མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཞིབ་འཇུག / གཞན་དག / ནང་དོན་དངོས།

༄༅།།དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་ལ་དཔྱད་པ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2017-01-21 12:03:49     རྩོམ་པ་པོ།   སེར་བྱེས་དགེ་བཤེས་ལྷུན་གྲུབ་ཆོས་ལྡན།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

      བསྟན་འགྱུར་ནང་བཞུགས་པའི་དབུ་མའི་བསྟན་བཅོས་ཀྱི་ཁྲོད་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་༡(150-250)ཀྱིས་མཛད་པར་གྲགས་པའི་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་པ་འདི་ནི། རྒྱ་གར་ན་རྩ་ཤེ་ལ་འགྲེལ་ཆེན་བརྒྱད་༢ཡོདཅེས་རླུང་ལྟར་གྲགས་པའི་འགྲེལ་པ་རྣམས་ཀྱི་ཐོག་མ་དེ་ཡིན་ཅིང་། དེ་ཡང་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་༣(742-797)གྱིས་མཁན་ཆེན་ཞི་བ་འཚོ་༤(725-790)དང་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གཙོས་རྒྱ་གར་གྱི་པཎ་གྲུབ་མང་པོ་བོད་དུ་གདན་དྲངས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་བཏབ་པ་༥(762)དང་། ནང་པའི་ཆོས་ཀྱི་གཞུང་ལུགས་ཁག་རྒྱ་གར་སྐད་ནས་བོད་སྐད་དུ་འགྱུར་ཆེད་སྒྲ་སྒྱུར་ལོ་ཙཱ་བའི་དཔུང་ཁག་གསོ་སྐྱོང་དང་སློབ་གཉེར་གྱི་རྟེན་གཞི་གསར་འཛུགས་མཛད་པ་སོགས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ཁག་ཏུ་ཁ་གཅིག་གྲག་གིས་བཀོད་ཡོད། སྐབས་དེར་ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་བརྗོད་བྱར་བྱས་པའི་གཙུག་ལག་ཁག་བོད་སྒྱུར་གྱི་ཚ་རླབས་ཤིག་གངས་ལྗོངས་ས་མཐོར་འཕྱུར་བ་ནས་བཟུང་། ད་བར་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་གྱི་རིང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་བགྲང་གིས་མི་ལང་བ་ཞིག་བྱོན་ཡོད་པའི་ཁྲོད་ནས་བོད་ཀྱི་སྒྲ་སྒྱུར་ལོ་ཙཱ་བའི་ལོ་རྒྱུས་ཁྲོད་མཚན་སྙན་གྱི་གཟི་འོད་རབ་ཏུ་འབར་བའི་སྐ་ཅོག་ཞང་གསུམ་ནི་ནང་ཆོས་བོད་སྐད་དུ་སྒྱུར་མཁན་གྱི་ཆེས་སྔ་བའི་ལོ་ཙཱ་བའི་དཔུང་ཁག་ཅིག་རེད། སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེན་འགྲེལ་བ་བམ་པོ་བཞི་བཅུ་པ་དང་། ངེས་དོན་གྱི་དབུ་མ། ཤེར་ཕྱིན་མདོར་བསྡུས། ཆོས་གཏན་ལ་དབབ་པའི་གལ་སོགས་མདོ་དང་བསྟན་བཅོས་མང་པོ་བོད་སྒྱུར་གནང་ཡོད། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ནི་ཁོང་གིས་བོད་སྒྱུར་གནང་བའི་བསྟན་བཅོས་ཁག་གི་ཁྲོད་ནས་གཅིག་རེད། 0dNརྗེ་ཙོང་ཁ་པའི་དྲ་བ།
      དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཀྱི་མཛད་བྱང་བོད་སྐད་དུ་བསྒྱུར་སྐབས་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས། ༦དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ཤེས་རབ་ཅེས་བྱ་བའི་དོན་མདོར་བསྟན་པ། བསྟན་བཅོས་དང་རབ་ཏུ་བྱེད་པ་དང་། ངག་དང་ཚིག་རིག་པ་དང་། ལུང་གིས་གྲུབ་པ། རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། རྗེས་སུ་དཔག་པ་དང་། སུན་དབྱུང་བའི་བསལ་བ་དང་། དེ་ཁོ་ན་དག་བསྟན་པ་ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ། །ཞེས་གོང་གི་མཛད་བྱང་འདི་ཇི་ལྟ་བ་བཞིན་རྒྱ་གར་སྐད་ལ་ཡོད་མེད་ཇི་ལྟར་ཡང་། རང་ཉིད་ཀྱིས་བསྟན་བཅོས་འདི་བོད་སྐད་དུ་བསྒྱུར་སྐབས་རྩ་བ་གང་ཞིག་གི་འགྲེལ་པ་ཡིན་པ་དང༌། དེའི་བརྗོད་བྱ། བསྟན་བཅོས་ཀྱི་མཚན་དོན་ཞིབ་པར་འགྲེལ་བ། བསྟན་བཅོས་མཛད་པ་པོའི་ཆེ་བའི་ཡོན་ཏན་གྱི་ཁྱད་ཆོས་སོགས་ཞིབ་པར་བཀོད་དེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ཤག་གནང་འདུག 0dNརྗེ་ཙོང་ཁ་པའི་དྲ་བ།
      སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ག་ལས་འཇིགས་མེད་བོད་སྐད་དུ་བསྒྱུར་བ་ནས་བཟུང་དུས་རབས་བཅུ་བཞི་པའི་ནང་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་༧(1357-1419)གངས་ལྗོངས་སྐྱེ་དགུའི་བསོད་ནམས་ཀྱི་སྐལ་མཆོག་དམ་པར་བྱོན་ཏེ། ག་ལས་འཇིགས་མེད་རང་འགྲེལ་མིན་པའི་གཏན་ཚིགས་བཀོད་པའི་༨(1408)བར་རོབ་རྩིས་བྱས་ན་མི་ལོ་དྲུག་བརྒྱ་ལྷག་ཙམ་རིང་བྱོན་པའི་བོད་སྔ་མའི་མཁས་གྲུབ་རྣམས་ཀྱིས་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་ལ་དཔྱད་བརྗོད་ཕལ་ཆེར་མཛད་མེད་པ་ཏའི་སི་ཏུ་རྣམ་རྒྱལ་གྲགས་པའི་གསུང་ལས་གསལ་པོར་ཤེས་ནུས་ཤིང་། ག་ལས་འཇིགས་མེད་རང་འགྲེལ་མིན་པར་ཆ་བཞག་ན། སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་གཙུག་རྒྱན་ཅོག་རོ་ཀླུའི་རྒྱལ་མཚན་ལ་རང་གིས་གང་བསྒྱུར་བྱའི་བསྟན་བཅོས་དེའི་རྩོམ་པ་པོ་སུ་ཡིན་མིན་དཔྱོད་པའི་རྣམ་དཔྱོད་ཙམ་ཡང་མེད་ན་བསྟན་བཅོས་ཀྱི་ནང་དོན་དཔྱིས་ཕྱིན་པ་བོད་སྐད་དུ་ཇི་ལྟར་བསྒྱུར་མིན་ལ་ཡ་མཚན་སྐྱེ་གཞི་ཆགས་པ་དང་གཅིག གོང་དུ་དྲངས་པའི་ག་ལས་འཇིགས་མེད་ཀྱི་མཛད་བྱང་དེ་ག་རང་ལེགས་སྦྱར་གྱི་སྐད་དུ་ཡོད་མེད་དང་འདི་ལོ་ཙཱ་བས་གསར་བཟོ་བྱས་མིན་དང་གཉིས། ཕྱིས་ཀྱི་མཁས་པས་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་སྒྲུབ་བྱེད་གཙོ་བོ་ག་ལས་འཇིགས་མེད་དུ་དྲངས་པའི་ལུང་སྟེ། བཙུན་པ་འཕགས་པ་ལྷས་༩(170-270)ཀྱང་། ཉན་པ་པོ་དང་མཉན་བྱ་ལ། ཞེས་སོགས་ཀྱི་གཞུང་ཚིག་འདི་ཅོག་རོས་བོད་སྐད་དུ་བསྒྱུར་སྐབས་འདི་སྐོར་རྟོག་དཔྱོད་མེད་པར་ཇི་ལྟར་བསྒྱུར་མིན་དང་གསུམ། གལ་ཏེ་རྟོག་དཔྱོད་ཟབ་མོ་གནང་ཚེ་ཀླུ་སྒྲུབ་ཀྱིས་འཕགས་པ་ལྷའི་གཞུང་ཚད་མར་བཟུང་ནས་རང་གི་བསྟན་བཅོས་སུ་ལུང་འདྲེན་མཛད་པ་གནས་མ་ཡིན་པའི་ཚུལ་མ་དགོངས་པ་སོགས་ནི་དཔྱད་གཞི་གཙོ་བོ་ཆགས་ཡོད། 0dNརྗེ་ཙོང་ཁ་པའི་དྲ་བ།
      དེ་དང་ཕྱོགས་མཚུངས་ལེགས་ལྡན་གྱི་རྗེས་འབྲང་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་༡༠(-700-)ཀྱིས་ཀྱང་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་དུ། རང་གི་འགྲེལ་པ་ག་ལས་འཇིགས་མེད་ཅེས། ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་བཞེས་མཛད་འདུག་པ་དཔེར་ན། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་༡༡དེ་ཉིད་ལས། གལ་ཏེ་འདིས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མཚན་ཉིད་གང་ཁོ་ན་བསྟན་པའི་མཚན་ཉིད་དེ་ཁོ་ན་སྟོན་ན་ནི། ཞེས་སོགས་གསུངས་པ་འདི་རྒྱ་གར་མཁས་པའི་ཁྲོད་དུའང་ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་བཞེས་གནང་མཁན་ཡོད་པའི་ཁུངས་གསལ་ཤོས་ཡིན་ཅིང་། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རང་འགྲེལ་དུ་ཞལ་གྱིས་བཞེས་པའི་རྒྱུ་མཚན་ཡང་འདི་རྣམས་ལ་གཞི་བཅོལ་བར་སེམས། མ་ཟད་ག་ལས་འཇིགས་མེད་རང་འགྲེལ་མིན་ན་སྔོན་བྱོན་རྒྱ་གར་མཁས་པ་རྣམས་ཀྱིས་གཞི་གང་ལ་བརྟེན་ནས་དེ་རང་འགྲེལ་དུ་འཁྲུལ་བ་ཡིན་དཔྱོད་དགོས་ཤིང་། རྒྱ་གར་མཁས་པའི་ཁྲོད་འདི་རང་འགྲེལ་དུ་འདོད་མཁན་བྱུང་བ་མ་གཏོགས། རང་འགྲེལ་དུ་མི་འདོད་མཁན་གྱི་ཕྱོགས་མ་བྱུང་བ་འདི་ལའང་ཡ་མཚན་སྐྱེ་གཞི་ཆགས་ཡོད། 0dNརྗེ་ཙོང་ཁ་པའི་དྲ་བ།
