མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །སྙན་ངག་འཕེལ་བའི་ལོ་རྒྱུས་མདོར་བསྡུས།

    སྤེལ་དུས།  2014-07-12 19:57:36     རྩོམ་པ་པོ།   སྟོབས་ལྡན་གྱིས་བསྒྲིགས།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

    སློབ་དཔོན་དཎྜིའི་འཇིག་རྟེན་ལ་གྲགས་པའི་གཞུང་གསུམ་གྱི་གཙོ་བོར་གྱུར་པའི་ལེའུ་གསུམ་གྱི་བདག་ཉིད་ཅན<<སྙན་ངག་མེ་ལོང>>འདི་ཉིད་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བལ་བོའི་པཎྚི་ཏ་སངྒྷ་ཤྲཱི་ཡི་མདུན་ནས<<མཁས་འཇུག>>ཏུ་ཚིགས་བཅད་མི་ཉུང་བ་ཞིག་བསྒྱུར་ཏེ་ཐོག་མར་བོད་ལ་ངོ་སྤྲོད་བྱས། ཤོང་ལོ་ཙཱ་པ་རྡོ་རྗེ་རྒྱལ་མཚན་གྱིས་འགྲོ་མགོན་འཕགས་པའི་སྐུ་རིང་ལ་ས་སྐྱའི་གཙུག་ལག་ཁང་དུ་པཎྚི་ཏ་ལཀྵྀམ་ཀ་རའི་མདུན་ནས་བོད་ལ་ཆ་ཚང་བསྒྱུར། ཕྱིས་སུ་དཔང་ལོ་ཙཱ་པ་བློ་གྲོས་བརྟན་པས་འགྱུར་བཅོས་དང་འཆད་ཉན་ལེགས་པར་མཛད། དེའི་རྗེས་སུ་ཞྭ་ལུ་ལོ་ཙཱ་པ་ཆོས་སྐྱོང་བཟང་པོ་དང་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་གཉིས་ཀྱིས་ཀྱང་འགྱུར་བཅོས་མཛད་པ་ཡིན། གཞུང་འདི་ཉིད་བོད་དུ་འཆད་ཉན་བྱེད་པའི་གོ་རིམ་ཁྲོད་དུ། ཤོང་ལོའི<<དབྱངས་ཅན་མགུལ་རྒྱན>>དང་། དཔང་ལོའི<<དཔང་ཊིཀ>> རིན་སྤུངས་པའི<<མི་འཇིགས་སེང་གེའི་ང་རོ>> རྒྱལ་དབང་ལྔ་པའི<<དབྱངས་ཅན་དགྱེས་པའི་གླུ་དབྱངས>> བོད་མཁས་པའི<<དཎྜིའི་དགོངས་རྒྱན>> འབྲུག་ཁམས་སྤྲུལ་གྱི<<དབྱངས་ཅན་ངག་གི་རོལ་མཚོ>> འཇུ་མི་ཕམ་གྱི<<དབྱངས་ཅན་དགྱེས་པའི་རོལ་མཚོ>> ཀུན་མཁྱེན་འཇམ་དབྱངས་བཞད་པའི<<དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན>> ཚེ་ཏན་ཞབས་དྲུང་གི<<སྙན་ངག་སྤྱི་དོན>> དམུ་དགེ་བསམ་གཏན་གྱི<<སྙན་འགྲེལ་ཡང་གསལ་སྣང་མཛོད>> དུང་དཀར་བློ་བཟང་འཕྲིན་ལས་ཀྱི<<ཚིག་རྒྱན་རིག་པའི་སྒོ་འབྱེད>> བསེ་ཚང་བློ་བཟང་དཔལ་ལྡན་གྱི<<ཚངས་སྲས་བཞད་པའི་སྒྲ་དབྱངས>>སོགས་སྙན་འགྲེལ་གྲགས་ཆེན་དག་དང་། དཔང་ལོའི<<སྙན་ངག་གི་བསྟན་བཅོས་པད་མ་དཀར་པོའི་ཕྲེང་བ>>དང་། བོད་མཁས་པའི<<དཔེར་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས>> གུང་ཐང་བསྟན་པའི་སྒྲོན་མེའི<<སྙན་ངག་གི་དཔེར་བརྗོད་རྩོམ་འཕྲོ་ཅན>> དབྱངས་ཅན་དགའ་བློའི<<དཔེར་བརྗོད་བློ་གསལ་མགུལ་རྒྱན་མུ་ཏིག་ཕྲེང་བ>> པཎ་ཆེན་བསྟན་པའི་དབང་ཕྱུག་གི<<དཔེར་བརྗོད་ཚངས་སྲས་དགྱེས་པའི་རོལ་མོ>> ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི<<དཔེར་བརྗོད་བདུད་རྩིའི་མཆོད་ཡོན>> རེབ་ཙའི་བཀའ་འགྱུར་པ་དམ་ཆོས་ཡར་འཕེལ་གྱི<དཔེར་བརྗོད་བུང་བ་མྱོས་པའི་གླུ་དབྱངས>> པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི<<དཔེར་བརྗོད་མཚོ་བྱུང་དགྱེས་པའི་མེ་ཏོག>> དངུལ་ཆུ་ངྷརྨ་བྷ་དྲའི<<སྙན་ངག་བསྟན་བཅོས་རྒྱ་མཚོའི་སྙིང་པོ>>སོགས་སྙན་ངག་གི་དཔེར་བརྗོད་གྲགས་ཆེན་དག་མང་དུ་མཛད་འདུག g9Cརྗེ་ཙོང་ཁ་པའི་དྲ་བ།
