི་བཤེས་གཉེན་གྱིས་སློབ་མའི་མི་ཤེས་པ་མཐའ་དག་ཤེས་སུ་འཇུག་རྒྱུ་ཙམ་མ་ཡིན་པར་ཆོས་དང་སེམས་རྒྱུད་གཉིས་ཀ་ཆུ་དང་འོ་མ་འདྲེས་པ་བཞིན་ཡོང་རྒྱུ་གལ་ཆེ་བ་དང་། ཆོས་ལ་ཡིད་ཆེས་ཞེས་པའང་རང་རང་གི་སེམས་རྒྱུད་དང་འདྲེས་པ་ཞིག་ལ་གོ་དགོས་པ་མ་གཏོགས་ཆོས་དེ་ཚུལ་བཞིན་བརྗོད་ཤེས་པ་ཙམ་ལ་མི་གོ་བའོ། དོན་དངོས་ཀྱི་ཐོག་ནས་ཡིད་ཆེས་ཀྱི་ངེས་པ་རྙེད་ཡོད་མེད་དེའང་རང་རང་གི་སེམས་རྒྱུད་དང་སྦྱར་ནས་བརྟག་ཚེ་ཤེས་ཡོང་། མདོར་ན་ངེས་པ་རྙེད་མ་རྙེད་དེ་ཡང་རིགས་པ་ཡང་དག་གིས་དཔྱད་དེ་རང་རང་གི་སེམས་ལ་འགྱུར་བ་ཐེབས་པའི་ཐོག་ནས་ངེས་པ་རྙེད་པ་ཞིག་དགོས་པ་ལས། ཡིན་ཡིན་འགྲིག་འགྲིག་བྱས་ཏེ་བསྡད་ན་རང་ལ་ཕན་ཐོགས་ཡོང་རྒྱུ་གང་ཡང་མེད་པ་དང་། མྱོང་བ་ཐོན་ཟེར་བ་དེའང་ཡང་ནས་ཡང་ཏུ་གོམས་འདྲིས་སུ་བཏང་ཚེ་གོམས་པའི་ནུས་ཤུགས་ཇེ་ཆེར་འགྲོ་བ་ཡིན་པས། ནུས་ཤུགས་ཇེ་ཆེར་སོང་བ་དེ་ལ་གོང་ནས་གོང་དུ་འཕེལ་བ་ཞེས་བྱ་ལ། དེ་བཞིན་ལམ་གྱི་བགྲོད་པ་གང་ཡིན་ཡང་གོང་དུ་འཕེལ་བར་འགྱུར་བ་ཡིན།Gd0རྗེ་ཙོང་ཁ་པའི་དྲ་བ།

0320_1.jpgGd0རྗེ་ཙོང་ཁ་པའི་དྲ་བ།

        སྔོན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ཁོང་གི་མནལ་ལམ་དུ་བྱིས་པ་གོས་དཀར་བོ་གྱོན་པ་ཞིག་བྱོན་ནས་ཁྱེད་ཀྱི་སློབ་མ་འདི་རྣམས་ཀྱི་ནང་ནས་གཉིས་ཙམ་ལ་བློ་བསྐྱེད་ཕྲན་བུ་རེ་ཡོང་བར་འདུག་གི་གཞན་རྣམས་ལ་བློ་བསྐྱེད་བྱུང་བ་གཅིག་ཀྱང་མི་འདུག་པས་ཕྱིན་ཆད་ལམ་རིམ་དང་བློ་སྦྱོང་གཙོ་བོར་གྱིས་ལ་ཆོས་སྟོན” གསུངས་ཏེ་མི་སྣང་བར་གྱུར་བ་ཁོང་གི་རྣམ་ཐར་དུ་བཞུགས། སྐབས་དེར་རྗེ་བཙུན་ལ་སློབ་མ་སའི་རྡུལ་དང་མཉམ་པ་ཡོད་པའི་ནང་ནས་རེ་གཉིས་ཙམ་མ་གཏོགས་བློ་བསྐྱེད་མི་འདུག་ན་རྗེ་བཙུན་ནི་གདུལ་བྱ་འདུལ་བའི་ཐབས་ལ་མི་མཁས་པར་སྙམ་ན། མིན་ཏེ། དཔེར་ན་སྨན་གང་དང་གང་ཡིན་ཀྱང་། ནད་དེ་དང