      འོན་ཀྱང་དུས་ཕྱིས་བོད་ཀྱི་མཁས་པའི་གཙུག་རྒྱན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ལེགས་བཤད་སྙིང་པོར། ༡༡རབ་བྱེད་ཉེེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང༌། ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་༡༣(230-330)དང་ལེགས་ལྡན་འབྱེད་༡༤(500-570)དང་ཟླ་བ་གྲགས་པའི་༡༥(-600)འགྲེལ་པར་ཡང་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་སོགས་གསུངས་ཏེ་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་ཁུངས་སྟོན་པ་ནི། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་སྟེ། གཞན་ལས་ལྷག་པའི་ཕུལ་བྱུང་གི་རྣམ་དཔྱོད་ཀྱི་རྩལ་ཞིག་མེད་ན། འདི་ལྟ་བུའི་བརྟག་དཔྱད་གཏིང་ཟབ་གནང་མི་ནུས་པའི་ཕྱིར་རོ། །ཁོང་ནི་བོད་ཀྱི་མཁས་པའི་ཁྲོད་མངོན་གསལ་དོད་པོས་ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་གྱིས་མི་བཞེས་མཁན་གྱི་ཐོག་མ་དེ་མིན་ནམ་སྙམ། གོང་གི་ལུང་འདིའི་ཁུངས་དེ་ལྟར་ཡིན་པའང་འགྲེལ་པ་ག་ལས་འཇིགས་མེད་དེ་ཉིད་ལས། ༡༦དེས་ན་འཇིག་རྟེན་མཐའ་མེད་པར་འགྱུར་བར་ཞིག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་འཐད་དོ། །བཙུན་པ་འཕགས་པ་ལྷས་ཀྱང༌། ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་གསུངས། འོན་ཀྱང་ཡ་མཚན་པ་ཞིག་ལ་རྗེ་ཙོང་ཁ་པ་སོགས་ཕྱིས་ཀྱི་མཁས་གྲུབ་ཚོས་ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་གྱིས་མི་བཞེས་ཀྱང་། རྩ་ཤེའི་འགྲེལ་པ་བརྒྱད་ཀྱི་གྲངས་འདྲེན་སྐབས་ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་གྱིས་བཞེས་མཁན་གྱི་སྔོན་བྱོན་མཁས་པའི་རྗེས་སུ་འབྲངས་ཏེ། ག་ལས་འཇིགས་མེད་འགྲེལ་པ་རྣམས་ཀྱི་ཐོག་མར་དྲངས་འདུག དངོས་གནས་བྱས་ན་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་ཁུངས་སྐྱེལ་དགོས་ན། རྩ་ཤེའི་འགྲེལ་པ་བརྒྱད་ཀྱི་གྲངས་འདྲེན་གནང་སྐབས་ག་ལས་འཇིགས་མེད་འགྲེལ་པ་རྣམས་ཀྱི་ཐོག་མར་འདྲེན་པ་འདི་ཅུང་མི་མཛེས་པར་སྣང་ལ། ལར་ནས་བསྟན་བཅོས་འདི་སུ་ཞིག་གིས་བརྩམས་པ་དང་། དུས་ཇི་ཙམ་དུ་བརྩམས་སོགས་ཀྱི་སྐོར་ལ་དཔྱད་པ་ཟབ་མོ་དགོས་ཀྱང་། དེ་ལྟར་གནང་མི་འདུག་པའི་ཚུལ་ལ་དཔགས་ན་འདི་སྐོར་ཡུལ་དུས་དཔྱད་གཞིའི་རྒྱུ་ཆ་སོགས་བསྐལ་པའི་དབང་ལས་ཡིད་བརྟན་འཕེར་བའི་གཏན་ཚིགས་ཁ་གསལ་ཞིག་འགོད་རྒྱུ་ཤིན་ཏུ་ནས་དཀའ་བར་སེམས། 0dNརྗེ་ཙོང་ཁ་པའི་དྲ་བ།
      དེ་བཞིན་དུ་མཁས་གྲུབ་ཐམས་ཅད་མཁྱེན་པས་༡༧(1385-1438)སྟོང་ཐུན་སྐལ་བཟང་མིག་འབྱེད་དུ། ༡༨ག་ལས་འཇིགས་མེད་འཕགས་པས་མཛད་པའི་རང་འགྲེལ་ཡིན་ནོ་ཞེས་བོད་མང་པོ་སྨྲ་བ་ནི་རྣམ་པར་མ་བརྟགས་པ་སྟེ། ཞེས་པ་ནས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པའི་ཕྱིར་རོ་ཞེས་པའི་བར་དང་། འདི་ལ་ཁ་ཅིག་ན་རེ། དེ་མི་འཐད་དེ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་རང་འགྲེལ་དུ་བྱས་པའི་ཕྱིར་རོ། །ཞེས་ཟེར་རོ། །རྗེ་ཐམས་ཅད་མཁྱེན་པས་འགྲེལ་བཤད་དེ་མ་གཟིགས་སོ་སྙམ་དུ་དོགས་པ་ནི་རང་ཉིད་ཤིན་ཏུ་གླེན་པ་གོ་བར་བྱེད་དོ། །དེ་ལས་དེ་ལྟར་དུ་བཤད་མོད་ཀྱི། འོན་ཀྱང་དེ་ཉིད་རང་འགྲེལ་ཡིན་ན་ནི་དྲངས་མ་ཐག་པའི་གནོད་བྱེད་དུ་མ་ཟད་ཀྱི། སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་དང་ལེགས་ལྡན་འབྱེད་གསུམ་ཀའི་འགྲེལ་པས་རྩ་ཤེའི་གཞུང་གི་ཆ་དུ་མ་ཞིག་སློབ་དཔོན་དང་མི་མཐུན་པའི་ལོག་པར་བཤད་པར་བྱ་དགོས་ཏེ། དཔེར་ན་འགྲེལ་པ་དེར་ནི་མཆོད་བརྗོད་ཀྱི་སྐབས་སུ་འགག་པ་མེད་དེ་སྐྱེ་བ་མེད་པའི་ཕྱིར་ཞེས་བཀོད་ནས་ཞེས་པ་ནས། འདི་ནི་འཕགས་པ་ལ་ཁ་གཡར་བའི་གཞུང་དང་འགྲེལ་པ་སོགས་སྔགས་ཀྱི་སྐོར་ལའང་ཤིན་ཏུ་མང་ཞིང་། དེ་འདྲ་འཕགས་པས་མཛད་པར་འདོད་པའི་རྒྱ་གར་བའི་འགྲེལ་བྱེད་ཀྱང་བྱུང་འདུག་པ་ལྟར་འདིའང་དེ་དག་དང་འདྲ་སྟེ། ཚིག་དོན་གང་ལའང་རྣམ་པར་མི་དཔྱོད་པར་འགྲེལ་བཤད་གང་ཡང་རུང་བ་རེའི་ཚིག་ཙམ་རེ་མཐོང་བས་ཡིད་རྟོན་པར་བྱེད་པ་ནི་དབང་པོ་ཤིན་ཏུ་རྟུལ་པོ་ལས་ཀྱང་རྟུལ་པོར་མཚོན་པ་ལས་གཞན་དུ་ཅི་ཞིག་ཡོད། ཅེས་སོགས་ལུང་རིགས་གཉིས་ལ་བརྟེན་ནས་ག་ལས་འཇིགས་མེད་རང་འགྲེལ་མིན་པ་རྒྱས་པར་བསྒྲུབས། ཡང་ཏཱའི་སི་ཏུ་རྣམ་རྒྱལ་གྲགས་པས། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་སྔོན་ནས་རྩོད་པ་མེད་པ་ཡིན་པ་ལ། དིང་སང་རང་འགྲེལ་མ་ཡིན་པར་འདོད་པ་མང་བ་ཞིག་བྱུང་བ། རང་འགྲེལ་མ་ཡིན་ན་འགྲེལ་པ་འདིའི་མཛད་པ་པོ་སུ་ཡིན་དང་། རང་འགྲེལ་མ་ཡིན་པ་ལ་སྒྲུབ་བྱེད་ལྟར་སྣང་མིན་པ་བཀོད་པར་རིགས་སོ་ཞེས་དྲིས་པའི་ལན་དུ། རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་༡༩(1391-1474)ཀྱིས། ༢༠རང་འགྲེལ་ཡིན་པར་སྔོན་ནས་རྩོད་པ་མེད་པར་གྲུབ་ན། འདི་རང་འགྲེལ་ཡིན་པར་རྩ་ཤེའི་དགོངས་པ་འགྲེལ་བའི་སྐྱེས་བུ་ཆེན་པོ། ཨཱརྱ་དེ་བ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་གྲགས། ཞི་བ་འཚོ། ཡེ་ཤེས་སྙིང་པོ་༢༡(700-760)གང་གིས་འདི་རང་འགྲེལ་ཡིན་པར་བཤད་སྨྲ་དགོས་སོ། །འདི་རང་འགྲེལ་མ་ཡིན་ཏེ། རང་འགྲེལ་ཡིན་ན། རྩ་ཤེའི་ཚིག་དོན་གྱི་འགྲེལ་མཛད་ཚད་ལྡན་རྣམས་ཀྱིས་འདི་ཁུངས་སུ་འདྲེན་རིགས་པ་གང་ཞིག འགྲེལ་མཛད་རྣམས་ཀྱིས་འདི་ཁུངས་སུ་མ་དྲངས་པ་ཙམ་དུ་མ་ཟད། རབ་བྱེད་དང་པོའི་གཞུང་འདི་རྣམས་ལ་ག་ལས་འཇིགས་མེད་དང་འགྲེལ་པ་གཞན་རྣམས་འཆད་ཚུལ་དང་འཆད་པའི་གོ་རིམ་ཀྱང་ཤིན་ཏུ་མི་མཐུན་པའི་ཕྱིར། གཞན་ཡང་འདི་རང་འགྲེལ་མ་ཡིན་ཏེ། འགྲེལ་པ་བུདྡྷ་པཱ་ལི་ཏ་ནི་སངས་རྒྱས་བསྐྱངས་ཀྱིས་མཛད་པར། ལེགས་ལྡན་དང་ཟླ་གྲགས་གཉིས་ཀས་མཐུན་པར་བཞེད་ལ། རབ་བྱེད་ཐ་མ་བཞིའིི་འགྲེལ་པ་ག་ལས་འཇིགས་མེད་ལས། བམ་གྲངས་མིང་མི་མཐུན་པ་ཙམ་ལས་བུངྡྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་པའི་ཚིག་རིགས་ཇི་ལྟ་བ་བཞིན་བྲིས་པ་མ་གཏོགས་ནུས་པ་ལྷག་པོ་ཏིལ་ཙམ་ཡང་མི་འདུག་པའི་ཕྱིར་རོ་ཞེས་དང་། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས་དེ་སྐད་བཤད་མོད། འདི་ནི་མི་ཤེས་པ་ཞིག་གིས་འགྲེལ་པ་དེར་བཅུག་པར་སྣང་ངོ༌། །ཞེས་སོགས་ལུང་རིགས་གཉིས་ཀྱི་སྒོ་ནས་ག་ལས་འཇིགས་མེད་རང་འགྲེལ་མིན་པར་རྒྱས་པར་བསྒྲུབས། དེ་ལྟར་བསྒྲུན་དུ་མེད་པའི་མཁས་པའི་དཔྱད་པ་རྨད་དུ་བྱུང་བ་མཛད་ནས་རང་འགྲེལ་མིན་པའི་ཞལ་བཞེས་ཐག་ཆོད་པོ་ཞིག་མཛད་འདུག དོན་དངོས་རྩ་ཤེའི་འགྲེལ་ཆེན་བརྒྱད་ཀྱི་གྲངས་འདྲེན་གནང་སྐབས་ག་ལས་འཇིགས་མེད་འགྲེལ་པ་ཀུན་གྱི་ཐོག་མར་འདྲེན་པ་དང་། ཡང་རབ་བྱེད་ཐ་མ་བཞིའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལས་བཤུས་པར་ངོས་འཛིན་པ་གཉིས་ཅུང་མི་བདེ་ལ། གལ་ཏེ་བུདྡྷ་པཱ་ལི་ཏ་ལས་བཤུས་པ་ཡིན་ན། བུདྡྷ་པཱ་ལི་ཏའི་རྗེས་སུ་བརྩམས་པ་ཡིན་དགོས་ལ། དེ་ལྟར་ན་འགྲེལ་པ་བརྒྱད་ཀྱི་ཐོག་མར་འདྲེན་མི་རུང་ལ། བུདྡྷ་པ་ལི་ཏའི་རྗེས་སུ་བརྩམས་པར་ཆ་བཞག་ཀྱང་མ་མཐར་ཡང་སུས་བརྩམས་མིན་དང་། དུས་རབས་གང་དུ་བརྩམས་སོགས་ཀྱི་ཁ་ཕྱོགས་ཙམ་ཞིག་ངོས་འཛིན་མ་ཐུབ་ན་ཁུངས་སྐྱེལ་དཀའ་བར་སེམས། མ་ཟད་ཕྱོགས་སྔ་མ་འདིས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་པ་རྣམས་ག་ལས་འཇིགས་མེད་ལས་བཤུས་པ་རེད་ཅེས་བརྗོད་ཚེ་ཇི་ལྟར་འགྱུར་གྲང་། དུས་མཚུངས་སུ་ག་ལས་འཇིགས་མེད་དུ། ཉན་པ་པོ་དང་མཉན་བྱ་ལ། །ཞེས་སོགས་འདུག་མོད་ཀྱང་། དེ་ནི་མི་ཤེས་པ་ཞིག་གིས་འགྲེལ་པ་དེར་བཅུག་པར་སྣང་ངོ༌། །ཞེས་བཤད་ན་ལན་ཇི་ལྟར་འདེབས། 0dNརྗེ་ཙོང་ཁ་པའི་དྲ་བ།
      