    གཞུང་འདིའི་རྩ་བ་ནི་དུས་རབས་བདུན་པའི་སྔོན་གྱི་རྒྱ་གར་གྱི་སྙན་གཞུང་ཀུན་གྱི་སྙིང་པོ་བསྡུས་པའི་སྙན་གཞུང་ཞིག་ཡིན་ལ། འདིའི་བོད་ཀྱི་འགྲེལ་བ་དཔེར་བརྗོད་དང་བཅས་པ་ནི་བོད་ཀྱི་སྙན་གཞུང་ངམ་རྩོམ་རིག་གི་གཞུང་ལུགས་ཡིན། རྒྱུ་མཚན་ནི། གཞུང་འདིའི་ནང་དུ་དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་བཅས་ཀྱི་གོ་དོན་དང་ནང་གསེས། དཔེར་བརྗོད་སོགས་རྒྱས་པར་བསྟན་ཡོད་པར་མ་ཟད། རྒྱ་གར་ཤར་ལྷོ་གཉིས་ཀྱི་སྙན་ངག་གི་རྩོམ་གཤིས་ཞིབ་ཏུ་བསྟན་ཡོད་པ་དང་། སྙན་ངག་གི་སྐྱོན་སེལ་ཡང་ཅུང་རྒྱས་པ་ཞིག་བསྟན་ཡོད། གཞན་ད་དུང་། སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།། ཅེས་ཚིག་རྒྱན་དང་། ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱིས་རྣམ་བཅད་ཚིག་གི་ཕྲེང་།། ཞེས་སྙན་ངག་གི་ལུས། སྔོན་བྱུང་གཏམ་ལས་གྱུར་པའམ།། ཅིག་ཤོས་ལེགས་པ་ལ་བརྟེན་པ།། ཞེས་སྙན་ངག་གི་བརྗོད་བྱ་གཏམ་དང་བརྗོད་པ། སྒེག་དང་རོལ་དང་སྟབས་ལ་སོགས།། ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་།། མཉན་པར་བྱ་བ་ཉིད་ཅེས་པ།། འདི་ཡང་ལུགས་གཉིས་དག་ཏུ་བརྗོད།། ཅེས་མཉན་བྱ་གཙོ་བོར་བྱེད་པའི་སྙན་ངག་དང་བལྟ་བྱ་གཙོ་བོར་བྱེད་པའི་ཟློས་གར། རང་བཞིན་གྱིས་གྲུབ་སྤོབས་པ་དང་།། མང་དུ་ཐོས་པ་དྲི་མེད་དང་།། མངོན་པར་སྦྱོར་བ་མི་དམན་པ།། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།། གལ་ཏེ་སྔོན་གྱི་བག་ཆགས་ཡོན་ཏན་གྱི།། རྗེས་འབྲེལ་སྤོབས་པ་རྨད་བྱུང་མེད་པ་ལའང་།། ཐོས་དང་འབད་པ་དག་གིས་ངག་བསྟེན་ན།། ཇི་ཞིག་ལྟར་ཡང་ངེས་པར་རྗེས་འཛིན་བྱེད།། ཅེས་སྙན་ངག་གི་རྒྱུ། མཁས་པས་ཡང་དག་རབ་སྦྱར་བའི།། ངག་ནི་འདོད་འཇོའི་བ་རུ་བཤད།། དེ་ཉིད་ཉེས་པར་སྦྱར་ན་སླར།། སྦྱོར་བོ་བ་ལང་ཉིད་རྗོད་བྱེད།། ཅེས་སྙན་ངག་བཟང་ངན་གྱི་དབྱེ་བ། ཐོག་མར་འདྲེན་པ་ཡོན་ཏན་གྱིས།། ཉེ་བར་བཀོད་ནས་དེ་ཡིས་ནི།། དགྲ་ལ་གནོད་པ་བྱེད་ཅེས་པའི།། ལམ་འདི་རང་བཞིན་མཛེས་པ་ཡིན།། རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས།། དགྲ་བོ་ལ་ཡང་བསྔགས་བྱས་ནས།། དེ་ལས་རྒྱལ་བར་འདྲེན་པ་ནི།། ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེས།། ཞེས་སྙན་ངག་གི་རྩོམ་སྟངས། སྙན་ངག་དམ་པའི་རྒྱན་ལྡན་ནི།། བསྐལ་པའི་བར་དུ་གནས་པར་འགྱུར།། ཞེས་སྙན་ངག་གི་རིན་ཐང་སོགས་ཀྱང་བསྟན་འདུག g9Cརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K