་དེའི་གཉེན་པོ་ཡིན་ནའང་། ནད་པ་རང་རང་གི་ནད་ཀྱི་གཉེན་པོར་འགྲོ་མི་འགྲོ་ནད་པ་རང་རང་ལ་རག་ལས་ཡོད་པ་བཞིན། ནང་བའི་ཆོས་དེ་སྤྱིར་ཐད་ཀ་ཐད་ཀའི་ཉོན་མོངས་པའི་གཉེན་པོ་ཡིན་ཀྱང་། གང་ཟག་རང་རང་གི་རྒྱུད་ཀྱི་ཉོན་མོངས་པ་དེ་དག་གི་གཉེན་པོར་འགྲོ་མི་འགྲོ་རང་རང་ལ་རག་ལས་ཡོད་པ་མྱོང་ཐོག་ནས་བསམ་བློ་ཐོངས་དང་ཤེས་ཡོང་། དེ་ཡང་བློ་བསྐྱེད་དང་སེམས་བསྐྱེད་ཅེས་པ་རྩོལ་མེད་ཀྱི་མྱོང་བ་ཐོན་པ་སེམས་བསྐྱེད་ཀྱི་ཚད་དུ་འཇོག་དགོས། “རྗེའི་གསུང་ཐོར་བུ་ལས། རྩོལ་བཅས་ཀྱི་མྱོང་བ་ཐོན་པ་དེས་ཐར་བའི་ས་བོན་འཇོག་ནུས་ཀྱང་ལམ་གྱི་སྣར་མ་སླེབས” གསུངས་པ་བཞིན་རེད། དེ་ཡང་རྩོལ་མེད་ཀྱི་མྱོང་བ་ཐོན་དགོས་ཚེ། ཐོག་མར་རྩོལ་བ་ལ་བརྟེན་དགོས་པ་ཡིན། རྩོལ་བ་དེ་ཡང་ལན་གྲངས་དུ་མར་མཛད་པ་ལས་རྩོལ་བཅས་ཀྱི་མྱོང་བ་ཐོན་ངེས་ལ། དེ་ལ་གོམས་པ་བྱང་དུ་སོང་བས་རྩོལ་མེད་ཀྱི་མྱོང་བ་ཐོན་ངེས། རྩོལ་མེད་ཀྱི་མྱོང་བ་ཐོན་པའི་ཚད་གང་འདྲ་ཡིན་ཞེ་ན། གང་ལའང་དེའི་ཆེད་དུའམ་དོན་དུ་འབད་རྩོལ་མ་བྱས་པར་ངང་གིས་སྐྱེས་པ་དེ་རྩོལ་མེད་ཀྱི་མྱོང་བ་ཐོན་པའི་ཚད་ཡིན། དེ་ཡང་དཔེར་ན་གཙུབ་ཤིང་གཙུབས་པའི་མེ་བཞིན་རྒྱུན་མ་ཆད་པར་བརྡར་ན་མེ་འབར་ལ། ཅུང་ཙམ་བརྡར་ཏེ་ངལ་གསོས་ན་མེ་འབྱུང་བ་མི་སྲིད་པ་དེ་བཞིན་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅེས་པའང་ཐེངས་རེ་འགའ་ཙམ་ལ་མིན་པར་ལན་བརྒྱ་སྟོང་མང་བོར་བསྐྱེད་དེ་སྐྱེས་དགོས་པ་ཡིན། ཉིན་རེ་བཞིན་རྒྱུན་མ་འཆད་པར་བསྐྱེད་ན་སྐྱེ་བ་ཆོས་ཉིད་ཡིན། དེ་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་རྒྱུད་ལ་སྐྱེས་པ་དང་། ཐེག་ཆེན་ཚོགས་ལམ་ཆུང་ངུ་ཐོབ་པ། ཐེག་ཆེན་ལམ་དུ་ཞུགས་པ་དུས་མཉམ་ཡིན་པས་ཐེག་པ་ཆེན་པོའི་ལམ་སྣ་ཟིན་པ་ཡིན། བྱང་ཆུབ་སེམས་དཔའ་གྱུར་བ་ཡིན་གསུངས། དེའི་སྟབས་ཀྱིས་སྤྱིར་ཡོན་ཏན་གང་ཡིན་ཡང་ཐོག་མར་བསླབ་སྦྱངས་ལ་བརྟེན་ཏེ་ཤེས་དགོས་པ་ལས་མ་བསླབ་མ་སྦྱངས་པར་ཤེས་མི་སྲིད། རྫོགས་པའི་སངས་རྒྱས་མཐའ་དག་གིས་ཀྱང་བཤེས་གཉེན་བཟང་བོ་རེ་བཙལ་ཏེ་ཡོན་ཏན་སྦྱངས་པ་མ་གཏོགས་ཡོན་ཏན་ཐམས་ཅད་རང་རྡོལ་ཏུ་སོང་བ་ཞིག་གཏན་ནས་མེད། ལྷག་ཏུ་འཇིག་རྟེན་ཐོག་ན་ཆོས་ཟབ་མོ་ཡོད་པ་ཙམ་གྱིས་ང་ཚོ་ལ་ཕན་གང་ཡང་མི་ཐོགས་ལ་གོ་ཡང་མི་ཆོད། ཐོག་མར་རང་གིས་སྦྱངས་པར་མ་ཟད་རྒྱུད་ལ་གོམས་འདྲིས་སུ་བཏང་སྟེ་ཕན་ཐོགས་པ་ཡིན་ན། རང་ལ་ཆོས་ཟབ་མོ་གྱུར་ཡོད། དཔེར་ན།མི་གཞན་གྱི་མིག་ཇི་ལྟར་གསལ་ཞིང་རྣམ་གྲངས་མང་ནའང་། རང་གི་མདུན་ལམ་མི་མཐོང་བས། རང་གི་མདུན་ལམ་གསལ་བོ་མཐོང་བ་ལ། རང་གི་མིག་གཉིས་གསལ་བོ་ཡིན་དགོས་པ་བཞིན་རེད། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་དར་དང་རྒྱས་ཞེས་པའང་གང་ཟག་གི་ཤེས་རྒྱུད་ལ་དར་བ་དང་རྒྱས་པ་མ་གཏོགས་ས་ཐོག་རྡོ་ཐོག་ལ་དར་རྒྱུ་དང་རྒྱས་རྒྱུ་ཡོད་པ་མ་རེད། པོ་ཏི་མང་བོ་བློ་ཐོག་ནས་བཤད་ཐུབ་པ་དང་། རྩོད་པ་དང་རྩོམ་པའི་བྱ་བ་མང་བོ་ཞིག་བྱེད་ཐུབ་ནའང་ཆོས་དང་སེམས་རྒྱུད་གཉིས་ཤར་ནུབ་ཀྱི་རི་བོ་བཞིན་ཁ་ཁར་གྱུར་ཡོད་ན་སངས་རྒྱས་ཀྱི་བསྟན་པ་མ་དར་བ་ཡིན། དམ་པའི་ཆོས་ཀྱི་བསྒྲུབ་བྱ་མཐར་ཐུག་ནི་དངོས་དང་རྒྱུད་པའི་སྒོ་ནས་རང་སོ་སོའི་རྒྱུད་ཀྱི་ཉོན་མོངས་སྤོང་བྱེད་ཀྱི་ཐབས་ཁོ་ནར་འཆར་བ་དང་འཛིན་དགོས་པ་ཡིན། དེ་བཞིན་དམ་པའི་ཆོས་ཡིན་ན་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་སྤོང་བྱེད་ཡིན་པས་ཁྱབ་ཀྱང་། ཉོན་མོངས་ཀྱི་གཉེན་པོར་བསྟེན་མི་བསྟེན་དང་འགྲོ་མི་འགྲོ་གདུལ་བྱ་རང་རང་ལ་ཐུག་ཡོད་པ་ཡིན་གསུངས་སོ།། ཞེས་སྐྱབས་རྗེ་བླ་མ་ཤར་གདོང་རིན་པོ་ཆེ་མཆོག་གིས་གདམས་པའི་བསླབ་བྱ་བཞུགས་སོ།།Gd0རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K