གཅིག་མཚུངས་སུ་དཔལ་ལྡན་ས་སྐྱ་བའི་བསྟན་འཛིན་གྱི་གཙོ་བོ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་༢༢(4219-1489)དབུ་མ་ངེས་དོན་རབ་གསལ་དུ། ༢༣ག་ལས་འཇིགས་མེད་རང་འགྲེལ་དུ་རྒྱ་གར་བ་ཁ་ཅིག་དང༌། བོད་སྔ་རབས་རྣམས་ལ་གྲགས་ལ། ཕྱི་མ་དག་རབ་བྱེད་ཉེར་བདུན་པའི་འགྲེལ་པ་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར། འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གསུངས་པ་ནི་མད་པར་སྣང་སྟེ། དེ་རང་འགྲེལ་ཡིན་ན་འགྲེལ་བྱེད་གཞན་རྣམས་ཀྱིས་འགྲེལ་པ་བྱེད་མི་རིགས་པའམ། ཡང་ན་འགྲེལ་བཤད་མཛད་པར་རིགས་པའི་ཕྱིར་དང་། རྟེན་འབྲེལ་བཤད་པའི་སྐབས་སུ་འགྲེལ་པ་གཞན་རྣམས་དང་མི་མཐུན་པར་སྣང་བས། འགྲེལ་པ་གཞན་རྣམས་ཀླུ་སྒྲུབ་ཉིད་ལ་རྒོལ་བར་ཐལ་བའི་ཕྱིར་རོ། །ཞེས་པ་ནས། ཀླུ་སྒྲུབ་མྱ་ངན་ལས་འདས་པའི་རྗེས་སུ་དཔལ་ལྡན་ཆོས་སྐྱོང་༢༤(530-561)གིས་ཆེད་དུ་མཛད་པའི་བཞི་བརྒྱ་པའི་ལུང་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །ཞེས་སོགས་རྒྱས་པར་བསྒྲུབས་ཏེ་རྗེ་ཙོང་ཁ་པ་ལྟར་རང་འགྲེལ་དུ་ཞལ་གྱིས་མི་བཞེས་པའི་ཕྱོགས་སོ། ། 0dNརྗེ་ཙོང་ཁ་པའི་དྲ་བ།
      ད་དུང་འཇམ་པའི་དབྱངས་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་༢༥(1532-1592)གྱིས་མཛད་པའི་ཐལ་བཟློག་གི་དཀའ་གནད་གཏན་ལ་འབེབས་པའི་༢༦ནང་། ཁོ་ན་རེ། མགོན་པོ་ཀླུ་སྒྲུབ་ཀྱི་གཞན་ཕྱོགས་འགོག་པའི་རྩ་བའི་གཞུང་རེ་རེས་ཀྱང་བརྗོད་བྱ་མང་པོ་དོན་གྱིས་བསྟན་པ་ཡིན་ཀྱང་། དེ་ལྟར་གཞུང་རྣམས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བའི་གཞུང་ཡིན་ལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བདག་སྐྱེ་འགོག་པའི་ངག་རྣམས་ནི་དེ་དག་དང་མི་འདྲ་སྟེ། སངས་རྒྱས་བསྐྱངས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་གཞུང་དེ་རྣམས་ཀྱི་འགྲེལ་པ་མཛད་པ་པོ་ཡིན་པ་གང་ཞིག གཞན་ཕྱོགས་འགོག་པའི་དཔེ་རྟགས་ལ་སོགས་པའི་རྣམ་གཞག་རྒྱས་པར་བརྗོད་དགོས་པ་དེ་ནི་འགྲེལ་པ་མཛད་པ་པོ་རྣམས་ཀྱི་ལུགས་ཡིན་པའི་ཕྱིར། ཞེས་ཟེར། དེ་ལ་ཡང་ངེས་པ་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་རང་གི་རྩ་བའི་གཞུང་རྩོད་པ་བཟློག་པའི་འགྲེལ་པ་མཛད་པ་ན། སྦྱོར་བའི་ངག་རྒྱས་པར་མ་གསུངས་པའི་ཕྱིར། འདིས་ནི་རྒྱ་བོད་མང་པོས་ག་ལས་འཇིགས་མེད་རང་འགྲེལ་ཡིན་ཟེར་བ་ཡང་ཁེགས་པ་ཡིན་ཏེ། དེ་རང་འགྲེལ་ཡིན་ན་འདིར་ཟུར་ཙམ་ཞིག་འབྱུང་དགོས་པ་ལས་མ་བྱུང་བའི་ཕྱིར་རོ། །ཞེས་སོགས་གསུངས། 0dNརྗེ་ཙོང་ཁ་པའི་དྲ་བ།
      ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་གྱིས་མི་བཞེས་མཁན་ཕྱི་ནང་མི་རིགས་ཀྱི་དེང་དུས་མཁས་པའི་ཁྲོད་དུ། སྤྱི་ལོའི་དུས་རབས་གསུམ་པའི་ནང་ག་ལས་འཇིགས་མེད་ཅེས་པའི་རྒྱ་གར་ནང་པའི་སློབ་དཔོན་ཞིག་བྱོན་ནས་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་དེས་བྱས་པར་འདོད་མཁན་ཡང་བྱུང་བ་དཔེར་ན། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་རྒྱ་གར་ཆོས་འབྱུང་དུ། ༢༧ད་ནི་གོང་གསལ་ཁག་གི་གྲུབ་དོན་སྙིང་པོ་ནི། སློབ་དཔོན་ཀླུ་སྒྲུབ་(c.150-250)དང་། འཕགས་པ་ལྷ་(c.170-270)དང་། དགྲ་ཅན་འཛིན་བཟང་པོ་(c.200-300)དང་། འཕགས་པ་ཐོགས་མེད་(c.395-470)དང་། དབྱིག་གཉེན་(c.400-480)དང་། ཕྱོགས་གླང་(c.480-540)བཅས་ཀྱི་དུས་རབས་ནི་མཁས་པ་གོང་མ་དག་གིས་གཏན་འབེབས་མཛད་པ་ལྟར་དོན་ལ་གནས་པར་སེམས་ཀྱང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དུས་རབས་ཅུང་ཟད་ཕྱིས་འགྱངས་སུ་གྱུར་པའི་ཞན་ཆ་ཡོད་པར་སེམས་ཏེ། ཁོ་བོ་ནི་སངས་རྒྱས་བསྐྱངས་(c.230-330)དང་ག་ལས་འཇིགས་མེད་མཁན་པོ་(c.260-360)གཉིས་གུག་ཤད་ནང་དོན་ལྟར་ཚོད་དཔག་བྱས་པ་ཡིན་ཅིང་། འོན་ཀྱང་དཔྱད་པ་རྫོགས་པའི་གྲུབ་དོན་རྙེད་པ་ཞིག་མིན་པས་ད་དུང་མཁས་པ་རྣམ་པས་དཔྱད་པ་མཛོད་ཅིག ཅེས་དཔྱད་གཞིའི་ཡུལ་དུ་བཞག་གོ ། 0dNརྗེ་ཙོང་ཁ་པའི་དྲ་བ།
      ག་ལས་འཇིགས་མེད་དུ་རྩ་ཤེའི་གཞུང་ཚིག་དང་བཞི་བརྒྱ་པའི་ལུང་ཕུད་དེ་མིན་གྱི་ལུང་ཕལ་མོ་ཆེ་མདོ་ལུང་དུ་གྲགས་པས། འདི་རང་འགྲེལ་ཡིན་པར་འདོད་པ་ལ་གློ་བ་དགའ་ཡང་། རང་ཉིད་ཀྱི་བསམ་ཚུལ་ངོ་མ་ནི། རྩ་ཤེའི་འགྲེལ་བྱེད་ཀྱི་གཙོ་བོ་སློབ་དཔོན་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ཀྱི་འགྲེལ་པར་ག་ལས་འཇིགས་མེད་ཀྱི་ཟུར་ཙམ་ཡང་མ་བྱུང་བ་མ་ཟད། ལྷག་དོན་སློབ་དཔོན་ཟླ་བ་གྲགས་པས་རྩ་ཤེའི་འགྲེལ་པ་ཚིག་གསལ་གྱི་མཛད་བྱང་དུ། ༢༨མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་འཕྲེང་དང་ཡང་དག་བསྟོད་པ་དང་། འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང་། རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དང་། གང་ཡང་བརྩོད་པ་རྣམ་པར་བཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་། གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། དེ་དག་བསྡམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། ཞེས་འགྲེལ་པ་ཚིག་གསལ་རྩོམ་སྐབས་གཞི་བཅོལ་སའི་བསྟན་བཅོས་གལ་ཆེ་ཚང་མའི་མཚན་དང་བརྒྱུད་པ་སོགས་དྲངས་པའི་ནང་ག་ལས་འཇིགས་མེད་ཀྱི་མིང་ཙམ་ཡང་མེད་པ་འདིས་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དཔྱོད་པ་ལ་གནད་འགག་ཆེ་ཤོས་དང་ཁུངས་བཙན་ཤོས་ཀྱི་གནས་བབ་བཟུང་ཡོད། གོང་གི་རྒྱུ་མཚན་འདི་དག་ལ་གཞིགས་ན་སློབ་དཔོན་ཟླ་བ་གྲགས་པའི་དུས་རབས་ཀྱི་ཕྱི་མ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་དུས་རབས་ཏེ། དུས་རབས་བརྒྱད་པའི་ནང་གཞན་ཞིག་གིས་བརྩམས་ཏེ་འཕྲིན་ལས་རྒྱས་པའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གཡར་བ་མིན་ནམ་སྙམ། རྒྱུ་མཚན་ནི། ལྡོག་ཕྱོགས་ནས་བསམ་བློ་བཏང་ཚེ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་དུ་ག་ལས་འཇིགས་མེད་རང་འགྲེལ་དུ་བཤད་པ་དང་། རྩ་ཤེ་ལ་འགྲེལ་པ་བརྒྱད་ཡོད་ཅེས་འགྲེལ་པ་བརྒྱད་དྲངས་ཏེ། དེ་རྣམས་ཀྱི་ཐོག་མར་ག་ལས་འཇིགས་མེད་དྲངས་པ་སོགས་འདི་ཀུན་གྱི་ཐོག་མའི་བྱེད་པོ་དེ་སྤྱན་རས་གཟིགས་བརྟུལ་ཞུགས་ཉིད་ཡིན་བཟོ་ཆེ་བས། ག་ལས་འཇིགས་མེད་འདི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་དུས་རབས་སུ་གཞན་ཞིག་གིས་བརྩམས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གཡར་བ་ལ་དོགས་པ་ཡོད་ཅིང་། དེའི་ནང་ནས་ཀྱང་སྤྱན་རས་གཟིགས་བརྟུལ་ཞུགས་རང་ཉིད་ཀྱིས་བྱས་པ་ལ་དོགས་པ་ཆེ་ཤོས་ཆགས་ཡོད། ག་ལས་འཇིགས་མེད་རྩོམ་མཁན་གྱིས་འཕྱུགས་ས་གཙོ་བོ་དང་བསམ་བློ་མ་འཁོར་སའི་གནད་འགག་གཙོ་བོ་ནི། རབ་བྱེད་ཉེར་བདུན་པའི་འགྲེལ་པའི་ཐད་དུ་འཕགས་པ་ལྷའི་ལུང་དྲངས་པ་དང་། མཛད་བྱང་དུ་ཀླུ་སྒྲུབ་ཀྱི་མཚན་གཡར་བ་གཉིས་འཚམ་པོ་ཡོད་མིན་ལ་རྟོག་ཞིབ་ཟབ་མོ་མ་བྱུང་བའི་རྐྱེན་གྱིས་ཛོར་རྟགས་འདི་གློད་པར་སེམས། དེ་ལྟར་ཕྱོགས་ཡོངས་ནས་དཔྱད་མཐའི་གྲུབ་དོན་ནི། ག་ལས་འཇིགས་མེད་འདི་དུས་རབས་བརྒྱད་པའི་ནང་ལེགས་ལྡན་གྱི་རྗེས་འབྲང་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བྱས་པར་ཆ་བཞག་ཚེ་དོན་དངོས་དང་ཐག་ཉེ་ཤོས་ཡིན་ཀྱང་། དཔྱད་པ་རྫོགས་པའི་གྲུབ་དོན་ད་དུང་ཡང་མ་རྙེད་པར་བརྟེན། རྣམ་དཔྱོད་འགྲན་ཟླ་བྲལ་བའི་མཁས་དབང་རྣམ་པས་དཔྱད་པ་མུ་མཐུད་མཛད་པར་ཞུ། གང་ལྟར་གོང་དུ་ཞུས་པ་རྣམས་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ཙམ་ལས་ཡིད་བརྟན་འཕེར་བའི་ངེས་ཚིགས་ཞུ་རྒྱུ་མེད་ལགས་ན། མཁས་དབང་རྣམ་པས་དཔྱད་གཞིའི་ཡུལ་དུ་འཇོག་རོགས་ཞུ་རྒྱུ་དང་། དཔྱད་གཞིའི་རྐྱེན་དུ་ཐུགས་ཕན་ཅུང་ཟད་གསོ་ཐུབ་པའི་རེ་བ་ཞུ་རྒྱུ་བཅས། སེར་བྱེས་དགེ་བཤེས་ལྷུན་གྲུབ་ཆོས་ལྡན་གྱིས་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༡༥ ཉིན་སྤེལ། ། 0dNརྗེ་ཙོང་ཁ་པའི་དྲ་བ།
དཔྱད་གཞིའི་ཡིག་ཆ།0dNརྗེ་ཙོང་ཁ་པའི་དྲ་བ།
༡ ཀླུ་སྒྲུབ་ཀྱི་འཁྲུངས་འདས། ཕྱི་ལོ་༡༥༠-༢༥༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༣༣ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༢རྩ་ཤེའི་འགྲེལ་པ་བརྒྱད་ཀྱི་གྲངས་འདྲེན། རྗེ་ཙོང་ཁ་པའི་གསུང་འབུམ་དེབ། ཕ། ཤོག་གྲངས། ༤༡༩ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༨༧ ཟླ་༡༠ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༣ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་འདས། ཕྱི་ལོ་༧༤༢-༧༩༧ ཆ་རིས་སྐལ་བཟང་ཐོགས་མེད་ཀྱི་བོད་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་མཐའ་དཔྱོད་གཅེས་བསྡུས། ཤོག་གྲངས། ༩༢-༩༣ མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༠ ཟླ་༤ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། སྟོད་ཆ། ཤོག་གྲངས། ༢༧༧ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌། ཕྱི་ལོ་༢༠༠༦ ལོར་དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༤མཁན་ཆེན་ཞི་བ་འཚོའི་འཁྲུངས། ཕྱི་ལོ་༧༢༥-༧༩༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༣༨༠གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༥བསམ་ཡས་གཙུག་ལག་ཁང་ཕྱག་བཏབ་ལོ་དང་གྲུབ་ལོ། ཕྱི་ལོ་༧༦༢-༧༦༦ རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཤོག་གྲངས། ༡༡༩ མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦ ཟླ་༡ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༦ག་ལས་འཇིགས་མེད་ཀྱི་མཛད་བྱང་། བསྟན་འགྱུར་དཔེ་བསྡུར་མ། དེབ་ཨང་། ༥༧ དབུ་མ། ཙ། ཤོག་གྲངས། ༢༥༥ བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་། བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦ ལོར་དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༧རྗེ་ཙོང་ཁ་པའི་འཁྲུངས་འདས། ཕྱི་ལོ་༡༣༥༧-༡༤༡༩ བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། ཤོག་གྲངས། ༢༡༨༨ མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༦ ཟླ་༥ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༨དྲང་ངེས་ལེགས་བཤད་སྙིང་པོ་བརྩམས་ལོ། ཕྱི་ལོ་༡༤༠༧ བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། ཤོག་གྲངས། ༣༢༤༤ མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༦ ཟླ་༥ དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༩འཕགས་པ་ལྷའི་འཁྲུངས་འདས། ཕྱི་ལོ་༡༧༠-༢༧༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༣༥ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༡༠སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་འཁྲུངས་འདས། ཕྱི་ལོ་༧༠༠- ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༣༧༧ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༡༡ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ། བསྟན་འགྱུར་དཔེ་་བསྡུར་མ། དེབ་ཨང་། ༥༨ དབུ་མ། ཝ། ཤོག་གྲངས། ༨༦༨ བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་། བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦ ལོར་དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༡༢རྗེ་ཙོང་ཁ་པའི་གསུང་འབུམ་དེབ། ཕ། ཤོག་གྲངས། ༤༢༠ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༨༧ ཟླ་༡༠ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༡༣སངས་རྒྱས་བསྐྱངས་ཀྱི་འཁྲུངས་འདས། ཕྱི་ལོ་༢༣༠-༣༣༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༣༦༨ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༡༤ལེགས་ལྡན་འབྱེད་ཀྱི་འཁྲུངས་འདས། ཕྱི་ལོ་༥༠༠-༥༧༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༣༦༨ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༡༥ཟླ་བ་གྲགས་པའི་འཁྲུངས་འདས། ཕྱི་ལོ་༦༠༠-༦༥༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༣༦༨ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར0dNརྗེ་ཙོང་ཁ་པའི་དྲ་བ།
༡༦བསྟན་འགྱུར་དཔེ་བསྡུར་མ། དེབ་ཨང་། ༥༧ དབུ་མ། ཙ། ཤོག་གྲངས། ༢༥༣ བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་། བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦ ལོར་དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༡༧མཁས་གྲུབ་རྗེའི་འཁྲུངས་འདས། ཕྱི་ལོ་༡༣༨༥-༡༤༣༨ དུང་དཀར་ཚིག་མཛོད་ཆེན་མོ། སྟོད་ཆ། ཤོག་གྲངས། ༤༣༤ ༤༣༥ བོད་རིག་པ་དཔེ་སྐྲུན་ཁང༌། ཕྱི་ལོ༢༠༠༢ ལོར་དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༡༨སྟོང་ཐུན་སྐལ་བཟང་མིག་འབྱེད། ཤོག་གྲངས། ༡༤༡ དགའ་བྱང་དཔེ་མཛོད། པོད་ཕྲེང་།༦ ཕྱི་ལོ་༢༠༠༦ ཐའི་ཝན་དཔར་མ། 0dNརྗེ་ཙོང་ཁ་པའི་དྲ་བ།
༡༩རྒྱལ་དབང་དགེ་འདུན་གྲུབ་ཀྱི་འཁྲུངས་འདས། ཕྱི་ལོ་༡༣༩༡-༡༤༧༤ དུང་དཀར་ཚིག་མཛོད་ཆེན་མོ། སྟོད་ཆ། ཤོག་གྲངས། ༦༧༠ ༦༧༡ བོད་རིག་པ་དཔེ་སྐྲུན་ཁང༌། ཕྱི་ལོ༢༠༠༢ ལོར་དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༢༠སི་ཏུ་རྣམ་རྒྱལ་གྲགས་པའི་དྲི་ལན། རྗེ་དགེ་འདུན་གྲུབ་ཀྱི་གསུང་འབུམ་དེབ་དགུ་པ། ཤོག་གྲངས། ༣༧༥ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཕྱི་ལོ་༢༠༡༡ ཟླ་༦ དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༢༡ཡེ་ཤེས་སྙིང་པོའི་འཁྲུངས་འདས། ཕྱི་ལོ་༧༠༠-༧༦༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༣༩༣ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༢༢ཀུན་མཁྱེན་གོ་རམས་པའི་འཁྲུངས་འདས། ཕྱི་ལོ་༡༤༢༩-༡༤༨༩ དུང་དཀར་ཚིག་མཛོད་ཆེན་མོ། སྟོད་ཆ། ཤོག་གྲངས། ༥༢༥-༥༢༦ བོད་རིག་པ་དཔེ་སྐྲུན་ཁང༌། ཕྱི་ལོ༢༠༠༢ ལོར་དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༢༣དཔལ་ལྡན་ས་སྐྱའི་གསུང་རབ་གྲགས་ཆེན་བཅོ་བརྒྱད། པོད་བཅུ་བཞི་པ། ཤོག་གྲངས། ༡༢ བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༡ ཟླ་༥ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༢༤ སེམས་ཙམ་པའི་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གི་འཁྲུངས་འདས། ཕྱི་ལོ་༥༣༠-༥༦༡ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༡༩༣ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༢༥སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་འཁྲུངས་འདས། ཕྱི་ལོ་༡༥༣༢-༡༥༩༢བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། ཤོག་གྲངས། ༣༢༥༦དང་༣༢༦༡ མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༦ ཟླ་༥ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༢༦སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་ཐལ་བཟློག་གི་དཀའ་གནད་གཏན་འབེབས། ཤོག་གྲངས་༧༤ སེར་བྱེས་དཔེ་མཛོད་ཁང་གིསཕྱི་ལོ་༢༠༠༩ ལོར་དཔར།0dNརྗེ་ཙོང་ཁ་པའི་དྲ་བ།
༢༧ ག་ལས་འཇིགས་མེད་མཁན་པོ། ཕྱི་ལོ་༢༦༠-༣༦༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས།༩༢ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཟླ་༨ དཔར། 0dNརྗེ་ཙོང་ཁ་པའི་དྲ་བ།
༢༨༡༦བསྟན་འགྱུར་དཔེ་བསྡུར་མ། དེབ་ཨང་། ༦༠ དབུ་མ། འ། ཤོག་གྲངས། ༤༨༡-༤༨༢ བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་། བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦ ལོར་དཔར།0dNརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K